གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༤ཆེན་པོ་མཆོག་གཡས་རུ་བོན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་པ།

ཕྱི་ཟླ་༧པའི་ཚེས་༢༩ཉིན་རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་བོན་ཚོགས་ནས་ཆིབས་ཐོན་མཛད་དེ་ཨ་རིའི་གྲོང་ཁྱེར་མི་ནི་སོ་ཌ་Minneapolis རྒྱལ་སར་ཕེབས་འབྱོར་བྱུང་།

གཡས་རུའི་བོན་ཚོགས་ཀྱི་བླ་མ་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་གཙོས། ས་གནས་དེ་གའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་གཙོས་པའི་རྒྱུན་ལས་དང་། ས་གནས་སྡེ་དགེའི་ཚོགས་མི། གཡུང་དྲུང་བོན་གྱི་ལྷ་མིའི་སྡེ་དང་ཕྱི་རྒྱལ་བ་དད་ལྡན་ཕོ་མོ་རྣམ་པས་བཀྲ་ཤིས་པའི་ཕྱེ་མར་དང་། བདུད་རྩིའི་ཆང་ཕུད། དྲི་མེད་ཀྱི་ལྷ་དར་སོགས་མཆོད་པའི་རྫས་སྣ་ཚོགས་ཀྱིས་སྣེ་དྲངས་ནས་མི་ནི་ཨེཔོ་ལིསེ་གཡས་རུ་བོན་ཚོགས་ཀྱི་ཚོགས་གཙོ་ནང་དུ་བཞུགས་གནང་མཛད།
ཟླ་༧ཚེས་༣༠ ཕྱི་དྲོ་ཕྱག་ཚོད་ ༥-༣༠ ཐོག་ཨ་རིའི་མི་ནི་སོ་ཌའི་་རྒྱལ་སར་ landmark Center St. Paul ཚོགས་ཁང་དུ་གདན་ཞུས་ལྟར་ཆིབས་བསྒྱུར་བསྐྱངས་ཏེ་སྐུ་མགྲོན་ཨ་རིའི་གྲོས་ཚོགས་གོང་མའི་ལས་ཁང་སྐུ་ཚབ་Amy Klobuchar དང་དེ་བཞིན་བོད་མིའི་སྒྲིགས་འཛུགས་ཀྱི་བྱང་ཨ་རིའི་བོད་མིའི་སྤྱི་འཐུས་དང་ས་གནས་གཞུང་གི་union leader དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་གཙོ་དང་ཆོས་སྡེ་ཁག་གི་སྐུ་ཚབ་མཁན་པོ་རྣམ་པས་དབུས་པའི་དད་ལྡན་སེར་སྐྱ་མི་མང་བཅས་ནས་བཀྲ་ཤིས་པའི་ངང་ཕེབས་བསུ་ཟབ་རྒྱས་པ་ཞུས་ཡོད་པ་རེད། གཞན་ཡང་སེང་འཆམ་གྱི་སྣེ་འཁྲིད་པའི་མདོ་སྟོད་རིག་གཞུང་ཚོགས་པ་དང་ས་གནས་སྡེ་དགེ་བ་ཚོས་བྲོ་ཆེན་དང་ཕུར་བུ་འཕྲིན་ལས་རྣམ་རྒྱལ་སོགས་ཀྱིས་འཁྲབ་སྟོན་སྤྱན་འབུལ་ཞུས་ཏེ་རྒྱལ་བ་མཉེས་པའི་མཆོད་སྤྲིན་དུ་འགྱུར་ཡོད་པ་མ་ཟད་གཡས་རུ་བོན་ཚོགས་ནས་མི་མང་ཡོངས་ལ་བཞེས་ལག་རྒྱས་འབུལ་དང་འཚམས་འདྲི་ཐུགས་རྗེ་ལེགས་གསོལ་ཞུས་ཡོད་པ་རེད།

 

ཚེས་ ༣༡ ཉིན་ཨ་རིའི་མི་རིགས་རྙིང་པའི་འགྲེམ་སྟོན་ཁང་ཞིག་ཏུ་གཟིགས་སྐོར་གདན་འདྲེན་ཞུས་རྗེས་ཕྱི་དྲོ་ཕྱག་ཚོད་༥ པའི་ཐོག་ས་གནས་ཨེ་མི་ལི་གཡས་རུ་བོན་ཚོགས་སུ་ཞབས་སོར་འཁོད་ནས་བོན་ཚོགས་ཀྱི་དབུ་འཛིན་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་རིན་པོ་ཆེ་གཙོས་དད་ལྡན་མང་ཚོགས་ཀྱི་ལུགས་མཐུན་ཕེབས་བསུ་ཟབ་

