གཡུང་དྲུང་བོན་གྱི་དྲྭ་རྒྱ།

ནམ་མཁའ་འཕྲུལ་མཛོད་ཀྱི་གཞུང་ཁོག་སྤྱིར་བསྟན་ཟུར་བཀོལ།  

 ནམ་མཁའ་འཕྲུལ་མཛོད་ལྡེ་མིག་རྣམ་པ་དྲུག་གི་སྒོ་ནས་བསྟན་པ་སྟེ། ༡༽ལོ་རྒྱུས་ཁོག་དབུབ་ཀྱི་ལྡེ་མིག་གིས་རྗེས་འཇུག་གི་གཤེན་རབ་ཡིད་ཆེས་བསྐྱེད་ཅིང་བཤད་པའི་གཞི་བཟུང་བར་བྱེད་པ་བསྟན་པ་དང་།
༢༽མཚམས་སྦྱོར་ས་གཅོད་ཀྱི་ལྡེ་མིག་གིས་དོན་གྱི་གནད་བཀྲོལ་ཞིང་དཀྱུས་ཀྱི་ཁོག་བཤིགས་པར་བྱེད་པ་བསྟན་པ་དང་།
༣༽ ཀུན་བཏུས་ལུང་གི་ལྡེ་མིག་གིས་བཀའ་རྒྱུད་ཀྱི་དོན་བཀྲོལ་ཞིང་སྐལ་ལྡན་གྱི་ཤེས་རྒྱུད་དགྲོལ་བར་བྱེད་པ་བསྟན་པ་དང་།
༤༽ ལྟ་བ་སྟོང་ཐུན་ཤེས་བྱ་དྲུག་སྐོར་གྱི་ལྡེ་མིག་གིས་ཕྱི་རྒོལ་རྩོད་པའི་སྐྱོན་སྤོང་ཞིང་རང་གི་གཞུང་སྒྲུབ་པར་བྱེད་པ་བསྟན་པ་དང་།
༥༽ མཚོན་བྱེད་དཔེ་ཡི་ལྡེ་མིག་གིས་ཕྱི་ནང་གི་གྲས་ཐག་བཅད་ཅིང་ཐེ་ཚོམ་གྱི་གེཌ་སེལ་བར་བྱེད་པ་བསྟན་པ་དང་།
༦༽ མན་ངག་གནད་ཀྱི་ལྡེ་མིག་གིས་དོན་སྣང་ཐོག་ཏུ་ངོ་སྤྲད་ཅིང་འགྱུར་མེད་ལ་རྩལ་སྦྱང་ཚུལ་བསྟན་པ་དང་དྲུག་གི་སྒོ་ནས་བསྟན་པ་ཡིན་ནོ།
དེ་ལ་སྤྱིར་བཀའ་ཐམས་ཅད་ཕུན་སུམ་ཚོཌ་པ་བདུན་ནམ་ལྔའི་སྒོ་ནས་འཆད།
བཀའ་ལ་བརྟེན་པའི་བོན་ཐམས་ཅད་རྩིས་འགོ་རྣམ་པ་ལྔ་འམ་བདུན་གྱིས་སྒོ་ནས་འཆད། ལུང་ཐམས་ཅད་ཆེ་བ་རྣམ་པ་བདུན་ནམ་དགུའི་སྒོ་ནས་འཆད་དོ། དེ་ཡང་སེམས་ཉིད་འོད་གསལ་རྫོགས་པའི་རྒྱུད་ལས། ཡང་རྩེ་བླ་མེད་རྫོགས་ཆེན་གྱིས། འཕྲུལ་གྱི་སྙིང་པོའི་བཀའ་རྣམས་ལ། བཤད་ཅིང་འགྲེལ་ལུཌ་མང་ཡོད་ཀྱང་། མདོ་དྲིལ་རྣམ་གསུམ་གཏན་ལ་འབེབས། ཞེས་པ་ལྟར་མདོ་འགྲེལ་རྣམ་པ་གསུམ་ནི། ཐུགས་རྗེ་ཆེན་པོ་བྱིན་གྱིས་རླབས་ཀྱིས་བཤད་པ་དང་། རང་དོན་ངོ་བོ་ཉིད་ཀྱི་བཤད་པ་དང་། སྒྲ་ཚིག་སྡེབ་སྦྱོར་གྱིས་བཤད་པའོ།
