གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་ཨ་རིའི་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་སོགས་སུ་ཆིབས་བསྒྱུར་བསྐྱངས་པ།

ཕྱི་ཟླ་༧པའི་ཚེས་༡༩ཉིན་མེག་སི་ཀོ་རུ་ཡོད་པའི་ལིག་མིན་རྐྱའི་བོན་ཚོགས་ནས་ཆིབས་ཐོན་མཛད་དེ་ཨ་རིའི་གྲོང་ཁྱེར་སན་ཧྥུ་རན་སི་སུ་ཀོ་ San Francisco རུ་ཕེབས་འབྱོར་བྱུང་། རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་གི་དབུ་འཛིན་དགེ་བཤེས་བྱ་འཕུར་རིན་པོ་ཆེ་གཙོས།

ས་གནས་དེ་གའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། གཡུང་དྲུང་གི་བོན་སྒོ་ལ་ཞུགས་པའི་དད་ལྡན་ཕོ་མོ་རྣམས་པས་བཀྲ་ཤིས་པའི་ཕྱེ་མར་དང་། དྲི་མེད་ཀྱི་ལྷ་དར་སོགས་མཆོད་པའི་རྫས་སྣ་ཚོགས་ཀྱིས་སྣེ་དྲངས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་དང་།

རྒྱལ་གཤེན་དུ་ཞབས་སོར་བདེ་བར་འཁོད་པ་རྗེས་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་གི་དབུ་འཛིན་དགེ་བཤེས་བྱ་འཕུར་རིན་པོ་ཆེ་དབུས་དད་ལྡན་སློབ་མ་རྣམས་ནས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་གྱི་མཆོད་པ་ཕུལ་ཡོད་པ་རེད། ཚེས་༢༠ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་སན་ཧྥུ་རན་སི་སུ་ཀོའི San Francisco མིང་དུ་གྲགས་པའི་གསེར་ཟམ་ཆེན་མོ་དང་གྲོང་ཁྱེར་དེའི་གལ་ཆེའི་ས་གནས་ཁུལ་དུ་གཟིགས་སྐོར་རུ་གདན་འདྲེན་ཞུས་ཡོད་པ་དང་།

ཚེས་ ༢༡ ཉིན་སན་ཧྥུ་རན་སི་སུ་ཀོར་ཡོད་པའི་དད་ལྡན་བོན་འབངས་ཁག་ཅིག་གིས་རྒྱལ་གཤེན་བོན་ཚོགས་དང་ཉེ་སར་ཡོད་པའི་མཚོ་གླིང་ཞིག་ཏུ་གདན་འདྲེན་ཞུས་ཤིང་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་མོ་མཆོག་ནས་བོན་འབངས་རྣམས་ལ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་འདས་པའི་ལོ་རྒྱུས་དང་རིན་པོ་ཆེ་གང་ཉིད་༧སྨན་རིའི་ཁྲི་འཛིན་དུ་ཕེབས་པའི་རྟགས་སྒྲིལ་སྐོར། དེ་བཞིན་བོན་འབངས་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ཐེག་པའི་རྒྱལ་བོ་གཡུང་དྲུང་གི་བོན་རིན་པོ་ཆེར་དད་དམ་གཡོ་བ་མེད་པའི་སྒོ་ནས་ཉམས་ལེན་ཐུབ་ན་རབ་དང་།

གལ་སྲིད་ཉམས་ལེན་ཚད་ལྡན་ཞིག་མ་ཐུབ་ཀྱང་གྲུབ་མཐའ་གཞན་ལ་སྐྱོན་བརྗོད་དང་ཁྱད་གསོད་ཚིག་ཟུར་ཙམ་རེ་བྱ་མི་ཉན་པའི་སློབ་སྟོན་གནང་བར་མ་ཟད། འདས་པའི་ལོ་རྒྱུས་ལ་བལྟས་ན་བོད་ཀྱི་བྱུང་རབས་མང་པོ་ཞིག་གྲུབ་མཐའི་ཆགས་སྡང་དང་། ཆོས་ལུགས་ཀྱི་རུ་ཏྲ་ལ་ཐུག་འདུག་པས་མི་རེ་ངོས་རེ་ནས་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་བཤད་ཟབ་རྒྱས་གནང་།

