གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེ་མཆོག་གིས་ཨ་རིའི་ལིག་མིན་རྐྱའི་བོན་ཚོགས་སུ་འགྲོ་དོན་བསྐྱངས་པའི་གནས་བསྡུས།

ཕྱི་ལོ་༢༠༡༩ཟླ་བ་༦་པའི་ཚེས་༡༩་ཉིན་༧དཔལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་དཔལ་བཟང་པོ་མཆོག་ཨ་རིའི་བོན་ཚོགས་ལིག་མིན་རྐྱ་བོན་ཚོགས་སུ་ཞབས་

སོར་འཁོད་ནས་ཀུན་བཟང་སྒར་དུ་ལིག་མིན་རྐྱའི་དབུ་འཛིན་བླ་མ་དགེ་བཤེས་བསྟན་འཛིན་དབང་རྒྱལ་དབུས་རྒྱུན་ལས་ལྷན་རྒྱས་ནས་མ་འདལ་སྐུ་གསུང་ཐུགས་རྟེན་གྱི་མཆོད་པ་ཕུལ་ཡོད་པ་དང་།

ཟླ་༦ཚེས་༢༠་ཉིན་ཨ་རིའི་གཙུག་ལག་སློབ་ཆེན་(university of virginia) གྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་ཕེབས་ནས་དཔེ་མཛོད་བོད་ཡིག་སྡེ་ཚན་གྱི་འགན་འཛིན་མཁས་དབང་ངག་དབང་ཐོགས་མེད་ལགས་ནས་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཀའ་དང་བཀའ་རྟེན་དཔེ་རྙིང་སོགས་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཕྱག་ལས་གནང་ཕྱོགས་སྐོར་ནས་ངོ་སྤྲོད་ཞུས་ཡོད་དང་། ཟླ་༦ཚེས་༢༢ ཉིན་ལ་ཨ་རིའི་བརྙན་འཕྲིན་ཀུན་གླེང་གསར་འགོད་པས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་གཡུང་དྲུང་བོན་དང་འབྲེལ་བའི་བཀའ་འདྲི་དང་ཁྲི་འཛིན་རིན་པོ་ཆེ་ཉིད་ཀྱི་སྐུའི་ལོ་རྒྱུས། གཡུང་དྲུང་བོན་གྱི་བླ་ཆེན་སྨན་རིའི་ཁྲི་འཛིན་འཁོད་ཚུལ་སོགས་སྐོར་ནས་བཀའ་འདྲི་ཞུས་ཡོད་པ་རེད།
ཟླ་༦ཚེས་༢༣ཉིན་ཨ་རིའི་ཡུལ་གྲུ་ཁག་ལ་བཞུགས་ཡོད་པའི་རྒྱ་བལ་བོད་གསུམ་གྱི་དད་ལྡན་སེར་སྐྱ་རྣམས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང།

ཟླ་༦ཚེས༢༤ནས་ཕྱི་ཟླ་བདུན་པའི་ཚེས་༥་བར་ ༸ དཔལ་རྒྱལ་བ་སྨན་རི་བ་མཆོག་ནས་ལིག་མིན་རྐྱའི་བོན་ཚོགས་སུ་སྐལ་ལྡན་གྱི་འཁོར་སློབ་ཡོངས་ལ་བདུན་ཕྲག་གཉིས་རིང་སྙིང་པོ་རྣམ་གསུམ་དང་གཏུམ་མོའི་བཀའ་ཁྲིད་གནང་ཡོད་པ་དང་། གོང་ཚེས་༢༦ཉིན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༤པ་མཆོག་ནས་ ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་སྐུ་ཞི་བར་གཤེགས་པ་དཔོན་གསས་བླ་མ་དཔལ་བཟང་པོ་མཆོག་སྔར་ལིག་མིན་རྐྱའི་བོན་ཚོགས་སུ་བཀའ་ཁྲིད་གནང་སྐབས་མན་ངག་ཕྱོགས་སྒྲིག་གི་ཕྱག་དེབ་(living wisdom)ཞེས་པ་ཞལ་ཕྱེས་ནས་ལིག་མིན་རྐྱའི་བོན་ཚོགས་ཀྱི་རྒྱུན་ལས་ཁག་ལ་ཕྱག་རྟགས་གནང་ནས་བསྩལ་ཡོད་པ་དང།

ཟླ་༧ཚེས་༦་ཉིན་ལིག་མིན་རྐྱའི་བོན་ཚོགས་བླ་སློབ་ཡོངས་ནས་ཇི་ལྟར་གསོལ་བ་བཏབས་དོན་བཞིན་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་ནས་དད་ལྡན་གྱི་སློབ་མ་ཡོངས་ལ་རིག་འཛིན་ཚེ་ཡི་རྒྱལ་པོ་ཚེ་དབང་བྱ་རི་མའི་བཀའ་དབང་བཀའ་དྲིན་བསྩལ། ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ལིག་མིན་རྐྱའི་བོན་ཚོགས་ལ་རྟེན་སྐལ་དུ་༧རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་ཞལ་ཐང་བྲིས་མ་ཞིག་གསོལ་རས་གནང་མཚམས། ལིག་མིན་རྐྱའི་བོན་ཚོགས་ཀྱི་ཚོགས་གཙོ་ལགས་ནས་ཐུགས་རྗེ་ལེགས་གསོལ་གྱི་གསུང་བཤད་གྲུབ་མཚམས་གྲུབ་ནས་མཇུག་ལེགས་པར་གྲུབ་ཡོད་པ་རེད།
ཟླ༧སྤྱི་ཚེས་༨ཉིན་སྐྱབས་རྗེ་སྐུ་འཁོར་ལྷན་རྒྱས་ཨ་རིའི་ལིག་མིན་རྐྱ་བོན་ཚོགས་ནས་མཁའ་ལམ་བརྒྱུད་མེཀ་སི་ཀོ་བོན་ཚོགས་བྱམས་མ་གླིང་དུ་ཕེབས་འཆར་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།
གནས་ཚུལ་མཁོ་འདོན་པ་སྐྱབས་རྗེ་མཆོག་གི་ཕྱག་ཞབས་ཚན་ཆུང་ནས།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེ་མཆོག་གིས་ཨ་རིའི་ལིག་མིན་རྐྱའི་བོན་ཚོགས་སུ་འགྲོ་དོན་བསྐྱངས་པའི་གནས་བསྡུས།