གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྐབས་དང་པོའི་སྨན་རྩྭ་ངོས་འཛིན་སྐོར་གྱི་གནས་བསྡུས།

གསོ་བྱེད་སྨན་གྱི་རིག་པའི་དེད་དཔོན་སྟེ།།
སྐུ་མདོག་མཐིང་སྔོན་བཻཌུརྱ་ཡི་མདངས།།
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།
འགྲོ་ཀུན་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི།།

རླུང་མཁྲིས་བད་ཀན་ནད་ཀྱིས་གདུང་བ་ལ།།
གསོ་བྱེད་སྨན་ལྷའི་སྤྲུལ་པའི་གར་སྒྱུར་ཞིང་།།
སྐྱེ་དགུའི་གདུང་བ་སེལ་བའི་མགོན་གཅིག་པུ།
བཻཌུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།

ཞེས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་སངས་རྒྱས་སྨན་གྱི་ལྷའི་རྣམ་པར་རོལ་བ་དེ་ཉིད་ལ་སྐྱབས་སུ་འགྲོ་བ་དང་ཕྱག་འཚལ་བས་མདུན་ནས་བསུས་ཏེ་གླེང་བར་བྱ་བ་ནི།གཡུང་དྲུང་བོན་གྱི་༧གདན་ས་ཆེན་པོ་དཔལ་ལྡན་སྨན་རིའི་གླིང་གི་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་བྱུང་རིམ་ཆེས་མདོར་བསྡུས་ཤིག་དང་འབྲེལ་ནས་སྐབས་བབ་སྨན་སློབ་སྐབས་དང་པོའི་སྔོ་སྨན་ངོ་སྤྲོད་ཕྱོགས་བསྐྱོད་སྐབས་ཀྱི་གནས་ཚུལ་སྐོར་མདོ་ཙམ་ཞུ་རྒྱུར།

༼གསོ་རིག་འབུམ་བཞིའི་མཐོ་སློབ།༽

འབུམ་བཞིའི་མཐོ་སློབ་ཁང་འདི་ནི་༧གདན་ས་ཆེན་པོ་སྨན་རིའི་གླིང་དང་ས་འབྲེལ་ཚུལ་དུ་ཆེས་མཛེས་བརྗིད་ཕུན་སུམ་ཚོགས་པའི་ཐོག་བརྩེགས་བདུན་དང་ལྡན་པ་ཞིག་ཡོད་ཅིང་། དེའང་རང་ཅག་བོན་འབངས་ཡོངས་ཀྱི་གཙུག་རྒྱན་བླ་ན་མ་མཆིས་པ་སྐུ་བདེ་བར་གཤེགས་པ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་དགོས་པ་དང་རྒྱུ་མཚན་ཧ་ཅང་རླབས་ཆེན་དུ་གཟིགས་ནས་ཐུགས་བསྐྱེད་སྨོན་ལམ་བཟང་པོའི་སྒོ་ནས་འཛུགས་བསྐྲུན་གྱི་མཛད་པ་བཟང་པོ་ཡོངས་སུ་ལེགས་པར་གྲུབ་པ་དང་། ༧དབུས་ཆེས་མཐོའི་སྨན་པའི་ལྷན་ཚོགས་སུ་མིང་དོན་མཚུངས་པའི་སྨན་གྱི་མཐོ་སློབ་ཁང་ཆེན་མོ་ཞིག་ཡོང་ཕྱིར་དེབ་སྐྱེལ་ཚད་ལྡན་ཞུས། ཕྱི་ལོ་༢༠༡༤/༥/༡༣ཉིན་༧སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གིས་མཐོ་སློབ་ཁང་སྒོ་འབྱེད་གནང་བ་དང་། རིམ་པས་མཐོ་སློབ་ཀྱི་ལས་བྱེད་དང་། དགེ་རྒན། སློབ་མ་སོགས་སློབ་ཆེན་ཞིག་ལ་དགོས་པའི་ཕྱི་ནང་གི་ཆ་རྐྱེན་མ་ལུས་པ་ལེགས་པར་བསྐྲུན་གནང་མཛད། ད་ཆར་མཐོ་སློབ་ཁང་གི་སྣོད་བཅུད་ཀྱི་བཀོད་པ་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་དང་། ལོ་མང་རྗེས་སུ་འབུམ་བཞི་སློབ་མཐར་ཕྱིན་པ་རྣམས་ལ་དབུས་སྨན་པའི་ལྷན་ཚོགས་བརྒྱུད་ནས་ཕྱག་ཁྱེར་ཚད་ལྡན་ཡོད་པའི་གསོ་རིག་འབུམ་བཞིའི་སློབ་ཆེན་ཞིག་ཏུ་གྱུར་ཡོད།