ཚེས་༢༢ཉིན་དེ་གའི་རྒྱ་ཡི་དགོན་པ་ Yuan Lin Temple དུ་ཆིབས་བསྒྱུར་བསྐྱངས་ཏེ་སྐལ་ལྡན་གྱི་འཁོར་སློབ་ཡོངས་ལ་སྙིང་པོ་རྣམ་གསུམ་གྱི་བཀའ་ཁྲིད་གནང་བ་དང་།

ཟླ་ཚེས་༢༥ ཉིན་ Yuan Yun Educational Foundation ལ་ཞབས་སོར་བཀོད་ནས་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ད་ལྟའི་འཛིན་སྐྱོང་གི་སྐོར་སོགས་ལ་བཀའ་མོལ་གནང་། དད་ལྡན་སློབ་མ་རྣམས་ལ་སྙིང་པོ་རྣམ་གསུམ་གྱི་བཀའ་ཁྲིད་ཀྱང་གནང་། ཚེས་༢༧ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་ནས་རྒྱལ་གཤེན་སློབ་ཚོགས་སུ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་ནང་ཚན་མཚན་བཅས་མཚན་མེད་སྐོར་བཀའ་ཁྲིད་ཟབ་མོ་གནང་བ་དང་། དགུང་དྲོ་ཕྱག་ཚོད་༦ ཐོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་སྡེ་བཞི་ཕུན་ཚོགས་གླིང་དུ་བོད་པའི་དད་ལྡན་མི་མང་ལ་”བྱམས་རྩེ་དང་འཆམ་མཐུན་ཞེས་པའི་སྐོར་ལ་ལམ་སྟོན་བཀའ་སློབ་ཟབ་མོ་གནང་།

ཚེས་༢༨ཉིན་རྒྱལ་གཤེན་གྱི་སློབ་ཚོགས་ལ་ཨ་ཁྲིད་ཀྱི་འཕྲོ་བསྐྱངས་པ་དང་ཕྱི་དྲོར་སངས་རྒྱས་སྨན་ལྷའི་དབང་མཆོག་བསྐུར་ནས་ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་བཀྲ་ཤིས་པའི་ངང་མཇུག་སྡོམ་མཛད། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་རྒྱལ་གཤེན་བོན་ཚོགས་ལ་བྱིན་རླབས་རྟེན་སྐལ་དུ་རྒྱལ་བ་གཤེན་རབ་མི་བོའི་ཞལ་ཐང་ཞིག་གསོལ་རས་གནང་ནས་རྒྱལ་གཤེན་བོན་ཚོགས་ཀྱི་བླ་སློབ་རྒྱུན་ལས་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་དང་དཔུང་བ་མཉམ་བཤིབ་བྱས་ནས་ཚོགས་པ་འདི་མ་འོངས་པར་མུ་མཐུད་ནས་རྒྱུན་སྐྱོང་དང་ཡར་རྒྱས་གཏོང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས། ཚེས་༢༩ཉིན་༧སྟོན་འཁོར་ལྷན་རྒྱས་སན་ཕ་རན་སི་ཀོ་རྒྱལ་ས་ནས་མཁའ་ལམ་བརྒྱུད་མི་ནི་སོ་ཌ་རུ་ཡོད་པའི་གཡས་རུའི་བོན་ཚོགས་སུ་ཕེབས་འཆར་ཡོད་པ་བཅས་ཀྱི་མཛད་འཕྲིན་གནས་བསྡུས་ཙམ་མོ།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་ཨ་རིའི་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་སོགས་སུ་ཆིབས་བསྒྱུར་བསྐྱངས་པ།