གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤མཆོག་གིས་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་འགྲོ་དོན་བསྐྱངས་པའི་གནས་བསྡུས།

ཕྱི་ལོ་༢༠༡༩ཟླ་༦ཚེས་༡༣ཉིན་གྱི་ཞོགས་པར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་བླ་མ་བསྟན་འཛིན་དབང་རྒྱལ་དང་བྲག་དཀར་རྣམ་རྒྱལ་ལགས་ནས་བྷར་ལིན་གནམ་ཐང་དུ་ཕེབས་སྐྱེལ་གྱིས་མཁའ་ལམ་བརྒྱུད་ཕཱ་རན་སིའི་རྒྱལ་ས་པེ་རི་སི་རུ་ཞབས་སོར་བདེ་བར་འཁོད།

ཕེབས་བསུ་བ་གཤེན་བསྟན་དར་རྒྱས་གླིང་གི་བླ་མ་དགེ་བཤེས་དགེ་ལེགས་སྦྱིན་པ་རིན་པོ་ཆེ་དང་ཚོགས་མི། ཡུ་རོབ་བོན་ཚོགས་ཀྱི་ཚོགས་གཙོ་གཙོས་འཐུས་མི་རྣམ་པ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དང་རྒྱུན་ལས། དེ་མིན་འབྲེལ་ཡོད་དད་ལྡན་སེར་སྐྱ་བཅས་མཇལ་བཅར་བྱས་འདུག

ཉིན་དེའི་དགོང་མོ་ཕྱག་ཚོད་༧སྟེང་གཤེན་བསྟན་དར་རྒྱས་གླིང་དུ་ཞབས་སོར་འཁོད་པ་དང་རྔ་གཤང་དུང་གླིང་སོགས་ཀྱི་སྣེ་དྲངས་ནས་སེར་ཕྲེང་གཟབ་རྒྱས་ཀྱིས་མི་འཇིགས་གདོང་ལྔའི་བཏེགས་པའི་ཁྲི་འཕང་མཐོན་པོར་བཞུགས་གསོལ་གྲུབ་ནས་འདུས་མང་ཡོངས་ནས་མ་འདལ་འདེགས་འབུལ་དང་བླ་མ་མཆོད་པ་སོགས་ཀྱི་ཆོ་ག་གྲུབ་རྗེས། དད་ལྡན་མི་མང་རྣམས་ནས་མཇལ་ཁ་ཞུས་མཚམས་སུ་གཟིམ་ཆུང་དུ་གདན་འདྲེན་ཞུས་ནས་སྐུ་ངལ་གསོས།

ཚེས་༡༤ཞོགས་པའི་ཕྱག་ཚོད་༡༠སྟེང་གཟིམ་ཆུང་ཁང་ནས་ཚོགས་ཁང་དུ་གདན་འདྲེན་ཞུས་ནས་ཐོག་མར་མཇལ་བཅར་བ་ཚང་མར་འཚམས་འདྲི་ངོ་སྤྲོད་དང་སྦྲགས་དབལ་ཁྱུང་དམར་པོའི་གསུང་ཁྲིད་དབུ་འཛུག་གནང་བ་དང་ལྷན་དུ་བླ་མ་དགེ་བའི་བཤེས་གཉེན་རྣམས་ནས་ཆོ་གའི་སྔོན་འགྲོའི་ལས་རིམ་ནས་དབུ་འཛུག་གནངས།

ཉིན་རྒྱུན་ཞོགས་པ་དང་ཕྱི་དྲོར་དུས་ཡུན་ཆུ་ཚོད་གཉིས་གཉིས་རིང་གསུང་ཁྲིད་བགྱིས་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་དང་། ༡༥ཉིན་གསུང་ཁྲིད་མཇུག་གྲུབ་རྗེས་བླ་གྲྭ་རྣམས་ནས་ཡི་དམ་དབལ་ཁྱུང་དམར་པོའི་ཚོགས་མཆོད་ཕུལ། དགོང་མོ་ཕྱག་ཚོད་༨ནས་༩བར་༧སྐྱབས་རྗེ་མཆོག་བླ་གྲྭ་དང་དད་ལྡན་སློབ་མ་རྣམས་དང་ལྷན་དུ་ཐུན་སྒོམ་དུ་བཞུགས་ཡོད་པ་དང་།

ཕྱི་ཚེས་༡༦ཉིན་ཞོགས་པ་ཕྱག་ཚོད་༡༡སྟེང་དད་ལྡན་སློབ་མ་རྣམས་ལ་ཡི་དམ་དབལ་ཁྱུང་དམར་པོའི་བཀའ་དབང་བསྩལ་ནས་བཀྲ་ཤིས་སྨོན་ལམ་གྱི་མཐའ་བསྡུས། དེ་ནས་སློབ་མ་རྣམས་ནས་མཁན་སློབ་རྣམ་པའི་གསོལ་འདེབས་གྱེར་བ་དང་།

