གཡུང་དྲུང་བོན་གྱི་དྲྭ་རྒྱ།

རིས་མེད་བགྲོ་གླེང་ཐེངས་བཞི་པའི་ཉིན་གསུམ་པའི་གནས་བསྡུས།

དེ་ཡང་ཕྱི་ཚེས་༦ཉིན་གྱི་ཞོགས་པའི་ཆུ་ཚོད་༨།༠༠སྟེང་རིས་མེད་བགྲོ་གླེང་ཐེངས་བཞི་པའི་ཉིན་གསུམ་པའི་ཚོགས་ཐུན་དང་པོའི་མཛད་རིམ་བསྐྱང་ཡོད་པ་དང་། ཐོག་མར་༧དཔལ་ཡུལ་ཆོས་འཁོར་གླིང་གི་སློབ་དཔོན་ཨོ་རྒྱན་ཕུན་ཚོགས་མཆོག་གིས་གཙོ་སྐྱོང་འོག

༧རྭ་སྟོད་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་བསྟན་འཛིན་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་དྲུག་པའི་ཐོག་དཔྱད་རྩོམ་སྒྲོག་སྦྱོང་གནང་ཡོད་པ་དང་། དེ་ཡང་མངོན་པ་མཛོད་ཀྱི་མཛོད་གནས་རིམ་བཞིན་འགྲེལ་བཤད་གནད་བསྡུས་ཤིག་གྲུབ་རྗེས་བརྗོད་གཞི་དངོས་ལ་བབ་ནས་མཛོད་གནས་དྲུག་པ་ལམ་དང་གང་ཟག་སྐོར་ནས་དཔྱད་གཏམ་སྤེལ་འདུག་ལ། བརྟེན་པ་ལམ་ལའང་ལམ་གྱི་ངོ་བོ་དང་དམིགས་པ། རྟེན་གང་ཟག་ལའང་གནས་འདིའི་ཐུན་མོང་མ་ཡིན་པའི་རྣམ་གཞག་འགའ་གནད་དུ་ཕབ་ནས་ཆགས་བྲལ་སྔོན་སོང་དང་། རྒྱུན་ཞུགས་སོགས་བརྗོད་དོན་རྒྱས་འབྲེལ་སྒོས་དྲི་བ་དྲི་ལན་གྱི་རྣམ་པས་ཉིན་འདིའི་ཚོགས་ཐུན་དང་པོ་མཇུག་གྲུབ་ཡོད་པ་རེད།

གོང་ཚེས་ཆུ་ཚོད་༩།༣༠ནས་ཉིན་འདིའི་ཚོགས་ཐུན་གཉིས་པའི་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་༧དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཀྱི་སྐྱོར་དཔོན་དཀོན་མཆོག་རྡོ་རྗེ་མཆོག་གིས་གཙོ་སྐྱོང་འོག ༧ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་གླིང་གི་མཁན་པོ་ཀུན་དགའ་འཚམས་ཆུང་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་བདུན་པ་ཡོངས་ཤེས་སྐོར་ནས་དཔྱད་རྩོམ་སྒྲོག་སྦྱོང་གནང་ཡོད་པ་རེད།

དེ་ཡང་ཤེས་པའི་གཞི་དང་ཡོངས་ཤེས་བཅུའི་ཁྱད་པར་དང་། ཤེས་པ་དེ་དག་འཇོག་དགོས་པའི་རྒྱུ་མཚན་སོགས་དམིགས་བསལ་རྩལ་སྤྲུགས་ཀྱིས་བརྗོད་བྱ་གནད་ཅན་འགྲེལ་བརྗོད་གྲུབ་མཚམས། དྲི་བ་དྲི་ལན་གྱི་མཛད་རིམ་གྱིས་ཚོགས་ཐུན་གཉིས་པ་གྲུབ་ནས་གསོལ་ཇའི་བར་གསེང་སྐར་མ༡༥ལ་བཏངས་ཡོད་པ་རེད།
ཆུ་ཚོད་༡༡།༠༠ནས་ཉིན་འདིའི་ཚོགས་ཐུན་གསུམ་པའི་མཛད་རིམ་རྒྱུན་བསྐྱངས་ཡོད་དང་། ཐོག་མར་༧གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་སློབ་དཔོན་ཀུན་ལེགས་དབང་ཕྱུག་མཆོག་གིས་གཙོ་སྐྱོང་འོག ༧རིགས་ལམ་སློབ་གཉེར་ཁང་གི་རིས་མེད་སློབ་དཔོན་རྒྱལ་མཚན་བློ་བཟང་མཆོག་ནས་མངོན་པ་མཛོད་ཀྱི་མཛོད་གནས་བརྒྱད་པའི་ཐོག་དཔྱད་རྩོམ་སྒྲོག་སྦྱོང་གནང་ཡོད་པ་དང་།

