གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤བའི་དབྱིན་ཡུལ་དུ་འགྲོ་དོན་བསྐྱངས་པའི་གནས་བསྡུས།

༧འཛམ་གླིང་བོན་གྱི་གཙུག་རྒྱན་༧དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ཆེན་མོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་དོན་དུ་ཕེབས་འཆར་གྱི་མཛད་རིམ་ས་གནས་སོ་སོའི་གསལ་བསྒྲགས་སྔོན་སོང་བཞིན་ཡིན་ལ། དེ་ཡང་ཕྱི་ལོ་༢༠༡༩ཟླ་༥ཚེས་༢༠ཉིན་གྱི་སྔ་དྲོའི་ཕྱག་ཚོད་༨།༣༠ཐོག་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ཆེན་མོ་མཆོག་སྨན་རིའི་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་སྔར་སྲོལ་བཞིན་བསྟན་སྲུང་དམ་ཅན་རྒྱ་མཚོའི་སྡེར་འཕྲིན་བཅོལ་དང་གཏད་གཉེར་མཛད་རྗེས་༧སྐྱབས་རྗེའི་སྟོན་འཁོར་དང་བཅས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་ཐོན་གྱིས་ཕྱི་དྲོའི་ཕྱག་ཚོད་༥།༠༠ཐོག་རྒྱ་གར་རྒྱལ་ས་ལྡི་ལིའི་གནམ་ཐང་ཉེ་འགྲམ་མགྲོན་ཁང་JW Marriott དུ་བདེ་འཚམས་ངང་ཞབས་སོར་འཁོད་རྗེས་ཉིན་གཅིག་རིང་སྐུ་ངལ་གསོས་ཡོད་པ་དང་།

ཕྱི་ཚེས་༢༢ཉིན་ཆུ་ཚོད་༢།༠༠ཐོག་ལྡི་ལིའི་གནམ་ཐང་ནས་མཁའ་ལམ་བརྒྱུད་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཆིབས་བསྒྱུར་བསྐྱངས་ནས་ལོན་ཌོན་གྱི་ཞོགས་པའི་ཕྱག་ཚོད་༧།༣༠ཐོག་ལོན་ཌོན་རྒྱལ་སྤྱིའི་གནམ་ཐང་ཧེ་ཐོ་རོ(Heathrow)རུ་བདེ་འཚམས་ངང་ཞབས་སོར་འཁོད་རྗེས་གནམ་ཐང་དུ་ཕེབས་བསུ་བ་དབྱིན་ཡུལ་བོད་ཀྱི་གཡུང་དྲུང་བོན་འཆད་ཉན་ཁང་གི་དབུ་བླ་ཁྱིམ་གསར་བླ་མ་ཕུན་ཚོགས་བཀྲ་ཤིས་གཙོས་ཚོགས་མི་ལྷན་རྒྱས་ཀྱིས་དར་དཀར་གྱི་སྣེ་དྲངས་ནས་བསུ་ཐོན་གྱིས་བོན་ཚོགས་སྐུ་གསུམ་ལྷུན་གྲུབ་གླིང་གི་ལྷ་ཁང་དུ་བདུག་སྤོས་དྲི་ཞིམ་དྭངས་མའི་ཐོག་དྲངས་ཀྱིས་གསེར་ཁྲིར་མངའ་གསོལ་མཛད།

ཕྱི་ཚེས་༢༣ ཉིན་སྟོན་འཁོར་ལྷན་རྒྱས་སྐུ་ངལ་གསོས་ནས་ཕྱི་ཚེས་༢༤ཞོགས་པའི་ཕྱག་ཚོད་༡༠།༠༠ཐོག་ཁྱིམ་གསར་བླ་མ་མཆོག་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གཟིམ་ཆུང་སྒོམ་རྟོགས་འབར་བའི་གནས་ནས་ཕེབས་ཐོན་གྱིས་སྐུ་གསུམ་ལྷུན་གྲུབ་གླིང་གི་ལྷ་ཁང་དུ་གདན་ཞུས་ཀྱིས་མི་འཇིགས་གཅན་ལྔས་བཏེགས་པའི་ཁྲི་ལ་འཁོད་མཚམས་སུ། ཕྱི་རྒྱལ་ཡུལ་གྲུ་མང་པོ་ནས་ཕེབས་པའི་དད་ལྡན་སློབ་མ་རྣམས་ནས་སྐྱབས་འགྲོ་དང་།

