གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅོ་བརྒྱད་པའི་ཉིན་གཉིས་པའི་གནས་བསྡུས།

དེ་རིང་སྟེ་བོད་ས་ཕག་ལོའི་བོད་ཟླ་༣པའི་ཚེས་༡༦དང་ཕྱི་ཚེས་༢༠༡༩ལོའི་ཟླ་༥ཚེས་༢༠ཉིན་གྱི་སྔ་དྲོའི་ཆུ་ཚོད་༩/༣༠སྟེང་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅོ་བརྒྱད་པའི་ཉིན་གཉིས་པའི་བགྲོ་གླེང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཚོགས་ཁང་ཆེན་མོའི་ནང་འཚོགས་པ་དང་།

ཉིན་འདིའི་སྔ་དྲོའི་བགྲོ་གླེང་གཙོ་སྐྱོང་བ་རག་བཙུན་གཡུང་དྲུང་ཉི་མས་གཙོ་སྐྱོང་འོག ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་ལགས་ནས་༼ལྷོ་གཏེར་བོད་ཀྱི་ཐེག་པ་རིམ་དགུའི་ལྟ་གྲུབ་ངོ་སྤྲོད་མདོར་ཙམ།༽ཞེས་པའི་བརྗོད་གཞི་ལས་འཕྲོས་པའི་གཏམ་བཤད་གནང་ཡོད་པ་དང་། དེ་ཡང་ཕྱྭ་གཤེན་ཐེག་པའི་གཞུང་གི་ལྟ་བ་ངོས་འཛིན་དང་། སྤྱིའི་དབྱེ་བ། མདོར་བསྡུས་གྲངས་ཀྱི་རྣམ་གྲངས། རྣམ་གྲངས་དག་གི་གོ་དོན། སྣང་གཤེན་གྱི་མཚན་འབྲུའི་འགྲེལ་བརྗོད། དེ་ཡང་སྣང་གཤེན་ཐེག་པའི་གྱེར་སྒོ་བཞི་དང་། སྐད་ཀྱི་གཅོང་དགུ་སོགས་སྐད་གཅོང་གི་དབྱེ་བ་དང་། རང་རང་གི་ཆོ་གའི་གནས་སྐབས་དང་བསྟུན་པའི་གྱེར་སྟངས། གཏང་རག་བཞི་བཅུ་རྩ་གཉིས་སོགས་བརྗོད་བྱ་ཞིབ་འགྲེལ་གྱིས་ཐེག་པ་འདིའི་རང་གཞུང་གི་སྤྱོད་སྒོ་དང་། ཉམས་སུ་ལེན་སྟངས། འཕྲུལ་གཤེན་ཐེག་པ་ལའང་ཐེག་པ་འདིའི་གཞུང་དང་ལྟ་བ་ངོས་འཛིན། དེ་བཞིན་དུ་འཇུག་སྒོ། རྫུ་འཕྲུལ་བཅུ་གསུམ་སོགས་དང་། སྲིད་གཤེན་ཐེག་པ་ལའང་གཞུང་གི་ངོས་འཛིན་དང་། འདུར་ཐབས། བླ་ཡིད་སེམས་གསུམ་ངོས་འཛིན་སོགས་བགྱིས་པ་དང་། གོང་གི་ཐེག་པ་འདི་དག་འཇིག་རྟེན་ཕན་བདེ་སྒྲུབ་པའི་ཐེག་པ་རུ་ངེས་འཛིན་དགོས་སྐོར་དང་།

