གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་ནུབ་ཕྱོགས་ཡུལ་གྲུ་ཁག་གི་མཛད་འཕྲིན་གྲུབ་ནས་ཕྱིར་རང་དགོན་དུ་ཆིབས་བསྒྱུར་བསྐྱངས་པའི་གནས་བསྡུས།

དེ་ཡང་༧ཞྭ་དཀར་བསྟན་པའི་མངའ་བདག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་རྒྱལ་བསྟན་སྤྱི་དང་།  ལྷག་པར་དུ་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་འཛམ་གླིང་ཀུན་ལ་ཁྱབ་པའི་ཐུགས་སྨོན་གནང་ནས།  རྒྱལ་སྤྱི་ལིག་མི་རྐྱའི་བོན་ཚོགས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོན་ཚོགས་དུ་མས་གདན་ཞུ་ཞལ་བཞེས་གནངས་ཏེ།

ཟླ་བ་གསུམ་གྱི་རིང་དབྱིན་ལན་དང་། ཧྥ་རན་སི། པོ་ལན་ཌིར། འཇར་མན། མེག་སུ་ཁོ། ཨ་རི་བཅས་རྒྱལ་ཁབ་དྲུག་གི་བོན་ཚོགས་དང་ཆོས་ཚོགས་མི་འདྲ་ཁག དེ་མིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་༡༥མ་ཟིན་ཙམ་གྱིས་སོ་སོས་ཞུ་དོན་གསན་བཞེས་ཀྱིས། བཀའ་དབང་དང་འཆད་ཁྲིད། བཀའ་སློབ་སོགས་ཟླ་བ་གཉིས་ལྷག་རིང་བསྩལ་ནས་ཁ་སང་སྟེ།
ཕྱི་ཟླ་༩ཚེས་༧མཚན་གུང་ཆུ་ཚོད་༡༢སྐར་མ་༡༢ཐོག་རྒྱ་གར་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། དེ་ཡང་གནམ་ཐང་དུ་ཆིབས་བསུར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས་བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། མདོ་སྨད་སྤྱི་འཐུས་དབྲ་ཚ་བསོད་ནམས་ནོར་བུ། དེ་མིན་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས། དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། རྒྱལ་བ་སྨན་རི་ཚང་བཅས་ཀྱི་རྒྱུན་ལས་དང་། དེ་མིན་ཚོགས་སྡེ་དང་ཚོགས་སྡེ་མ་ཡིན་པའི་སེར་སྐྱ་དུ་མ་ཕེབས་བསུར་བཅར་ཡོད་འདུག
གོང་ཚེས་༧ཉིན་བོན་གཞིས་ཐོབ་རྒྱལ་གསར་པ་ཐོག་མར་ས་ཁོངས་ཉོ་སྒྲུབ་སྐབས་རོགས་མགོན་མི་དམན་པ་གནང་བའི་Romila kapoorརོ་མེ་ལ་ཀ་པུར་(Ramaa dhawan)ཁྱིམ་དུ་ཕེབས་ནས་ཁོང་གི་གཅེན་མོ་ལྡི་ལིའི་བློན་ཆེན་ཟུར་པ་Sheila Dixitསྐུ་གྲོངས་པར་ཐུགས་གསོའི་ཞལ་བརྡ་གནངས་ཡོད་པ་དང་།

དེ་རིང་སྟེ་ཕྱི་ཚེས་༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤-༣༠ཐོག ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སྟོན་འཁོར་ལྷན་རྒྱས་རང་དགོན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་འཁོད་ཡོད་པ་དང་། དེ་ཡང་བོན་གཞིས་ཐོབ་རྒྱལ་གསར་པའི་མདུན་སྒོར་བོན་གཞིས་ཉིན་སློབ་ཀྱི་དགེ་སློབ་ཡོངས་དང་། བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་མགོ་དང་སློབ་སྤྱི་གཙོས་དད་ལྡན་མང་ཚོགས་རྣམས་ནས་རོལ་མོ་སྣ་ཚོགས་དང་དར་དཀར་ཕྱག་ཏུ་ཐོག་ནས་ཕེབས་བསུ་གཟབ་རྒྱས་བྱས་ཡོད་པ་དང་། 

གསོ་རིག་འབུམ་བཞི་མཐོ་སློབ་སྨན་རིའི་གླིང་གི་དགེ་སློབ་ཡོངས་ནས་མཐོ་སློབ་སྒོ་མདུན་དུ་བསང་ཤུག་བདུག་སྤོས་སོགས་ཀྱི་ཕེབས་བསུ་བྱས་ཡོད་པ་དང་།

དཔལ་གཤེན་སྨན་རིའི་གླིང་གི་ཤར་སྒོར་༧སྐྱབས་རྗེ་དཔོན་སློབ་རིན་པོ་་ཆེ་དབུས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་དང་། གྲྭ་མང་ཡོངས། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ།

བོན་ཕྲུག་བདེ་དོན་གྱི་སློབ་ཕྲུག་བཅས་སེར་འཕྲེང་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་།

༧སྐྱབས་རྗེ་མཆོག་དཔལ་གཤེན་བསྟན་སྨན་རིའི་གླིང་གི་འཆམ་རར་ཕེབས་རྗེས་འདུས་མང་ཡོངས་གཡས་གཡོན་བསྟར་འཕྲེང་གཉིས་སུ་བརྒྱུས་ནས་གཤེན་རབ་མཆོད་རྔའི་མཆོད་པ་གྲུབ་རྗེས།


༧སྐྱབས་རྗེ་མཆོག་གསེར་ཁྲིར་བཞུགས་གསོལ་གྱི་འདོན་ཆོག་དང་། མཚན་ལྡན་བླ་མ་མཆོད་ཐབས་ནོར་བུའི་འཕྲེང་བའི་གཞུང་ལྟར་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་མ་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་རྗེས། སྔར་སྲོལ་བཞིན་སྐྱབས་རྗེ་མཆོག་ནས་འདུས་མང་ཡོངས་ལ་བསྙེན་བཀུར་མང་ཇ་དང་སྐུ་འགྱེད་སོགས་ཕུལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།