གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༤ཆེན་པོ་མཆོག་འོལ་མོ་གླིང་བོན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་པ།

ཕྱི་ཟླ་༨ པའི་ཚེས་ ༥ ཉིན་ ༸ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧དཔལ་རྒྱལ་བ་སྨན་རི་བ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་དཔལ་བཟང་པོ་མཆོག་བྱང་ཨ་རིའི་མི་ནེ་སོ་ཏྲར་གཡས་རུ་བོན་གྱི་སྒྲུབ་སྡེ་ནས་ཆིབས་ཐོན་མཛད་ནས་པིས་བྷར་Pittsburgh རྒྱལ་སྤྱིའི་གནམ་ཐང་བརྒྱུད་འོལ་མོ་གླིང་བོན་ཚོགས་སུ་ཞབས་སོར་འཁོད་ཡོད་པ་དང་།

གནམ་ཐང་དུ་ཕེབས་བཅར་བ་འོལ་མོ་གླིང་བོན་ཚོགས་ཀྱི་བླ་མ་བསྟན་པ་འབྲུག་གྲགས་རིན་པོ་ཆེ་གཙོས། ཨ་རིའི་འོལ་མོ་གླིང་བོན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་དེ་བཞིན་ས་གནས་དེའི་གཡུང་དྲུང་བོན་ལ་གསན་བསམ་སྦྱོང་བརྩོན་གནང་བཞིན་པའི་དད་ལྡན་ཕྱི་རྒྱལ་སློབ་མ་བཅས་ནས་མཆོད་པའི་རྫས་སྣ་ཚོགས་ཕྱག་བསྣམས་བསྟར་ཕྲེང་གིས་དགའ་དད་སྤྲོ་བས་བྱོན་པ་ལེགས་ཞེས་བཀྲ་ཤིས་པའི་དྲི་མེད་ལྷ་དར་སོགས་མཆོད་པ་སྣ་ཚོགས་ཀྱིས་སྣེ་དྲངས་ནས་བོན་ཚོགས་སུ་ཕེབས་བསུ་གཟབ་རྒྱས་གནང་བ་དང་། ཚེས་༦ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་ཨ་རིའི་པི་ཙ་བྷར་རྒྱལ་སའི་གྲགས་ཅན་ས་གནས་སོགས་སུ་གཟིགས་སྐོར་དུ་གདན་འདྲེན་ཞུས་ཡོད་པ་རེད།

ཟླ་༨ ཚེས་ ༨ ཉིན་ཨ་རིའི་པི་ཙ་བྷར་གྱི་རྒྱལ་སའི་Borland school garden Pittsburgh དྭ་ཕྲུག་གསོ་སྐྱོང་སློབ་གྲྭ་ཞིག་གི་དགེ་སློབ་ལྷན་རྒྱས་ནས་གདན་ཞུས་ལྟར་ ༧རྒྱལ་བ་སྨན་རི་བ་མཆོག་སློབ་གྲྭར་གཟིགས་སྐོར་ཕེབས་ནས་དེ་གའི་དགེ་སློབ་ཡོངས་ལ་མི་ཚེའི་མདུན་ལམ་དང་བཟང་སྤྱོད།

ས་སྒང་འདིའི་ཐོག་ཤེས་ཡོན་དང་བྱམས་བརྩེ་མེད་དུ་མི་རུང་བ་ཤིན་ཏུ་གལ་ཆེ་བའི་སྐོར་བཀའ་སློབ་གནང་བ་དང་། ལྷག་པར་ཏུ་སློབ་ཕྲུག་རྣམ་པའི་སྤྱོད་ལམ་བཟང་པོས་རང་བས་རྒན་པ་ལ་གུས་བཀུར་དང་གཞོན་པ་ལ་བྱམས་སྐྱོང་གནང་དགོས་པ་ནི་དེ་རིང་ངེད་འདིར་ཆེད་བཅར་གནང་ནས་ཞུ་འདོད་པའི་ཉིང་དགོས་ཡིན་ཞེས་གསུངས། སློབ་ཕྲུག་ཁག་ནས་ཞབས་བྲོ་དང་གླུ་གཞས༏ དེང་རབས་སྐྱེ་ཁམས་རིག་པའི་རི་མོ་སོགས་སྤྱན་འབུལ་ཞུས་ཡོད་པ་དང་།