རྒྱས་ཐོག་ཚོགས་ཁང་དུ་གདན་ཞུས་གནང་སྟེ་གཅན་ལྔ་རིན་ཆེན་བཏེགས་པའི་གསེར་ཁྲིར་མངའ་གསོལ་མཛད་ནས་མནྜལ་སྐུ་གསུང་ཐུགས་རྟེན་དང་མཆོད་པ་རྣམ་ལྔ་སོགས་བསྟར་འབུལ་ཞུས།

ཟླ་ ༨ཚེས་༡ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་ཨ་རིའི་གཡས་རུའི་བོན་ཚོགས་སུ་སྐལ་ལྡན་གྱི་འཁོར་སློབ་ཡོངས་ལ་དུ་ཏྲི་སུའི་བཀའ་ཁྲིད་དང་བཀའ་དབང་ཟབ་མོ་བསྐུར་གནང་མཛད་ཡོད་པ་རེད།
ཚེས་ ༢ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་མོ་མཆོག་ནས་གཡས་རུ་བོན་ཚོགས་སུ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་གཞུང་གི་ངོ་སྤྲོད་དང་འབྲེལ་བཀའ་ཁྲིད་ཟབ་མོ་གནང་བ་དང་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་ཡིས་བརྩམས་པའི་དབྱིན་དེབ་ the inner mirror ཞེས་པའི་དེབ་དབུ་འབྱེད་གནང་།

ཚེས་ ༣ ཉིན་སྔ་དྲོ་ཕྱག་ཚོད་ ༨ ཐོག་ཨ་རིའི་གཡས་རུ་བོན་ཚོགས་ཀྱི་ཚོགས་ཁང་གསར་བཞེང་གི་ས་ལ་རབ་གནས་གནང་།

ཕྱི་དྲོ་ཕྱག་ཚོད་ ༤ ཐོག་ཡི་དམ་དབལ་ཁྱུང་དམར་པོའི་དབང་མཆོག་བསྐུར་ནས་ཉིན་རྒྱབ་ཆུ་ཚོད་ལྔ་པའི་ཐོག་བཀྲ་ཤིས་པའི་ངང་མཇུག་བསྡོམས་མཛད། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་གཡས་རུ་བོན་ཚོགས་ལ་བྱིན་རླབས་རྟེན་སྐལ་དུ་རྒྱལ་བ་གཤེན་རབ་མི་བོའི་ཞལ་ཐང་ཞིག་གསོལ་རས་གནང་ནས་གཡས་རུ་བོན་ཚོགས་ཀྱི་བླ་སློབ་རྒྱུན་ལས་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་དང་དཔུང་བ་མཉམ་གཤིབ་བྱས་ནས་ཚོགས་པ་འདི་མ་འོངས་པར་མུ་མཐུད་ནས་རྒྱུན་སྐྱོང་དང་ཡར་རྒྱས་གཏོང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས།

གཞན་ཡང་ས་གནས་བོན་པོ་རྣམ་པར་དམིགས་བསལ་སོ་སོའི་བུ་རྒྱུད་ཚོར་ངེས་པར་དུ་ཆོས་དང་རིག་གཞུང་ལ་དོ་སྣང་དགོས་གལ་དང་ནང་ཁུལ་མཐུན་འབྲེལ་འཆམ་མཐུན་སོགས་དགོས་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་། ཕྱི་ཚེས་༤- ཉིན་སྔ་དྲོའི་དུས་ཚོད་དགུ་ཙམ་ལ་གཡས་རུའི་བོན་ཚོགས་ནས་ཆིབས་ཐོན་མཛད་དེ་མི་ནི་སོ་ཊ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་གནང་སྟེ་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་འབྲེལ་བཀའ་མོལ་གནང་།

ཕྱི་དྲོ་ཕྱག་ཚོད་༥:༣༠ ཐོག་མི་ནི་སོ་ཌ་ལ་ཡོད་པའི་བོད་དོན་ཚོགས་པའི་ཚོགས་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་དེ་གའི་དད་ལྡན་མི་དམངས་རྣམས་ལ་བོད་ཀྱི་ཐུན་མིན་རིག་གཞུང་གལ་ཆེན་ཡིན་པ་དང་བར་དོའི་སྐོར་དེ་བཞིན་ཆོས་ལུགས་ནང་ཕན་ཚུན་མཐུན་སྒྲིལ་དང་འཆམ་མཐུན་དགོས་པའི་སྐོར་གསུངས་བཤད་ཟབ་རྒྱས་གནང་ཡོད་པ་རེད། ཚེས་ ༥ ཉིན་༧སྟོན་འཁོར་ལྷན་རྒྱས་མི་ནི་སོ་ཌ་རྒྱལ་ས་ནས་མཁའ་ལམ་བརྒྱུད་ཨ་རིའི་པི་ཙ་བྷར་ཡོད་པའི་འོལ་མོ་གླིང་བོན་ཚོགས་སུ་ཕེབས་འཆར་ཡོད་པ་བཅས་ཀྱི་མཛད་འཕྲིན་གནས་བསྡུས་ཙམ་མོ།