གཡུང་དྲུང་བོན་གྱི་དྲྭ་རྒྱ།

རིས་མེད་བགྲོ་གླེང་ཐེངས་བཞི་པའི་ཉིན་གཉིས་པའི་གནས་བསྡུས།

 

དེ་ཡང་ཕྱི་ལོ་༢༠༡༩།ཟླ་༦ཚེས་༥ཉིན་གྱི་སྔ་དྲོའི་ཆུ་ཚོད་༨།༠༠ཐོག་རིས་མེད་བགྲོ་གླེང་ཐེངས་བཞི་པའི་ཉིན་གཉིས་པའི་མཛད་རིམ་མུ་མཐུད་དུ་བསྐྱང་ཡོད་པ་དང་། ཚོགས་ཐུན་དང་པོར་༧སེ་ར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་ངག་དབང་དར་རྒྱས་མཆོག་གིས་གཙོ་སྐྱོང་འོག ༧གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་སློབ་དཔོན་ཀུན་ལེགས་དབང་ཕྱུག་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་བཞི་པའི་ནང་གི་༼ལས་ཀྱི་ངོ་བོ་བཤད་པ༽ཞེས་པའི་བརྗོད་གཞིའི་སྟེང་ནས་དཔྱད་རྩོམ་སྒྲོག་སྦྱོང་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་རྩ་བའི་ས་བཅད་རྣམ་པ་གསུམ་གྱི་སྒོ་ནས་བརྗོད་གཞི་གཏན་འབེབས་བྱས་འདུག་ལ།

དང་པོ་མཚམས་སྦྱོར་དང་། གཉིས་པ་རྣམ་གཞག་དངོས། གསུམ་པ་མཇུག་བསྡུ་བ་བཅས་གསུམ་གྱི་སྒོ་ནས་བརྗོད་གཞི་རྒྱས་བཤད་ཀྱིས་དཔྱད་བརྗོད་གྲུབ་རྗེས་དྲི་བ་དྲི་ལན་གྱིས་ཉིན་གཉིས་པའི་ཚོགས་ཐུན་དང་པོ་མཇུག་གྲུབ་ནས་གསོལ་ཇའི་བར་གསེང་སྐར་མ་༡༥ལ་བཏངས་ཡོད་པ་རེད།
ཆུ་ཚོད་༩།༣༠སྟེང་ཚོགས་ཐུན་གཉིས་པ་མུ་མཐུད་ནས་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་༧རྭ་སྟོད་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་བསྟན་འཛིན་མཆོག་གིས་གཙོ་སྐྱོང་འོག ༧དཔལ་ས་སྐྱ་མཐོ་སློབ་ཀྱི་སློབ་དཔོན་སྤྲུལ་སྐུ་བསམ་གཏན་མགོན་པོ་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་བཞི་པའི་ནང་གི་༼མདོ་ལས་གསུངས་པའི་ལས་ཀྱི་རྣམ་གྲངས་བཤད་པ།༽ཞེས་པའི་བརྗོད་གཞིའི་སྟེང་ནས་དཔྱད་རྩོམ་སྒྲོག་སྦྱོང་གནང་ཡོད་འདུག་ལ། དེ་ཡང་ལས་ཀྱི་རང་བཞིན་དཔྱད་པ་དང་། ལས་ཀྱི་རྣམ་གྲངས། ལས་ཀྱི་དབྱེ་བ། དེ་དག་གི་དོན་ལ་དཔྱད་པ། དཀར་ནག་གི་ལས། ལེགས་ཉེས་ཀྱི་ལས། འབྲས་བུ། འཕེན་རྫོགས་སོགས་དེ་དག་གི་དོགས་གཅོད་དང་བཅས་བརྗོད་དོན་གནད་འགྲེལ་ཐོག་གཏམ་བཤད་གྲུབ་རྗེས་དྲི་བ་དྲི་ལན་གྱི་རིམ་པས་ཚོགས་ཐུན་གཉིས་པའི་མཛད་རིམ་གྲུབ་ཡོད་པ་རེད།
ཆུ་ཚོད་༡༡།༠༠ཐོག་༧ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་པོ་བསོད་ནམས་ཉི་མ་མཆོག་གིས་གཙོ་སྐྱོང་འོག ༧སེ་ར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་ངག་དབང་དར་རྒྱས་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་ལྔ་པའི་ནང་གི་༼ཕྲ་རྒྱས་དེ་དག་སྤོང་ཚུལ་བཤད་པ་དང་སྤངས་པའི་འབྲས་བུ་ཡོངས་ཤེས་བཤད་པ།༽ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཉིས་པའི་ཚོགས་ཐུན་གསུམ་པའི་དཔྱད་རྩོམ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་ཕྲ་རྒྱས་དེ་དག་སྤོང་ཚུལ་དང་། སྤངས་པའི་འབྲས་བུ་ཡོངས་ཤེས་བཤད་པ་ཞེས་པའི་ས་བཅད་གཉིས་ཀྱི་སྒོ་ནས་དཔྱད་འདུག་ལ། དེ་ཡང་དམིགས་པ་ཡོངས་ཤེས་ཀྱི་སྒོ་ནས་སྤོང་ཚུལ་དང་། དམིགས་པ་ཡང་དག་པར་ཟད་པའི་སྒོ་ནས་སྤོང་བ་སོགས་ཕྲ་རྒྱས་ཀྱི་གཉེན་པོ་སྐྱེ་ཚུལ་སོགས་བརྗོད་བྱ་རྒྱས་འགྲེལ་གྲུབ་མཚམས། དྲི་བ་དྲི་ལན་གྱི་རྣམ་པས་ཚོགས་ཐུན་གསུམ་པ་གྲོལ་ནས་སྔ་དྲོའི་མཛད་རིམ་གྲུབ་ཡོད་པ་དང་།

ཕྱི་དྲོའི་ཆུ་ཚོད་ལ༥།༠༠ཐོག་ཚོགས་བཅར་བ་ཡོངས་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་མདུན་ཐང་དུ་ཚང་འཛོམས་ཀྱིས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དང་དགེ་བཤེས་རྣམ་པའི་སྣེ་ཁྲིད་འོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དང་།

གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས། སྨན་རིའི་གྲྭ་ཚང་གི་ཚོགས་ཁང་། སྨན་རིའི་བླ་བྲང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། བོན་ཕྲུག་བདེ་དོན། གསོ་རིག་འབུམ་བཞིའི་མཐོ་སློབ་སོགས་སུ་གཟིགས་སྐོར་ཕེབས་ཡོད་པ་རེད།

དགོང་མོའི་ཆུ་ཚོད་༧།༣༠–༩།༠༠བར་སྔར་དགོང་བཞིན་ཚོགས་བཅར་བ་ནང་ཁུལ་སྐོར་འཚོགས་ཀྱིས་གྲུབ་མཐའ་ཁག་གི་ལྟ་གྲུབ་བགྲོ་གླེང་གི་མཛད་རིམ་ཆུ་ཚོད་གྲུབ་ཀྱང་དཔེ་མཛོད་མདུན་ཐང་དུ་མུ་མཐུད་དུ་རྟགས་གསལ་གྱི་རྣམ་པས་རིས་མེད་བགྲོ་གླེང་ཐེངས་བཞི་པའི་ཉིན་གཉིས་པའི་མཛད་རིམ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲ་ཚིགས་གཙོ་སྒྲུབ་ཁང་ནས།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

རིས་མེད་བགྲོ་གླེང་ཐེངས་བཞི་པའི་ཉིན་གཉིས་པའི་གནས་བསྡུས།