གཡུང་དྲུང་བོན་གྱི་དྲྭ་རྒྱ།

རིས་མེད་བགྲོ་གླེང་ཐེངས་བཞི་པའི་མཇུག་བསྡོམས་མཛད་སྒོ།

 

ཕྱི་ལོ་༢༠༡༩ལོའི་ཟླ་༦ཚེས་༧ཉིན་གྱི་སྔ་དྲོའི་ཆུ་ཚོད་༨།༠༠སྟེང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་ཡོངས་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་གདན་འཛོམས་ཀྱིས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་སྦྱིན་པ་ཚེ་བརྟན་མཆོག་གིས་གཙོ་སྐྱོང་འོག ༧བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཁྲི་གཙུག་བསྟན་པ་ལགས་ནས་བོན་གཞུང་༼སྲིད་པའི་མཛོད་ཕུགས་ལས་མཛོད་གནས་༧-༡༠བར་གྱི་བསྡུས་དོན་ངོ་སྤྲོད།༽ཞེས་པའི་བརྗོད་གཞིའི་ཐོག་ནས་ས་བཅད་གྲངས་བགོས་གསུང་བཤད་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་མཛོད་གནས་ལེའུ་བཅུ་བདུན་གྱི་གྲངས་རིམ་དོན་བསྡུས་དང་། མཛོད་ཕུགས་ཀྱི་བསྟན་བྱ་ཀུན་མཛོད་གནས་བཅུ་བདུན་ལ་བསྡུས་ནས་དབྱེ་དོན། མཛོད་གནས་བཅུ་པ་ཕུང་བོ་བཤད་པ། འབྱུང་དུག་ཕུང་ལྔ་ཡེ་ཤེས་སྐུ་ལྔ་བཅས་ཀྱི་འབྲེལ་ཚུལ་སོགས་མཛོད་གནས་ལྷག་མ་དག་ཞར་བྱུང་ངོ་སྤྲོད་གྲུབ་རྗེས་དྲི་བ་དྲི་ལན་གྱི་རྣམ་པས་ཉིན་བཞི་པའི་ཚོགས་ཐུན་དང་པོ་མཇུག་གྲུབ་ཡོད་པ་རེད།
གོང་ཚེས་ཆུ་ཚོད་༩།༣༠སྟེང་ཆོས་བརྒྱུད་ཁག་གི་གསུང་བཤད་སློབ་དཔོན་རྣམས་བཞུགས་གདན་དུ་འཁོད་རྗེས་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་མཚན་ཉིད་རྒན་ལགས་དགེ་བཤེས་སྦྱིན་པ་ཚེ་བརྟན་མཆོག་གིས་གཙོ་སྐྱོང་འོག བགྲོ་གླེང་སྐབས་ཆོས་བརྒྱུད་ཁག་གི་གསུང་བཤད་སློབ་དཔོན་རྣམས་ཀྱིས་གསུང་བཤད་སྐབས་ཆུ་ཚོད་ཀྱིས་མ་འདང་བའམ་དྲི་བའི་གོ་སྐབས་མ་རེག་པ། དོགས་གནད་ཅན་གྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་། དེ་བཞིན་མཛོད་གཞུང་ལས་གསལ་བའི་རི་རྒྱལ་གྱི་བཀོད་པ་སོགས་དེང་མཐོང་ཡུལ་དུ་མ་གྱུར་བ་དག་དེང་གི་དུས་འགྲེལ་བརྗོད་ཅི་ལྟར་དགོས་མིན་གྱི་དོན་གནད་བཙལ་ཕྱོགས་སྐོར་ནས་བགྲོ་གླེང་ལྷུག་པོར་གནང་ནས་གསོལ་ཇའི་བར་གསེང་སྐར་མ་༡༥བཏངས་ནས་མཇུག་བསྡོམས་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་།

དེ་ཡང་མཇུག་བསྡོམས་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པའི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་།

བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་རིན་པོ་ཆེ་རྣམ་གཉིས་གདན་ཞུས་ཀྱིས་བཞུགས་གྲལ་དུ་འཁོད་རྗེས་གསུང་བཤད་སློབ་དཔོན་གྱི་སྐུ་ཚབ་གཉིས་དང་ཚོགས་བཅར་བའི་ནང་

 