༼སྐབས་དང་པོའི་སྨན་རྩྭ་ངོས་འཛིན་སྐོར།༽

སྐབས་དོན་སྨན་རྩྭ་ངོས་འཛིན་སྐོར་གྱི་གནས་ཚུལ་དངོས་ནི། ཕྱི་ལོ་༢༠༡༩།༧།༢༢་ཉིན། མཐོ་སློབ་ཁང་གི་སློབ་སྤྱི་ཆེན་མོ་རྗེ་ཤོག་དགེ་བཤེས་གཡུང་དྲུང་བཀྲ་ཤིས་ལགས་ཀྱིས་གཙོ་འགན་འོག་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སློབ་མ་རྣམས་མ་ནཱ་ལས་Manili བརྒྱུད་ནས་རྨ་རི་Marhi ཞེས་པའི་ས་གནས་སུ་བདེ་བར་འབྱོར།

ཕྱི་ཚེས་༢༥ཉིན་ནས་དགེ་སློབ་ལྷན་རྒྱས་Marhi རྨ་རིའི་རི་རྒྱུད་ཀྱི་རྩྭ་ཆུ་རྡོ་ཤིང་ཀུན་ལས་གྲུབ་པའི་སྨན་རིགས་ངོས་འཛིན་དང་། ༡༽དབང་པོ་ལག་པ་དང་། ༢༽སྟོང་རི་ཟིལ་པ། ༣༽ཨ་བྷི་ཥ། ༤༽གཡུ་འབྲུག་ཟིལ་པ། ༥༽ཏང་ཀུན་སོགས་གསོ་དཔྱད་ལ་རབ་ཏུ་སྤྲོ་བའི་སྨན་སློབ་རྣམས་ལ་ངོ་སྤྲོད་ཟབ་ཅིང་རྒྱས་པ་གནངས།

ཟླ་དེའི་ཕྱི་ཚེས་༢༧ཉིན་ནས་༣༡བར་དགེ་སློབ་ལྷན་རྒྱས་རྒྱ་གར་ཡུལ་སྐོར་བའི་ཁྲོད་མིང་གྲགས་ཧ་ཅང་ཆེ་བའི་ས་གནས་ར་རང་ངམ་རོ་ཐང་Rothang ཞེས་པའི་གནས་དེར་སྔོ་སྨན་དང་རྫ་སྨན་སོགས་སྨན་རིགས་འདྲ་མིན་ངོ་སྤྲོད་དང་། བྱིན་རླབས་ཀྱི་ཚན་ཁ་འབར་བའི་བླ་རི་དང་བླ་མཚོ་སོགས་ལ་གནས་མཇལ་དང་བསང་གསོལ་སོགས་བྱས། སྐབས་དེར་སྨན་གྱི་རིགས་ངོ་སྤྲོད་བྱུང་བ། ༡༽བོང་ང་སེར་པོ་དང་། ༢༽མིང་ཅན་སེར་ནག་གཉིས། ༣༽ཚེར་སྔོན། ༤༽སྲོ་ལོ་དམར་པོ། ༥༽བྱ་རྒོད་སུག་པ་སོགས་མ་ནོར་བར་ངོས་འཛིན་ཐུབ་པ་བྱུང་།

