གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ལོ་ཕྱེད་ཡིག་རྒྱུགས་ཆེན་མོ་བཏངས་པའི་གནས་བསྡུས།

ཁ་སང་སྟེ་ཕྱི་ཟླ་༨ཚེས་༡ནས་༢བར་ཉིན་གཉིས་རིང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ནས་འཆར་ཅན་ལྟར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ལོ་ཕྱེད་ཡིག་རྒྱུགས་ཆེན་མོ་ཉིན་གཉིས་རིང་གཏོང་འགོ་ཚུགས་ནས་དེ་རིང་ཕྱི་ཚེས་༢ཉིན་མཇུག་གྲུབ་ཡོད་པ་རེད། 

དེ་ཡང་ཡིག་རྒྱུགས་གཏོང་ཕྱོགས་ཐད་སྨན་རིའི་དཔལ་ལྡན་བླ་སྤྱི་དབུས་སྨན་རིའི་དགེ་བཤེས་དག་གིས་ཐུགས་འགན་འཁུར་ཡོད་པ་དང་། 

དེ་ཡང་ཡིག་རྒྱུགས་སྔར་ཚུད་ཀྱི་གསལ་བསྒྲགས་གཞིར་བཟུང་ཐོག འཛིན་གྲྭ་ཆེ་འབྲིང་ཆུང་གསུམ་མཉམ་བསྲེས་བྱས་ནས་བཞུགས་གྲལ་དུ་འཁོད་དགོས་པ་དང་། དེ་ཡང་ཉིན་དང་པོའི་རྒྱུགས་ར་བོན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་གི་ཐོག་རྩེག་དང་པོའི་ཚོམས་ཆེན་ནས་བཏངས་ཡོད་པ་དང་། ཉིན་གཉིས་པའི་འབྲི་རྒྱུགས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་ཆེན་མོའི་ནང་གཏོང་འགོ་ཚུགས་ཡོད་པ་རེད། 

དེ་ཡང་ཡིག་རྒྱུགས་སུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བཤད་གྲྭ་བ་ཡོངས་དང་།བཙུན་དགོན་རད་ན་སྨན་གླིང་གི་བཤད་གྲྭའི་བཙུན་མ་ཡོངས། དེ་མིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་གཞི་རིམ་འཛིན་གྲྭ་བཅས་འཛུལ་རྒྱུགས་སུ་ཞུགས་ཡོད་པ་རེད། དེ་ཡང་རྒྱུགས་རར་པང་ཤིང་དང་སྨྱུ་གུ་མ་གཏོགས་ཤོག་འཛར་རིགས་སོགས་འཁྱེར་མི་ཆོག་པ་དང་། རྒྱུགས་རར་འཛུལ་སྐབས་སློབ་གཉེར་རེ་རེ་ལུས་ལ་ཞིབ་བཤེར་གྱིས་འཛུལ་དགོས་པ་ཡིན་ལ། རྒྱུགས་རར་སླེབས་རྗེས་ཐེངས་འདིའི་ཡིག་རྒྱུགས་ཆེད་སྤྱོད་ཤོག་བུ་འགྲེམ་སྤེལ་གྱིས་ཁ་ཁུ་སིམ་པའི་ངང་དྲི་ཤོག་དག་ལ་ལན་འབུལ་ཞུ་དགོས་པ་ལས་གཏམ་ཤབ་ཤུབ་སོགས་གཏན་ནས་བཤད་མི་ཆོག་པའི་ཡིག་རྒྱུགས་སྒྲིག་གཞི་གཞིར་བཟུང་ཐོག་བཏངས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ལོ་ཕྱེད་ཡིག་རྒྱུགས་ཆེན་མོ་བཏངས་པའི་གནས་བསྡུས།