གསེས་ཀྱི་དགེ་འདུན་པ་དང་བཙུན་མའི་སྐུ་ཚབ་རེ་ནས་ཐེངས་འདིའི་བགྲོ་གླེང་གི་མྱོང་ཚོར་དང་མ་འོངས་ལམ་སྟོན་གྱི་དགོངས་འཆར་གནང་ཡོད་པ་རེད།

མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཐེངས་འདིའི་ཆོས་བརྒྱུད་རིས་མེད་ཀྱི་གསུང་བཤད་སློབ་དཔོན་རྣམས་དང་རོགས་རམ་མཐུན་འགྱུར་

གནང་མཁན་གྱི་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་སྡེ་ཁག་གི་ལས་བྱེད་རྣམས་ལ་ཆོས་རིག་ལས་ཁུངས་ངོས་ནས་བཀའ་དྲིན་གསོལ་རས་བསྩལ་རྗེས།

༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་མཁན་པོ་ཉི་མ་དོན་འགྲུབ་རིན་པོ་ཆེ་མཆོག་ནས་མཇུག་བསྡོམས་གསུང་བཤད་གནང་དོན། ངོས་ནས་ལོ་ངོ་དུ་མའི་རིང་གཡུང་དྲུང་བོན་གྱི་རིག་གཞུང་ཁག་ལ་ཐོས་བསམ་བྱས་པ་ཡིན་ལ། ཞོར་དུ་ཆོས་བརྒྱུད་རིས་མེད་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་གཞུང་ལུགས་ཁག་ལ་སློབ་གཉེར་བྱེད་བཞིན་ཡོད་ལ། དེ་ཡང་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ཆེན་ཁག་ལས་ཞོར་བྱུང་ཚུལ་དུ་གཞུང་རེ་ལས་ཁོ་བོར་བག་ཆགས་ཟབ་པའི་བརྗོད་བྱ་དག་ལུང་འདྲེན་གྱིས་ཆོས་བརྒྱུད་རིས་མེད་དུ་ཁ་ཡོད་ལག་ཡོད་ཀྱིས་སློབ་སྦྱོང་ཞིག་བྱེད་ཐུབ་པ་བྱུང་ན། ཆོས་ལུགས་ཀྱི་རུ་ཏྲ་དང་ཕྲག་དོག་རང་བཞིན་གྱིས་ཞི་འགྲོ་བ་ཞིག་དང་། དག་སྣང་རང་བཞིན་གྱིས་སླེབས་ཡོང་བ་ཅིག་ཏན་ཏན་རེད་འདུག དེའང་ཆོས་བརྒྱུད་གང་ལ་ཉམས་ལེན་བྱས་ཀྱང་མཐར་ཐུག་སངས་རྒྱས་དུས་ང་བོན་པོའི་སངས་རྒྱས་ཡིན་ཟེར་བ་དང་། དེ་བཞིན་ང་རྙིང་མའི་སངས་རྒྱས་ཡིན་ཟེར་བ་མེད་པས་ཆོས་བརྒྱུད་གང་ཡིན་ཡང་སངས་རྒྱས་སྒྲུབ་བྱེད་ཀྱི་ཐབས་མ་ལག་ཆ་

ཚང་བ་ཞིག་ཡིན་པའི་ངེས་པ་རྙེད་དགོས་པ་གལ་ཆེན་ཡིན་སྐོར་ནས་གསུང་བཤད་ཟབ་རྒྱས་བསྩལ་ནས་གསུང་བཤད་མཇུག་གྲུབ་རྗེས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དྲུང་འཕར་ཟླ་བ་ཚུལ་ཁྲིམས་མཆོག་ནས་ཐུགས་རྗེ་ལེགས་གསོལ་གྱི་གསུང་བཤད་གྲུབ་རྗེས་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བྱིངས་འདྲེན་ཆེན་མོ་ནས་བསྔོ་བ་སྨོན་ལམ་གསུང་ནས་རིས་མེད་བགྲོ་གླེང་ཐེངས་བཞི་པ་ཡོངས་སུ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲ་ཚིགས་གཙོ་སྒྲུབ་ཁང་ནས།

ཆོས་བརྒྱུད་ཁག་གི་ཚོགས་ཞུགས་པ་རྣམས་ནས་དྲི་བ་གཏོང་བཞིན་པ།