གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་ཕ་རེ་སིར་འགྲོ་དོན་བསྐྱངས་པའི་གནས་བསྡུས།

ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ཆེན་པོ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དབྱིན་ཡུལ་དུ་འགྲོ་དོན་ལེགས་གྲུབ་བྱུང་ནས།

སྤྱི་ལོ་༢༠༡༩ཟླ་༥ཚེས་༣༠ཉིན་གྱི་ཞོགས་པ་ཆུ་ཚོད་༨།༣༠ཐོག་དབྱིན་ཡུལ་བོད་ཀྱི་གཡུང་དྲུང་བོན་གྱི་སློབ་གཉེར་ཁང་གི་དབུ་འཛིན་ཁྱིམ་གསར་བླ་མ་ཕུགས་ཚོགས་བཀྲ་ཤིས་འཁོར་ཚོགས་ཀྱིས་༧སྐྱབས་རྗེ་མཆོག་དང་སྟོན་འཁོར་ལྷན་རྒྱས་དབྱིན་ཡུལ་རྒྱལ་ས་ལོན་ཌོན་གནམ་ཐང་དུ་ཕེབས་སྐྱེལ་ཞུས་རྗེས།

སྟོན་འཁོར་ལྷན་རྒྱས་མཁའ་ལམ་བརྒྱུད་ནས་ཕ་རེ་སིའི་ལྷོ་ཕྱོགས་གྲོང་ཁྱེར་མོན་ཏྲི་པི་ལི་ཡར་དུ་ས་གནས་དེའི་ཆུ་ཚོད་༣།༣༠སྟེང་བདེ་འཚམས་ངང་ཞབས་སོར་འཁོད་ཡོད་པ་དང་། གནང་ཐང་དུ་ཕེབས་བསུར་རྟག་གཟིགས་བསམ་གཏན་གླིང་གི་དབུ་འཛིན་བླ་མ་སྨན་རིའི་དགེ་བཤེས་བསམ་གཏན་ཡེ་ཤེས་ལགས་དང་ཚོགས་མི་སློབ་མ་མང་པོ་འཁོར་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་།
ཕྱི་ཚེས་༣༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠།༠༠ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་རྟག་གཟིགས་བསམ་གཏན་གླིང་གི་གོ་སྒྲིག་ཞུས་པའི་ཚོགས་ཁང་དུ་གདན་འདྲེན་ཞུས་ཀྱིས་བཞུགས་ཁྲིར་མངའ་གསོལ་གྲུབ་རྗེས། རྟག་གཟིགས་བསམ་གཏན་གླིང་གི་དབུ་འཛིན་བླ་མ་སྨན་རིའི་དགེ་བཤེས་བསམ་གཏན་ཡེ་ཤེས་དཔོན་སློབ་བཅས་ནས་མ་འདལ་བརྟན་བཞུགས་ཀྱི་མཆོད་རྫས་རིམ་པར་བཏེགས་ནས་དངོས་འབྱོར་ཡུལ་སྤྲུལ་གྱི་མཆོད་པའི་སྤྲིན་ཕུང་ཟད་མེད་ཕུལ་བ་དང་འབྲེལ་རྟག་གཟིགས་བསམ་གླིང་གི་བླ་མ་དགེ་བཤེས་བསམ་གཏན་ཡེ་ཤེས་ལགས་ནས་༧སྐྱབས་རྗེ་སྟོན་འཁོར་བསྟན་པ་དང་འགྲོ་དོན་དུ་གནས་འདིར་ཕེབས་པར་བཀའ་དྲིན་དང་འཚམས་འདྲི་བཅས་ཞུས་པ་དང་སྦྲགས།