༡༽ དེ་ཡང་ཅིའི་ཕྱིར་ཐུགས་རྗེ་བྱིན་གྱིས་རླབས་ཀྱི་བཤད་ཅེ་ན།
བོན་སྐུ་བདེ་བ་ཆེན་པོའི་བྱིན་རླབས་ཀྱིས། བོན་ཐམས་ཅད་ཀྱི་ངང་ཉིད་དུ་བྱིན་གྱིས་རླབས་ཏེ། དེ་ཉིད་ཀྱི་བྱིན་རླབས་ཀྱིས་འཁོར་དང་གདུལ་བྱ་རྣམས་ལ། སེམས་ཉིད་རྫོཌ་པ་ཆེན་པོའི་དོན་རྟོགས་པ་ཆེར་སྐྱེས་ཏེ་བློ་ཡི་གཏིང་དང་ངང་དུ་གྱུར་པའི་ཕྱིར་ན་ཐུགས་རྗེ་ཆེན་པོ་བྱིན་གྱིས་རླབས་ཀྱི་བཤད་པ་ཞེས་བྱ།
རང་དོན་ངོ་བོ་ཉིད་ཀྱི་བཤད་པ་ཅིའི་ཕྱིར་ཞེ་ན། བོན་ཐམས་སྐྱེ་འགག་མེད་པའི་ངོ་བོ་ཉིད་ཁོ་ན་ཡིན་པ་ལ། དེ་ཉིད་གཡུང་དྲུང་དཔའ་བོ་གསས་ཉིད་ཀྱི་ངོ་བོར། འཁོར་རྣམས་ཀྱི་སེམས་ལས་རང་རིག་པའི་ངོ་བོ་ཉིད་དུ་བཤད་པའི་ཕྱིར་ན་རང་དོན་ངོ་བོ་ཉིད་ཀྱི་བཤད་པ་ཞེས་བྱ།
སྒྲ་ཚིག་སྡེབ་སྦྱོར་གྱི་བཤད་པ་ཅིའི་ཕྱིར་ཞེ་ན། སྤྲུལ་པའི་གསུང་དངོས་སུ་གྲཌ་ཅིང་ཐོས་པས། ཚིག་དང་ཡི་གེར་བསྡེབས་ནས་སྒྲར་གསལ་བར་བྱས་ཏེ་རྣ་བའི་དབང་པོར་བཤད་པས་སེམས་ལ་དོན་ཉམས་སུ་མྱོང་བའི་ཕྱིར་ན་སྒྲ་ཚིག་སྡེབ་སྦྱོར་གྱི་བཤད་པ་ཞེས་བྱའོ།
གཏན་འབེབས་དོན་བདུན་ནམ་བཤད་ཐབས་བདུན་ནི། ༡༽ལྟ་བ་གནམ་ལ་ཁྱུང་ལྡིང་འདྲ་སྟེ་གཡང་ས་མེད། ༢༽ས་གཅོད་སྟག་གི་མཆོངས་བ་འདྲ་སྟེ་ཆེ་ཆུང་རན། ༣༽དོན་འདུས་རྩིས་ཀྱི་རྒྱ་མདུན་འདྲ་སྟེ་གཅིག་ཏུ་བསྡུས།༤༽ འབྲེལ་སྦྱར་ངང་མོའི་འགྲོས་དང་འདྲ་སྟེ་བར་མ་ཆད། ༥༽ ལུང་དྲང་དགུང་ཐོག་བབས་པ་འདྲ་སྟེ་གཏན་ལ་ཕེབས། ༦༽ གེགས་སེལ་བྱ་རྒོད་གཟན་མཐོང་འདྲ་སྟེ་རྡུགས་མེད་བསྒྲུབ། ༧༽ འབྲུ་འཇོམས་དུས་ཀྱི་སྦྲང་ཆར་འདྲ་སྟེ་བར་མི་འཆོར།
བཤད་ཐབས་བཞི་ནི། རང་བཞིན་སྐྱེ་མེད་ཀྱི་གཏན་ཚིགས་དང་། རོལ་པ་འགགས་མེད་ཀྱི་གཏན་ཚིགས་དང་། མཚན་ཉིད་གