གཡུང་དྲུང་བོན་གྱི་དྲྭ་རྒྱ།

གདན་ས་སྨན་རིའི་གླིང་དུ་རྩ་བའི་བླ་མ་༧སྐྱབས་རྗེ་ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་༣༣རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ངོ་གཉིས་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པའི་གནས་བསྡུས།

ཕྱི་ཚེས་༢༢དང་༢༣ཉིན་གཉིས་རིང་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཀའ་དྲིན་མཚུངས་པ་མེད་པ་དཔལ་༧སྐྱབས་རྗེ་ཞིང་གཤེགས་དམ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་གཟིམ་ནས་ལོ་ངོ་༢་ཧྲིལ་བོར་འཁོར་བའི་དུས་ཆེན་སྲུང་བརྩི་བྱས་ཡོད་པ་དང་། དེ་ཡང་ཉིན་དང་པོར་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུས་རྒྱལ་བའི་བཀའ་དྲི་མ་མེད་པ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་ཞལ་ཕྱེ་ནས་འདུས་མང་ཡོངས་ནས་སྐད་བརྒྱ་གདངས་གཅིག་ལ་བརྒྱུས་ནས་དུས་ཆེན་ཁྱད་པར་ཅན་ལ་དགེ་ཚོགས་རླབས་པོ་ཆེ་བསགས་པའི་ཆོ་ག་དབུ་འཛུགས་གནང་ཡོད་པ་དང་།


ཉིན་གུང་གསང་སྔགས་སྒོམ་སྒྲུབ་གླིང་གི་ཐོག་རྩེག་དང་པོའི་ཚོམས་ཆེན་དུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤མཆོག་ནས་ཉེ་འཁོར་གྱི་རྒྱ་གར་མི་མང་ཡོངས་ལ་བཞེས་ལག་རྒྱས་འབུལ་བྱས་ཡོད་པ་དང་།


ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་༧།༣༠ཐོག་སྨན་རིའི་བླ་བྲང་དུ་སང་ལོར་འཚོགས་འཆར་གྱི་སྨན་རིའི་སྒྲུབ་ཆེན་ནམ་བདུད་རྩི་འོད་ཟེར་འཁྱིལ་བའི་སྒྲུབ་ཆེན་གྱི་སྒྲུབ་གཤེན་རྣམ་པ་བསྐོ་བཞག་གིས་༧སྐྱབས་རྗེ་མཁན་སློབ་ཟུང་ནས་སང་ལོའི་སྒྲུབ་ཆེན་གྱི་གལ་ཆེན་དང་སྤུས་དག་ཞིག་ཡོང་སླད་སྔ་མོ་ནས་གྲ་སྒྲིག་ཚགས་ཚུད་ཡོང་དགོས་སྐོར་སོགས་བཀའ་སློབ་གནང་ཡོད་པ་རེད།


ཆུ་ཚོད་༩ཐོག་སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་གཡུང་དྲུང་བོན་གྱི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་འདུས་མང་ཡོངས་དང་། བཙུན་དགོན་རདྞ་སྨན་གླིང་། བོན་ཕྲུག་བདེ་དོན། བོན་བུ་ཁྱིམ་ཁང་། བོན་གཞིས་ཉིན་སློབ། བོན་གཞིས་ཐོབ་རྒྱལ་གསར་པའི་མི་མང་ཚང་འཛོམས་ཐོག་སེར་འཕྲེང་སྒྲིག་ནས་ཞབས་ཐང་དུ་གླིང་སྐོར་དུ་ཕེབས་ཡོད་པ་དང་།

ཕྱིར་འཆམ་རར་སླེབས་རྗེས་གཤེན་རབ་མཆོད་རྔའི་མཆོད་པ་ཕུལ་རྗེས་ཚོགས་ཁང་དུ་བླ་མ་མཆོད་པ་སོགས་གདངས་སུ་གྱེར་ནས་མཆོད་ཚོགས་སྨོན་ལམ་རྒྱས་འདེབས་གནང་ཡོད་པ་དང་།

ཉིན་གུང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤མཆོག་གིས་གསང་སྔགས་སྒོམ་སྒྲུབ་གླིང་དུ་བོན་གཞིས་ཐོབ་རྒྱལ་གསར་པའི་མི་མང་ཡོངས་ཞལ་ལག་རྒྱས་འབུལ་ཞུས་ཡོད་དང་།

དགོང་མོའི་ཆུ་ཚོད་༧།༠༠པ་ནས་སེར་སྐྱ་མི་མང་ཡོངས་ཚོགས་ཁང་འཆམ་རར་གདན་འཛོམས་གྱིས་འདུས་མང་ཡོངས་ནས་བླ་མ་མཆོད་པ་གསུང་རྗེས་ཚོགས་ཁང་དང་བླ་བྲང་གཟིམ་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་།

སྨན་རིའི་སྒྲུབ་ཁང་དུ་རིམ་བཞིན་གཤེན་རབ་མཆོད་རྔའི་སྒྲ་ཡི་མཆོད་པ་སྤུངས་ནས་གཟིམ་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་དུ་༧སྐྱབས་རྗེ་ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་གསེར་གདུང་བྱིན་ཅན་དང་སྐུ་ང་འདྲ་མ་སོགས་ལ་རྟེན་མཇལ་གནང་རྗེས་སེར་སྐྱ་མི་མང་ཡོངས་ལ་བཀྲ་ཤིས་ལྷ་ཇ་ཕུལ་ནས་མཛད་སྒོ་ཡོངས་སུ་མཇུག་གྲུབ་པ་བཅས་སོ།