གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ཆེན་པོ་མཆོག་ཨ་རིའི་བོན་གཤེན་གླིང་བོན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་པ།

ཕྱི་ཟླ་༨ པའི་ཚེས་༡༢ ཉིན་ཨ་རིའི་འོལ་མོ་གླིང་བོན་ཚོགས་ནས་ཆིབས་ཐོན་མཛད་དེ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་New York རྒྱལ་སར་ཕེབས་འབྱོར་བྱུང་། ནེའུ་ཡོག་རྒྱལ་སྤྱིའི་གནམ་ཐང་དུ་ཨ་རིའི་བོན་ཚོགས་བོན་གཤེན་གླིང་གི་དབུ་བླ་སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་དབུས། ས་གནས་ནེའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། མདོ་སྨད་ཚོགས་གཙོ། དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་བྱས་ནེའུ་ཡོག་དང་། ཁོ་ནེ་ཊི་གེཊ། ནིའུ་ཇེའེ་སི་བཅས་ཀྱི་གཡུང་དྲུང་བོན་ལ་དད་དམ་གཡོ་བ་མེད་པའི་ལྷ་སྡེ་དང་། ཕྱི་རྒྱལ་བ་དད་ལྡན་སློབ་མ། བོན་ཕྲུག་བདེ་དོན་སློབ་ཟུར་རྣམ་པས་བཀྲ་ཤིས་པའི་ཕྱེ་མར་དང་། བདུད་རྩིའི་ཆང་ཕུད། དྲི་མེད་ཀྱི་ལྷ་དར་སོགས་མཆོད་པའི་རྫས་སྣ་ཚོགས་ཀྱིས་སྣེ་དྲངས་ནས་ཨ་རིའི་བོན་གཤེན་གླིང་དུ་ཕེབས་བསུ་ཟབ་རྒྱས་ཀྱིས་ཚོགས་ཁང་དུ་གདན་ཞུ་གནང་སྟེ་གཅན་ལྔ་རིན་ཆེན་ཁྲི་ལ་མངའ་གསོལ་མཛད་ནས་བོན་གཤེན་གླིང་གི་དབུ་བླ་སྐྱོང་སྤྲུལ་རིན་པོ་ཆེ་མཆོག་ནས་མ་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་གྱི་རིམ་པ་དང་། མི་དམངས་ནས་མཆོད་པ་རྣམ་ལྔ་སོགས་བསྟར་འབུལ་ཞུས།

ཟླ་ ༨ ཚེས་༡༣ ཉིན་ནིའུ་ཡོག་རྒྱལ་ས་གསུམ་ལ་ཡོད་པའི་དད་ལྡན་བོན་འབངས་རྣམ་པས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་།



ཟླ ༨ ཚེས ༡༥ ཉིན་Warwick ཨ་རིའི་བོན་གཤེན་གླིང་ཚོགས་ཁང་གསར་པ་རུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་བོན་གཤེན་གླིང་གི་ཚོགས་གཙོ་རྒྱུན་ལས་རྣམས་དང་། ཕྱི་རྒྱལ་སློབ་མ་དད་ལྡན་སེར་སྐྱ་མི་མང་བཅས་ནས་བཀྲ་ཤིས་པའི་ངང་ཕེབས་བསུ་གཟབ་རྒྱས་ཀྱིས་གཅན་ལྔ་རིན་ཆེན་ཁྲི་ལ་མངའ་གསོལ་མཛད་ཡོད་པ་རེད།



ཚེས་ ༡༦ དང་༡༧ ཉིན་གཉིས་རིང་Warwick བོན་གཤེན་གླིང་བོན་ཚོགས་སུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ཆེན་པོ་མཆོག་ནས་དུ་ཏྲི་སུ་ཡི་འཛབ་སྒོམ་གྱི་ཞལ་ཁྲིད་བཀའ་དྲིན་བསྩལ་གནང་པ་དང་།

ཕྱི་ཟླ་༨ ཚེས ༡༨ ཉིན་དུ་ཏྲི་སུའི་བཀའ་དབང་ཆེན་མོ་བསྐུར་གནང་མཛད། ཕྱི་དྲོ་ཕྱག་ཚོད་ ༥ ཐོག་ནེའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པས་གདན་ཞུས་ལྟར་ས་གནས་དེ་གའི་ཚོགས་མགོན་དུ་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བསྐྱངས་ཏེ་ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་དང་། གཞོན་ནུའི་འགོ་ཁྲིད་ཟབ་སྦྱོང་ཐོག་དམིགས་བསལ་ཆིབས་བསྒྱུར་གྱིས་སློབ་མ་རྣམས་ལ་བྱ་དགའ་གསོལ་རས་དང་བླང་དོར་གྱི་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད།