རིན་པོ་ཆེ་མཆོག་གི་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་རྗེས་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་སེང་གི་ཚོགས་འཁོར་དབུ་འཛུགས་གནང་ནས་བཀའ་ལུང་ཁྲིད་གསུམ་གྱི་བྱིན་རླབས་བདུད་རྩིས་གདུལ་བྱ་སློབ་བུ་མང་པོའི་ལུས་ངག་ཡིད་གསུམ་གྱི་རྒྱུད་ཡོངས་སུ་བརླན་པར་བྱས། ཕྱི་དྲོ་༧སྐྱབས་རྗེ་མཆོག་གིས་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་གནངས་ཡོད་པ་དང་།

དགོང་དྲོའི་ཆུ་ཚོད་༨།༠༠སྟེང་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་སློབ་མ་རྣམས་ལ་ཡེ་ཤེས་དབལ་མོའི་འགར་འཆམ་གཟིགས་འབུལ་གྲུབ་ནས་མཚན་གྱི་ཆུ་ཚོད་༩།༣༠སྟེང་ཉིན་གཅིག་གི་མཛད་སྒོ་ཡོངས་སུ་མཇུག་གྲུབ་པར་བྱས་ཡོད་པ་རེད།
ཕྱི་ཚེས་༡ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠།༠༠ཐོག་༧སྐྱབས་རྗེ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་སྦྱར་སྤོས་དྲི་ཞིམ་ཀུན་ཁྱབ་ཀྱིས་སྣེ་དྲངས་གདན་ཞུས་ཀྱིས་གསེར་ཁྲིར་བཞུགས་གསོལ་གྲུབ་རྗེས།

༧སྐྱབས་རྗེ་མཆོག་ནས་ཀུན་གསལ་བྱམས་མའི་སྔགས་བསྟོད་ཀྱི་ཁྲིད་ལུང་བཀའ་དྲིན་བསྩལ་ནས་ཕྱི་དྲོའི་ཆུ་ཚོད་༦།༠༠སྟེང་ཁྲིད་ལུང་རྫོགས་པར་བྱས་ཡོད་པ་དང་།

དེ་རྗེས་རིན་པོ་ཆེ་མཆོག་ནས་རྟག་གཟིགས་བསམ་གཏན་གླིང་གི་རྟེན་སྐལ་དུ་སྟོན་པའི་སྐུ་ཐང་བྲིས་མ་ཞིག་བསྩལ་རྗེས་ཕྱི་དྲོའི་མཛད་སྒོ་མཇུག་གྲུབ་པར་བྱས་ཡོད་པ་དང་། དགོང་མོའི་ཆུ་ཚོད་༨།༠༠སྟེང་སློབ་མ་རྣམས་ཡང་བསྐྱར་ཚོགས་ཁང་དུ་འཚོགས་ནས་འདོན་དབྱངས་གྱེར་གསུམ་དང་གཤེན་རབ་མཆོད་རྔའི་མཆོད་པ་སོགས་གྲུབ་ནས་དགའ་དད་སྤྲོ་གསུམ་ངང་མཛད་རིམ་ཡོངས་སུ་མཇུག་བསྡུས་ཡོད་པ་བཅས་སོ། །
སྤྱི་ཚེས་༣ཉིན་སྐྱབས་རྗེ་སྟོན་འཁོར་ལྷན་རྒྱས་ཕ་རཱན་སིའི་གྲོང་ཁྱེར་མོན་ཏྲི་པི་ལེ་ཡར་(Montpillier )གནང་ཐང་ནས་པོ་ལེན་ཏྲི་ལིག་མི་རྐྱའི་ཆོས་ཚོགས་དུ་ཕེབས་འཆར་ཡོད་པ་དང་བཅས་གནས་བསྡུས་སུ།

                                              གནས་ཚུལ་མཁོ་འདོན་པ་༧སྐྱབས་རྗེ་མཆོག་གི་ཕྱག་ཞབས་ཚན་ཆུང་ནས།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་ཕ་རེ་སིར་འགྲོ་དོན་བསྐྱངས་པའི་གནས་བསྡུས།