དེ་ཡང་ཐོག་མར་མངོན་པ་མཛོད་ཀྱི་བྱུང་བ་བརྗོད་པ་དང་། གནས་བརྒྱད་པའི་གཞུང་དོན་སྤྱིར་བཤད། བསམ་གཟུགས་ཀྱི་སྙོམས་འཇུག་གི་ཁྱད་པར། བྱེ་བྲག་གཟུགས་མེད་དང་དེར་གཟུགས་ཡོད་མེད་ལ་དཔྱད་པ་སོགས་ལུང་རིག་ཟུང་འབྲེལ་སྒོས་བརྗོད་དོན་སྒྲོག་སྦྱོང་གྲུབ་མཚམས་དྲི་བ་དྲི་ལན་མཛད་ནས་ཉིན་འདིའི་སྔ་དྲོའི་མཛད་རིམ་ཡོངས་སུ་མཇུག་གྲུབ་ཡོད་པ་རེད།
གོང་ཚེས་ཕྱི་དྲོའི་ཆུ་ཚོད་༣།༠༠སྟེང་༧བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཁྲི་གཙུག་བསྟན་པ་མཆོག་གིས་གཙོ་སྐྱོང་འོག ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་མཚན་ཉིད་རྒན་ལགས་དགེ་བཤེས་སྦྱིན་པ་ཚེ་བརྟན་མཆོག་ནས་༼སྲིད་པའི་མཛོད་ཕུགས་ཀྱི་བསྟན་དོན་རགས་ཙམ་གླེང་བ།༽ཞེས་པའི་བརྗོད་གཞིའི་སྟེང་ནས་གསུང་བཤད་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་གཞུང་དོན་དངོས་ཀྱི་དོན་ལ། འཇུག་ཡུལ་གྱི་ངོ་བོ་གཞུང་གི་དོན་བསྟན་པ། མཛོད་གནས་སོ་སོའི་དོན་བསྟན་པ། གཞུང་གི་རྩ་ཚིག་དགོད་པ། མཛོད་གནས་སོ་སོའི་དོན་བསྟན་པ། ཡོད་པ་སྲིད་པ་གསུམ་གྱི་མཛོད་བསྟན་པ། མེད་པ་བསྐལ་པ་དགུའི་མཛོད་བསྟན་པ། མི་གཡོ་དབྱིངས་བཞི་ཡི་མཛོད་བསྟན་པ། གསལ་བ་ཡེ་ཤེས་ལྔ་ཡི་མཛོད་བསྟན་པ། ཀུན་གནས་སྣོད་བཞི་ཡི་མཛོད་བསྟན་པ། སྐྱེ་འཕེལ་བཅུད་གསུམ་གྱི་མཛོད་བསྟན་པ། གཅོད་པའི་དབང་པོ་དྲུག་གི་མཛོད་བསྟན་པ། ཕྲ་རྒྱས་དུག་གསུམ་གྱི་མཛོད་བསྟན་པ། རྟེན་གནས་འབྲེལ་བ་གཉིས་ཀྱི་མཛོད་བསྟན་པ། འདུས་པ་ཕུང་པོ་གཉིས་ཀྱི་མཛོད་བསྟན་པ། མངོན་རྟོགས་སྐྱེ་མཆེད་དྲུག་གི་མཛོད་བསྟན་པ། རྒྱ་ཆེ་ཁམས་ཀྱི་མཛོད་བསྟན་པ། རང་འཛིན་མཚན་ཉིད་གཉིས་ཀྱི་མཛོད་བསྟན་པ། ལས་དང་སྤྱོད་པ་ལྔ་ཡི་མཛོད་བསྟན་པ། འགྲོ་བའི་ལམ་བཞི་ཡི་མཛོད་བསྟན་པ། ས་དང་གནས་གསུམ་གྱི་མཛོད་བསྟན་པ། སྒྲུབ་པའི་འབྲས་བུ་བཞི་ཡི་མཛོད་བསྟན་པ། དཔེ་དོན་ཟུང་འབྲེལ་དུ་བཤད་ཚུལ་བསྟན་པ། གྲངས་ངེས་དང་འདུས་ཚུལ་བསྟན་པ། འཚམས་སྦྱོར་གྱི་དོན་བསྟན་པ། འགྱུར་ཚུལ་གྱི་ཁྱད་པར་མཇུག་གི་དོན་བསྟན་པ་བཅས་མཛོད་ཕུགས་དེ་ཉིད་ཀྱི་གཞུང་ས་བཅད་ཉེར་ལྔར་ཕྱེ་ནས་བརྗོད་བྱ་རྒྱས་འགྲེལ་གྱིས་དཔྱད་རྩོམ་སྒྲོག་སྦྱོང་གྲུབ་རྗེས། ཆོས་བརྒྱུད་ཁག་གི་མཁས་དབང་དབུས་ཚོགས་བཅར་རྣམས་ཀྱིས་དོགས་གནད་ཁག་དྲི་བ་བཏོན་ཡོད་པ་དང་། དྲི་བ་ཁག་རེ་རེ་བཞིན་གསུང་བཤད་སློབ་དཔོན་གྱིས་དོགས་གནད་གསེད་བཀྲོལ་གྲུབ་རྗེས་རིས་མེད་བགྲོ་གླེང་ཐེངས་བཞི་པའི་ཉིན་གསུམ་པའི་ཚོགས་ཐུན་བཞི་པ་མཇུག་གྲུབ་ཡོད་པ་རེད།
དགོང་མོའི་ཆུ་ཚོད་༧།༣༠–༩།༠༠བར་ཐེངས་འདིའི་ཚོགས་བཅར་བ་ནང་ཁུལ་གྲོས་བསྡུར་གྱིས་ཉིན་གསུམ་པའི་མཛད་རིམ་ཡོངས་སུ་མཇུག་གྲུབ་པ་བཅས་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།