ཕྱི་ཟླ་༨ཕྱི་ཚེས་༥ཉིན།ཁོག་སར་Koksar ཞེས་པའི་ས་གནས་དེར་དགེ་སློབ་ཚང་འཛོམས་ཀྱིས་སྨན་རིགས་ངོ་སྤྲོད་དང་སྨན་རིགས་འཐུ་བ་སོགས་ཀྱི་ལས་ལ་གཉེར་ཞིང་སྐབས་དེར་སྨན་རིགས་ངོས་བཟུང་བ། ༡༽བྱི་རུག་ནག་པོ་དང་། ༢༽ལང་ཐང་ཙེ། ༣༽ལྕགས་ཏིག ༤༽ཁྲོན་བུ། ༥༽མཁའ་འགྲོའི་གསང་སྨན། ༦༽ཨུ་དཔལ་རལ་གྲི་སོགས་སྨན་རིགས་མང་དག་ཅིག་བསྡུ་རུབ་བྱས།

ཕྱི་ཚེས་༩ཉིན་མ་ནཱ་ལིར་Manali ཕྱིར་འབྱོར་ནས་སྔོ་སྨན་ངོ་སྤྲོད་དང་ཆུ་ཚན་གྱི་ཕན་ནུས་སོགས་ཀྱི་སྒོ་ནས་སློབ་པ་དོན་གཉེར་བ་རྣམ་པའི་ཤེས་རབ་ཀྱི་བློ་སྒོ་ཡངས་པོར་ཕྱེས་ཤིང་གསོ་རིག་གི་གཞུང་ལ་སྤྲོ་བ་རབ་ཏུ་རྒྱས་པར་གྱུར། སྐབས་དེར་སྔོ་སྨན་གྱི་རིགས་དང་ཤིང་སྨན་རིགས་ངོས་བཟུང་བ། ༡༽ལྕེ་ཚ་དང་། ༢༽དཀར་པོ་ཆིག་ཐུབ། ༣༽སུམ་ཅུ་ཏིག་ཏ། ༤༽ཁུར་མོང་། ༥༽མིང་ཅན་ཁྲ་བོ་བཅས་སོ།

༼གསལ་བཤད། གོང་གི་སྨན་རིགས་རྣམས་སོ་སོའི་ས་གནས་སུ་ཁྱབ་ཆེ་བ་དང་དགེ་སློབ་རྣམས་ཀྱིས་ངོས་བཟུང་གང་ཐུབ་བྱུང་བ་ཙམ་བཀོད་པའོ།༽

༼མཇུག་བྱང་བསྔོ་སྨོན།༽

གངས་དང་རྫ་རི་མཐོན་པོའི་འཕྲང་ལམ་དེར།།
ངལ་བས་བགྲོད་དང་མིག་གིས་མཐོང་བ་དག།
རང་འདྲའི་དོན་གཉེར་ཅན་ལ་ཕན་པའི་ཕྱིར།།
ཟིན་བྲིས་ཙམ་དུ་བདག་གིས་འདི་རུ་བཀོད།།

རྒྱལ་བའི་མཛད་པ་སྨན་གཞུང་རྒྱ་མཚོ་ཡི།།
ཆུ་ཐིགས་ཙམ་ལ་མངོན་པར་འབད་པ་འདིས།།
ནད་ཀྱི་ཟུག་ངུའི་སྐོམ་གདུང་རབ་སེལ་ཞིང་།།
བདག་ཀུན་ཕན་བདེའི་སྙེ་མ་རྒྱས་གྱུར་ཅིག།

ཞེས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་དགེ་སློབ་རྣམས་ཕྱོགས་བསྐྱོད་སྐབས་སྨན་རྩྭ་ངོ་སྤྲོད་སྐབས་དང་པོའི་གནས་ཚུལ་མདོར་བསྡུས་སུ་བྱ་འཕུར་དགེ་མིང་པ་ཚེ་དབང་རིག་འཛིན་གྱིས་གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་ནས་ཕྱི་ལོ་༢༠༡༩ཟླ་༨ཚེས་༢༠ཉིན།