ཟླ་༨ ཚེས ༢༢ ཉིན་འདྲེན་པ་ཆེན་མོ་༧རྩ་བའི་བླ་མ་དམ་པ་༧ རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གི་སློབ་མ་Rockefeller foundation ཡི་ཚོགས་གཙོ་ཟུར་པ་Richard Lanier དང་ Mary Lanier བཟའ་ཟླ་གཉིས་ཀྱིས་གདན་ཞུ་གནང་བ་ལྟར་ཨ་རིའི་ཡེ་ཤུ་དགོན་པ་རྙིང་བ་Sheker village འགྲེམ་སྟོན་ཁང་དུ་གཟིགས་སྐོར་ལ་ཕེབས།

ཟླ ༨ ཚེས ༢༤ ཉིན་ནིའུ་ཡོག་རྒྱལ་སའི་Yun Lin Temple ཆིབས་བསྒྱུར་བསྐྱངས་ཏེ་ཟླ ༨ ཚེས ༢༥ ཉིན་དུ་ཏྲི་སུ་ཡི་བཀའ་དབང་ཆེན་མོ་བསྐུར་གནང་མཛད།

ཟླ༨ ཚེས་ ༢༦ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དང་སྟོན་འཁོར་བཅས་བོན་གཤེན་གླིང་ནས་གདན་ཞུ་གནང་ནས་དེང་རབས་གྲགས་ཅན་རྦབ་ཆུ་Nigrafall རུ་མཛེས་ལྗོངས་གཟིགས་སྐོར་ལ་ཕེབས་ཏེ། ས་གནས་དེ་གའི་བོན་གྱི་མི་མང་ཁག་ཅིག་ལ་མཇལ་ཁ་བསྩལ།

ཟླ༨ ཚེས་ ༣༡ ཉིན་ནེའུ་ཡོག་བོན་གྱི་དད་ལྡན་སློབ་འབངས་རྣམས་ནས་ཇི་ལྟར་གསོལ་བ་བཏབས་དོན་བཞིན་ནེའུ་ཡོག་གཏན་གཞིར་བྱས་པའི་བོན་གྱི་རིག་གཞུང་གསན་བསམ་བྱ་ཡུལ་བོན་གཤེན་གླིང་དུ་སེར་སྐྱ་བརྒྱ་ཕྲག་གཉིས་ལྷག་ལ་རིག་འཛིན་ཚེ་ཡི་རྒྱལ་པོ་ཚེ་དབང་བྱ་རི་མའི་བཀའ་དབང་བཀའ་དྲིན་བསྩལ།


ཕྱི་ཟླ་༩ པའི་ཚེས་ ༡ ཉིན་ཨ་རིའི་ནེའུ་ཡོག་ལ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་ཏེ་དེ་གའི་དད་ལྡན་མི་དམངས་རྣམས་ལ་བོད་ཀྱི་ཐུན་མིན་རིག་གཞུང་གལ་ཆེན་ཡིན་སྐོར་དང་།

དེ་བཞིན་ཆོས་ལུགས་ནང་ཕན་ཚུན་མཐུན་སྒྲིལ་དང་འཆམ་མཐུན་དགོས་པའི་སྐོར་ལ་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་ཡོད་པ་མ་ཟད་༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་༧སྐྱབས་མགོན་རྒྱལ་བའི་དབང་པོ་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཚེའི་ཞབས་རིམ་ཆེད་ཐུགས་སྨོན་གནང་ཡོད་པ་རེད།

 ཟླ་ ༩ ཚེས་ ༢ ཉིན༧རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བཀའ་དྲིན་ཐུགས་རྗེའི་ཉག་གཅིག་ལས་བྱུང་བའི་རྐང་རྩེད་སྤོ་ལོ་གསེར་གྱི་རྟགས་མ་འགྲན་བསྡུར་ཆེན་མོའི་ཚོགས་མགོན་དུ་ཕེབས་ནས།

འགྲན་རྩེད་པར་གསེར་གྱི་རྟགས་མའི་གཟེངས་རྟགས་བསྩལ་བ་རེད། ཕྱི་༩ཚེས་༥ཉིན་སྟོན་འཁོར་བཅས་ཨ་རིའི་ནེའུ་ཡོག་རྒྱལ་ས་ནས་མཁའ་ལམ་བརྒྱུད་རང་དགོན་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་འཆར་བཅས་ཀྱི་མཛད་འཕྲིན་གནས་བསྡུས་སུ། །