ཟླ་ ༨ ཚེས་ ༩ ཉིན་འོལ་མོ་གླིང་བོན་ཚོགས་ནས་དད་ལྡན་སློབ་མ་དང་འོལ་མོ་གླིང་བོན་ཚོགས་ཀྱི་ཚོགས་མི་རྒྱུན་ལས་ཡོངས་ནས་བཞེས་ལག་རྒྱས་འབུལ་དང་འཚམས་འདྲི་ཐུགས་རྗེ་ལེགས་གསོལ་ཞུས་ཡོད་པ་དང་། དེ་རྗེས་ཕྱག་ཚོད་༣:༣༠ ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་ནས་Pittsburg Mayor Peduto གྲོང་སྡེའི་སྤྱི་ཁྱབ་བློན་ཆེན་ལ་མཇལ་འཕྲད་གནང་སྟེ་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་འབྲེལ་འཛམ་གླིང་ཞི་བདེ་ཡོང་བའི་སྐོར་ལ་བཀའ་མོལ་གནང་ཡོད་པ་རེད།

ཕྱི་ཚེས་༩་ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༧ ཐོག་འོལ་མོ་གླིང་བོན་ཚོགས་ཀྱི་བླ་མ་བསྟན་པ་འབྲུག་གྲགས་དབུས་རྒྱུན་ལས་ལྷན་རྒྱས་ནས་གདན་འདྲེན་བསུ་མ་དང་བཅས་ཡེ་ཤུའི་ལྷ་ཁང་དུ་ཐེག་པ་ཆེན་པོའི་སྙིང་རྗེའི་སྐོར་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་བ་དང་འོལ་མོ་གླིང་བོན་ཚོགས་ཀྱི་བླ་མ་བསྟན་པ་འབྲུག་གྲགས་ཀྱིས་བརྩམས་པའི་དབྱིན་དེབ་ Thrul Khor Ancient Tibetan Bon Yoga ཞེས་པའི་དེབ་དབུ་འབྱེད་གནང་ཡོད་པ་རེད།

༨ ཚེས་༡༠ ཉིན༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་མོ་མཆོག་ཨ་རིའི་འོལ་མོ་གླིང་བོན་ཚོགས་ཀྱི་ཚོགས་ཁང་དུ་གདན་ཞུས་ཀྱིས་གཅན་ལྔའི་རིན་ཆེན་བཏེགས་པའི་ཁྲི་ལ་མངའ་གསོལ་མཛད་ནས་ཡུམ་ཆེན་ཤེས་རབ་བྱམས་མའི་སྔགས་ཀྱི་བསྟོད་པ་ཉེར་གཅིག་གི་བཀའ་ཁྲིད་དབུ་འཛུགས་གནང་ཡོད་པ་དང་། བཀའ་ཁྲིད་དབུ་འཛུགས་ཀྱི་ཐོག་མར་འོལ་མོ་གླིང་བོན་ཚོགས་ཀྱི་བླ་མ་བསྟན་པ་འབྲུག་གྲགས་ནས་མན་བདལ་སྐུ་གསུམ་ཐུགས་རྟེན་བསྟར་འབུལ་ཞུས་རྗེས། འོལ་མོ་གླིང་བོན་ཚོགས་ཀྱི་ཚོགས་གཙོས་ད་ཐེངས་བཀའ་ཁྲིད་འདིར་ཕྱོགས་མཐའ་ཁག་དང་།

ས་ཐག་ཉེ་རིང་ལ་མ་ལྟོས་པར་ཆེད་ཕེབས་གནང་བའི་དད་ལྡན་སློབ་མར་དུས་སྐབས་འདི་ཤིན་ཏུ་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་གནང་ནས་སྙིང་ཁུང་རུས་པའི་གཏིང་ནས་གོ་སྐབས་འདི་ལ་འབྲས་བུ་གཡུར་དུ་ཟ་བ་ཞིག་སྨིན་པའི་རེ་སྨོན་ཡོད་ཅེས་གསུངས།

