གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོན་བུ་ཁྱིམ་ཁང་དབུ་ཚུགས་ནས་མི་ལོ་༣༡འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པའི་གནས་བསྡུས།

དེ་ཡང་ཕྱི་ལོ་༢༠༡༩།ཟླ་༧ཚེས་༡ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཉེ་འདབས་སུ་ཆགས་པའི་བོན་བུ་ཁྱིམ་ཁང་བཙུགས་ནས་མི་ལོ་༣༡འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། དེ་ཡང་བོན་བུ་ཁྱིམ་ཁང་གི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དང་། སྨན་རིའི་གྲྭ་ཚང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། ས་གནས་གཞིས་འགོ བོན་ཕྲུག་བདེ་དོན། གསོ་རིག་འབུམ་བཞིའི་མཐོ་སློབ། བོན་གཞིས་ཉིན་སློབ་ཀྱི་སློབ་སྤྱི་གཙོས་སློབ་དགེ་རྣམས་དང་སློབ་ཕྲུག་དག དེ་བཞིན་ཚོགས་སྡེ་ཁག་གི་འཐུས་ཚབ་མི་སྣ་བཅས་ཉིན་འདིའི་དུས་ཆེན་མཛད་སྒོར་ཆེད་ཕེབས་གནང་འདུག་ལ།

དེ་ཡང་བོན་བུ་ཁྱིམ་ཁང་གི་དབུ་འཛིན་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་མཆོག་གིས་དུས་ཆེན་སྲུང་བརྩིའི་མཛད་སྒོའི་སྟེང་ཕ་མ་གཙོས་པའི་ཡུལ་མི་དག་གིས་ཀྱང་ནམ་རྒྱུན་ཕྲུ་གུའི་སློབ་སྦྱོང་ཐད་གཟབ་ནན་དང་དོ་སྣང་ཤུགས་ཆེན་བྱེད་དགོས་ཚུལ་དང་། དེ་བཞིན་མི་ལོ་སུམ་ཅུའི་རིང་བོན་བུ་ཁྱིམ་ཁང་གི་ལས་བྱེད་རྒྱུན་ལས་དུ་མས་དཀའ་ངལ་དང་བླངས་ཀྱིས་སློབ་ཕྲུག་གི་དག་གི་ཤེས་རིག་གི་མདུན་ལམ་རང་ཉིད་ཀྱི་མདུན་ལམ་དུ་བརྩིས་ནས་སློབ་ཕྲུག་དག་ལ་བདག་སྐྱོང་གང་ལེགས་བྱས་ཡོད་པ་དེའང་དེ་རིང་དུས་ཆེན་སྲུང་བརྩི་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་པ་དང་།

དུས་དྲན་སྲུང་བརྩི་ཞེས་པ་དེའང་འདས་པར་བསམ་ཤེས་ཀྱིས་སློབ་མའི་ཤེས་ཡོན་གྱི་ཐད་དཀའ་ལས་བསྐྱོན་པའི་མི་བུ་དག་དྲན་གསོ་བྱེད་པ་དུས་ཆེན་སྲུང་བརྩི་ཞུས་པའི་ངོ་བོར་ཆགས་ཡོད་ཚུལ་སྐོར་གསུངས་གནང་བ་དང་།

བོད་གངས་ཅན་པའི་ཤེས་རིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་པའི་སློབ་བུ་ཞིག་ཡིན་པའི་ཆ་ནས་བོད་པའི་ལུས་སེམས་གཉིས་སུ་དབྱེར་མེད་དུ་ཐིམ་པའི་བཟང་སྤྱོད་དེ་གལ་ཆེན་ཡིན་རབས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད། དེ་རྗེས་རིམ་བཞིན་ཚོགས་སྡེ་སྐུ་ཚབ་ཁག་གིས་ཤེས་ཡོན་དང་འབྲེལ་བའི་ཀུན་སྤྱོད་དང་།

བོན་བུ་ཁྱིམ་ཁང་གི་ལས་ཀྱི་སྣེ་མོ་བ་ཚོས་དཀའ་ངལ་ཁྱད་བསལ་གྱི་སྐུ་ངལ་བསྐྱོན་སྟངས་སོགས་ནས་གཏམ་བཤད་སྤེལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།