མཇུག་ཏུ་གཤེན་བསྟན་དར་རྒྱས་གླིང་དུ་དད་རྟེན་དུ་སྟོན་པའི་སྐུ་ཐང་བྲིས་མ་ཞིག་གནང་ནས་འབྲེལ་ཡོད་རྒྱུན་ལས་དང་དད་ལྡན་སློབ་མ་རྣམས་མཉམ་འཛོམས་བྱུང་བར་དགའ་སྤྲོ་དང་ཐུགས་རྗེ་ཆེ་ཞེས་བཀའ་སློབ་ཉིང་བསྡུས་ཤིག་གནང་ཡོད་པ་དང་།

སྤྱི་ཚེས་༡༧ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་གཤེན་བསྟན་དར་རྒྱས་གླིང་ནས་མེ་འཁོར་བརྒྱུད་ཕཱ་རན་སིའི་རྒྱལ་ས་རུ་ཕེབས་སྐྱེལ་གྱིས་པེ་རི་སིའི་རྒྱལ་སའི་མེ་འཁོར་འབབ་ཚིགས་སུ་ཡུ་རོབ་དོན་གཅོད་སྐུ་ངོ་བཀྲ་ཤིས་ཕུན་ཚོགས་དང་དྲུང་ཆེ་རྣམ་རྒྱལ་བསམ་འགྲུབ། ཕཱ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྤེན་པ། ཡུ་རོབ་བོན་པོ་ཚོགས་པའི་ཚོགས་གཙོ་དཔོན་ཚང་རྒྱལ་མཚན་བཅས་དད་ལྡན་མི་མང་རྣམས་ཕེབས་བསུ་མཇལ་བཅར་གྱིས་མགྲོན་ཁང་དུ་གདན་འདྲེན་ཞུས།

དགོང་མོ་ཡོ་རོབ་བོན་པོ་ཚོགས་པས་༧སྐྱབས་རྗེ་སྟོན་འཁོར་རྣམས་དང་དད་ལྡན་མི་མང་རྣམས་ཚང་འཛོམས་ཀྱིས་བཞེས་ལག་གོ་སྒྲིག་གནང་འདུག་ལ། ཚང་འཛོམས་ཐོག་སྐྱབས་རྗེ་མཆོག་ནས་དད་ལྡན་མི་མང་རྣམས་ལ་བཀའ་སློབ་ཉིང་བསྡུས་ཤིག་བཀའ་དྲིན་བསྩལ།

 

སྤྱི་ཚེས་༡༨ཉིན་རྒྱབ་ཆུ་ཚོད་༥པའི་སྟེང་༧སྐྱབས་རྗེ་མཆོག་ལ་ཕཱ་རན་སི་བོད་རིགས་ཚོགས་པས་རིག་པ་ཆོས་ཚོགས་ཀྱི་ཚོགས་ཁང་དུ་གདན་འདྲེན་ཞུས་ཀྱིས་མཎྜལ་འདེགས་འབུལ་ཞུས་རྗེས་བོད་རིགས་སྤུན་ཟླ་རྣམས་ལ་བླང་དོར་བཀའ་སློབ་བསྩལ་ནས་ཆུ་ཚོད་༦།༣༠-༧།༣༠བར་༧སྐྱབས་རྗེ་མཆོག་ནས་དད་ལྡན་སེར་སྐྱ་རྣམས་ལ་རྩ་རླུང་སྒོམ་སྒྲུབ་ཀྱི་གསུང་ཆོས་བསྩལ་

རྗེས་ཕཱ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ལགས་ནས་༧སྐྱབས་རྗེ་མཆོག་གནས་འདིར་ཆིབས་བསྒྱུར་གནང་བར་བཀའ་དྲིན་དང་ཐུགས་རྗེ་ལེགས་གསོལ་གྱི་གཏམ་བཤད་སྤེལ་བ་དང་མཇུག་སྡོམ་གསུང་བཤད་གནང་ནས་སྟོན་འཁོར་རྣམས་ལ་དགོང་མོའི་གསོལ་ཚིགས་གོ་སྒྲིག་ཞུས།

སྤྱི་ཚེས་༡༩ ཉིན་༧སྐྱབས་རྗེ་སྟོན་འཁོར་རྣམས་མགྲོན་ཁང་ནས་པེ་རི་སིའི་གནང་དུ་ཕེབས་སྐྱེལ་ཞུས་ནས་ ཨ་རིའི་གྲོང་ཁྱེར་ཝེར་ཇི་ནི་ཡ་རུ་ཡོད་པའི་རྒྱལ་སྤྱི་ལིག་མི་རྐྱའི་བོན་ཚོགས་སུ་མཁའ་ལམ་བརྒྱུད་ཕེབས་པའི་གནས་བསྡུས་སུ།

གནས་ཚུལ་མཁོ་འདོན་པ་སྐྱབས་རྗེ་མཆོག་གི་ཕྱག་ཞབས་ཚན་ཆུང་ནས།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤མཆོག་གིས་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་འགྲོ་དོན་བསྐྱངས་པའི་གནས་བསྡུས།