༸ སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་བོན་གཞུང་རང་གི་འཆད་སྲོལ་ལྟར་མི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་གི་གོང་ནས་ཁ་བ་གངས་རིའི་ལྗོངས་སུ་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཡང་དག་ཅིག་ཡིན་པ་དང་། དེའང་སྐྱེ་འགྲོ་ཀུན་ལ་འདི་ཕྱི་ཕན་བདེ་ཀུན་ལ་ཕན་ཐོགས་ཐུབ་པའི་སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་པ་ཞིག་ཅིག་དང་།  ཁྱད་པར་ཏུ་མི་ལོ་དྲུག་བརྒྱའི་གོང་ནས་མདོ་སྔགས་རྫོགས་གསུམ་གྱི་རྒྱུད་པ་གཅིག་ལ་འདུས་པའི་༧རྒྱལ་བ་མཉམ་མེད་ཆེན་པོ་ནས་བཟུང་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་དཔོན་གསས་བླ་མ་ཞིང་ཁམས་པ་ཆེན་པོ་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོའི་བར་དུ་བོན་ཕྱི་ནང་གསང་གསུམ་གྱི་རྒྱུད་པའི་ཟམ་མ་ཆད་ཅིང་བྱིན་རླབས་ཀྱི་ན་བུན་མ་ཡལ་་པར་ད་ལྟའི་བར་དུ་གནས་བསྡད་པ་འདི་མེ་ཏོག་གང་ལ་བབས་པའི་ལྷ་སྐལ་ཞིག་རེད་བསམ་པའི་ཡིད་ཆེས་དང་དད་དམ་འགྱུར་མེད་སྒོས་ཉམས་ལེན་བྱེད་དགོས་ཚུལ་སྐོར་གསུང་གནང་བ་དང་།

ཟླ ༨ ཚེས ༡༡ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་ཨ་རིའི་འོལ་མོ་གླིང་བོན་ཚོགས་སུ་སྐལ་ལྡན་གྱི་སློབ་འཁོར་ཡོངས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་དབང་མཆོག་ཟབ་མོ་བསྐུར་གནང་མཛད་དེ་ཉིན་རྒྱབ་ཆུ་ཚོད་༡།༠༠་ཐོག་བཀྲ་ཤིས་པའི་ངང་མཇུག་སྡོམ་མཛད། ༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་འོལ་མོ་གླིང་བོན་ཚོགས་ལ་བྱིན་རླབས་རྟེན་མཚོན་དུ་རྒྱལ་བ་གཤེན་རབ་མི་བོའི་ཞལ་ཐང་ཞིག་གསོལ་རས་གནང་ནས་འོལ་མོ་གླིང་བོན་ཚོགས་ཀྱི་བླ་སློབ་རྒྱུན་ལས་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེག་དང་དཔུང་བ་མཉམ་གཤིབ་བྱས་ནས་ཚོགས་པ་འདི་མ་འོངས་པར་མུ་མཐུད་ནས་རྒྱུན་འཆང་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས། འོལ་མོ་གླིང་བོན་ཚོགས་ཀྱི་བླ་མ་བསྟན་པ་འབྲུག་གྲགས་ལགས་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༤ཆེན་མོ་མཆོག་འོལ་མོ་གླིང་བོན་ཚོགས་སུ་ཞབས་སོར་འཁོད་པ་ལ་བྱིན་རླབས་དང་སྐལ་བ་བཟང་བོ་བྱུང་ཞེས་ཐུགས་རྗེ་ལེགས་གསོལ་ངང་མཇུག་ལེགས་པར་གྲུབ། ཚེས་ ༡༢ ཉིན་སྟོན་འཁོར་ལྷན་རྒྱས་པི་ཙ་བྷར་རྒྱལ་ས་ནས་མཁའ་ལམ་བརྒྱུད་ཨ་རིའི་ནེའུ་ཡོག་ལ་ཡོད་པའི་བོན་ཚོགས་བོན་གཤེན་གླིང་སུ་ཕེབས་འཆར་ཡོད་པའི་གནས་བསྡུས་སུ།

༧སྐྱབས་རྗེ་མཆོག་གི་ཕྱག་ཞབས་ཚན་ཆུང་ནས།