སྡིག་བཤགས་ཀྱི་ཚིག་བཤད་སོགས་དབྱངས་སུ་གྱེར་རྗེས་༧སྐྱབས་རྗེ་མཆོག་ནས་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་ལྗགས་ལུང་དང་འབྲེལ་འཆད་ཁྲིད་དབུ་འཛུགས་གནང་ཡོད་པ་དང་། དབྱིན་ཡུལ་བོད་ཀྱི་གཡུང་དྲུང་བོན་གྱི་འཆད་ཉན་ཁང་གི་དབུ་བླ་ཁྱིམ་གསར་བླ་མ་མཆོག་ནས་སྐད་བསྒྱུར་གནངས། ཕྱི་དྲོའི་ཕྱག་ཚོད་༡།༤༥བར་ཁྲིད་ལུང་གནང་ཡོད་པ་དང་། དེ་རྗེས་སྟོན་འཁོར་ལྷན་རྒྱས་ནས་ཉིན་གུང་གསོལ་ཚིགས་མཆོད་ནས་མུ་མཐུད་དུ་ཁྲིད་ལུང་རྒྱུན་བསྐྱངས་གྲུབ་རྗེས། མཐར་གཡུང་དྲུང་ཚེ་དཔག་མེད་ཀྱི་དཔེ་ལུང་གནང་ནས་ཆུ་ཚོད་༤།༠༠སྟེང་ཁྲིད་ལུང་མཇུག་ཡོངས་སུ་གྲུབ་པར་མཛད་པའོ།

ཕྱི་ལོ་༢༠༡༩ཟླ་༥ཚེས་༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༤༥ ཐོག་དབྱིན་ཡུལ་བོད་ཀྱི་གཡུང་དྲུང་བོན་གྱི་འཆད་ཉན་་ཁང་གི་དབུ་འཛིན་ཁྱིམ་གསར་བླ་མ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གཟིམ་ཆུང་ནས་སྤོས་བསང་ཞིང་ཁམས་བདུག་བཟང་གིས་སྣེ་འདྲེན་གྱིས་སྐུ་གསུམ་ལྷུན་གྲུབ་གླིང་གི་ལྷ་ཁང་དུ་ཞབས་སྐོར་ལེན་གསུམ་གནང་རྗེས་གསེར་ཁྲིར་བཞུགས་གསོལ་གྲུབ་ཡོད་པ་དང་།

ཁྱིམ་གསར་བླ་མ་ཕུན་ཚོགས་བཀྲ་ཤིས་གཙོས་སློབ་མ་ཡོངས་ནས་གཤེན་བསྟན་འཛིན་པ་ཡོངས་ཀྱི་མཆོད་པའི་རྒྱན་དུ་བརྟན་བཞུགས་སུ་དམིགས་ནས་མཎྜལ་འདེགས་འབུལ་སོགས་ཀྱི་ཆོ་ག་ལེགས་པར་གྲུབ་རྗེས།

སྟོན་འཁོར་ལྷན་རྒྱས་ནས་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་སེང་བའི་སེང་གེའི་བཀའ་དབང་ཟབ་མོའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་སྔོན་འགྲོའི་དབུ་འདོན་སོགས་ཆོ་ག་དབུ་འཛུགས་གནང་བ་དང་། དབང་བཤད་སོགས་ཁྱིམ་གསར་བླ་མ་ནས་དབྱིན་སྐད་ཐོག་ནས་སྐད་བསྒྱུར་བྱས་པ་དང་།

དེ་ཡང་༧སྐྱབས་རྗེ་མཆོག་ནས་དབང་གི་དམ་ཚིག་སྐབས་གསུང་རྒྱུར་ད་ལམ་གྱི་དབང་གི་དམ་ཚིག་ནི་སློབ་མ་དད་ལྡན་རྣམས་ནས་ཉམས་ལེན་མུ་མཐུད་ནས་གནང་དགོས་པ་ནི་ད་ལན་སྨྲ་སེང་གི་དབང་ཞུ་དགོས་པའི་དམ་ཚིག་ཡིན་པ་དང་འབྲེལ་ལེགས་ཉེས་བླང་དོར་གྱི་བཀའ་སློབ་ཉིང་བསྡུས་ཤིག་བསྩལ་རྗེས་༧སྐྱབས་རྗེ་མཆོག་ནས་སྐུ་གསུམ་ལྷུན་གྲུབ་གླིང་དུ་མཆོད་པའི་རྟེན་དུ་སྟོན་པའི་སྐུ་ཐང་བྲིས་མ་ཞིག་གནང་ཡོད་པ་དང་།
མཐར་སློབ་མ་རྣམས་ནས་སྙིང་པོ་རྣམ་གསུམ་དབྱངས་སུ་གྱེར་ནས་མཛད་རིམ་མཇུག་གྲུབ་ཡོད་པ་བཅས་སོ།
ཕྱི་ཚེས་༣༠ཉིན་༧སྐྱབས་རྗེ་སྟོན་འཁོར་ལྷན་རྒྱས་དབྱིན་ཡུལ་ནས་མཁའ་ལམ་བརྒྱུད་ཕ་རེ་སིའི་སྟག་གཟིག་བསམ་གཏན་གླིང་དུ་ཕེབས་འཆར་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

གནས་ཚུལ་མཁོ་འདོན་པ་༧སྐྱབས་རྗེ་མཆོག་གི་ཕྱག་ཞབས་ཚན་ཆུང་ནས།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤བའི་དབྱིན་ཡུལ་དུ་འགྲོ་དོན་བསྐྱངས་པའི་གནས་བསྡུས།