དེ་བཞིན་འབྲས་ཐེག་ལྔ་བཅས་ཀྱི་ལྟ་སྤྱོད་སྒོམ་གསུམ་སོགས་རྒྱལ་འཕགས་སོགས་ཀྱི་བཀའ་ལུང་དྲི་མ་མེད་པ་དག་ལ་ཁུངས་གཏུག་གིས་བརྗོད་བྱ་ཟབ་རྒྱས་ཀྱིས་གཏམ་བཤད་མཇུག་གྲུབ་མཚམས་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ཁྲི་གཡུང་དྲུང་ལགས་ནས་བཀའ་དྲིན་མཚོན་བྱེད་ཀྱི་ཕྱག་རྟགས་ཕུལ་ཡོད་པ་རེད།
ཉིན་གཉིས་པའི་སྔ་དྲོའི་ཆུ་ཚོད་༡༡/༣༠སྟེང་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་ཆེན་གྱི་ཕུར་པ་རྒྱལ་ལགས་ནས་༼ཞང་ཞུང་གི་ཡི་གེ་བྱུང་ཁུངས་སྐོར་ལ་དཔྱད་པ།༽ཞེས་པའི་བརྗོད་གཞིའི་སྟེང་ནས་གསུང་བཤད་གནང་ཡོད་པ་དང་། དེ་ཡང་བརྗོད་གཞི་སྡེ་ཚན་དྲུག་གི་སྒོ་ནས་དཔྱད་བརྗོད་སྤེལ་འདུག་ལ།
༡ ཞང་ཞུང་གི་ཡི་གེ་ཐོག་མའི་བྱུང་ཁུངས།
༢ དཔའ་བོ་འབྲུ་ལྔ་བྱུང་ཚུལ།
༣ དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་བྱུང་ཚུལ།
༤ འཕྲུལ་ཡིག་བཞི་བཅུའི་སྒྲ་གདངས་སྐོར།
༥ འཕྲུལ་ཡིག་བཞི་བཅུའི་སྐྱེ་གནས་དང་ཀློག་ཚུལ་ཐང་བབ་སྐོར།
༦ ཞང་ཞུང་གི་ཡི་གེ་ཡོད་པའི་སྒྲུབ་བྱེད་བཅས་ཕྱི་ནང་གསང་གསུམ་གྱི་དཔའ་བོ་འབྲུ་ལྔའི་ཁྱད་པར་དང་། ནང་ཚན་ཡིག་འབྲུ་གང་ལས་འཕྲུལ་ཡིག་གང་དག་གྲུབ་ཚུལ།

འབྱུང་ལྔའི་ཁམས་གང་ལ་སྦྱར་ཚུལ། འཕྲུལ་ཡིག་དེ་དག་སྒྲའི་གནས་བརྒྱད་གང་ལས་བྱུང་ཚུལ་སོགས་བསེད་བཀྲོལ་གྱིས་མཇུག་མཐར་དྲི་བ་དྲི་ལན་གྱི་ལས་རིམ་གྱིས་ཉིན་གཉིས་པའི་སྔ་དྲོའི་བགྲོ་གླེང་ལས་རིམ་མཇུག་གྲུབ་ཡོད་པ་རེད།
གོང་ཚེས་ཉིན་རྒྱབ་ཆུ་ཚོད་༢/༣༠སྟེང་བོན་གཞིས་སློབ་དགེ་རྒན་པད་མ་དགྲ་འདུལ་ལགས་ནས་༼གཡུང་དྲུང་བོན་གྱི་ཤེས་རིག་ལ་བལྟ་སྟངས།༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་ཡོད་པ་དང་། དེ་ཡང་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ནམ་མཁའི་ནོར་བུ་སོགས་རྒྱ་བོད་དབྱིན་གསུམ་གྱི་མཁས་པ་དག་གིས་བོན་ཕྱོགས་ལ་གཟིགས་པའི་མྱོང་སྣང་དང་། ཡིག་ཚགས་དང་གནའ་རྫས་ཞིབ་འཇུག བོད་ས་ནས་བསྔོགས་འདོན་བྱས་པའི་མི་རུས་སོགས་ཟུང་འབྲེལ་གྱིས་འཁྱོག་བརྗོད་ཅན་གྱི་ལོ་རྒྱུས་རྒྱབ་ལྗོངས་ཀྱི་ངོ་བོ་གསལ་འདོན་བཅས་མི་རིགས་ཤིག་གི་རིག་གནས་ཀྱི་རྒྱབ་ལྗོངས་ནི་དུས་ཡུན་རིང་མོ་ཞིག་ལ་འཕེལ་འགྱུར་བྱེད་དགོས་རྐྱེན་ང་ཚོས་བོན་གྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཙལ་ན་ད་གཟོད་བོད་གདོད་མའི་ཤེས་རིག་གི་འབབ་རྒྱུན་རིང་དུ་ཡོད་པའི་སྒྲུབ་བྱེད་རྙེདཐུབ་ཅེས་གཏམ་བཤད་ཀྱིས་གསུང་བཤད་མཇུག་བསྡུས་ཡོད་པ་རེད།
ཆུ་ཚོད་༣/༣༠སྟེང་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་ཆེན་གྱིས་དགེ་རྒན་ཆེན་མོ་དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ་ལགས་ནས་༼ཞང་ཞུང་གི་ས་ཡི་རྒྱ་ཁྱོན་སྐོར་ལ་དཔྱད་པ།༽ཞེས་པའི་བརྗོད་གཞིའི་སྟེང་ནས་གཏམ་བཤད་སྤེལ་ཡོད་འདུག་ལ། དེ་ཡང་ཞང་ཞུང་གི་“ཞང”ཞེས་པའི་ཐ་སྙད་འདི་ཡོངས་གྲགས་སུ་ཡུལ་ལམ་ལུང་པ་ལ་གོ་བཞིན་ཡོད་ལ། འགའ་ཞིག་གིས་ཞང་ཞུང་ཞེས་པའི་“ཞང”དེ་ཨ་ཞང་གི་ཞང་དེ་ཡིན་པར་འགྲེལ་བརྗོད་བྱེད་མཁན་ཡང་འདུག་ལ། རྒྱུ་མཚན་དང་ལྡན་པ་ཞིག་ཡིན་པ་བརྗོད་དཀའ་ཡང་། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་༼མཉམ་མེད་ཆེན་པོར་བསྟོད་ཚིག་རྣམ་རྒྱལ་ཁང་བཟང་ཡོན་ཏན་བང་མཛོད་ཀྱི་འགྲེལ་ཉུང་ཐུས་ཀུན་གསལ་ལྡེ་མིག༽ལས་“ཞང་ཞུང་གི་ཡུལ་ཞེས་པ། དོན་འགྱུར་མེད་བོན་གྱི་ཞང་པོ་བོན་ལ་གུས་བརྒྱ་ཞུང་སྟེ་བྱེད་པའི་ཡུལ་ཆེན་དུ་སད་ནེ་ལྷ་ནི་གཅེན་པོ་སྟེ་མི་གའུ་ཞེས་སུ་གྲགས་པའི་ལོ་པཎ་ཆེན་པོ་ཞེས་བྱ།”ཞེས་པའི་ལུང་ཚིག་གི་རྒྱབ་ལྗོངས་ན་ཞང་པོ་ལ་ཚ་བོས་ཞེ་ས་ཞུས་པ་ལས་ཞང་ཞུང་ཐོགས་པ་ཨེ་ཡིན་བསམ་པའི་དོགས་པ་ཞིག་ཀྱང་འདུག་སྙམ་ཞེས་རང་གི་བསམ་ཚུལ་བརྗོད་པ་དང་། རྒྱ་ཆེ་བའི་དབང་དུ་བྱས་པའི་ཞང་ཞུང་གི་ས་ཁོངས་དང་། རྒྱ་ཆུང་བའི་དབང་དུ་བྱས་པའི་ཞང་ཞུང་གི་ས་ཁོངས།

ཞང་ཞུང་སྒོ་ཕུག་བར་གསུམ་གྱི་སྐད་ཀྱི་དབྱེ་བ་བཅས་ཞང་ཞུང་ཡུལ་གྱི་དབྱེ་སྒོ་དང་། དེང་ས་གནས་གང་དུ་གཏོགས་པ། རྒྱལ་ཁབ་གང་གི་མངའ་ཁོངས་སུ་འདུས་པ་སོགས་བརྗོད་གཞི་རྒྱས་འགྲེལ་གྱིས་ཉིན་གཉིས་པའི་གསུང་བཤད་དཔོན་སློབ་རྣམ་པའི་བགྲོ་གླེང་ཡོངས་སུ་མཇུག་གྲུབ་པར་བྱས་ཡོད་པ་རེད།

མཐར་བོན་ཕྲུག་བདེ་དོན་དང་། བཙུན་དགོན་རད་ན་སྨན་གླིང་། བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་ཁ་ཤས་ནས་རང་མོས་བགྲོ་གླེང་གིས་ཉིན་གཉིས་པའི་བགྲོ་གླེང་ཡོངས་སུ་མཇུག་གྲུབ་པ་བཅས་སོ། །

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅོ་བརྒྱད་པའི་ཉིན་གཉིས་པའི་གནས་བསྡུས།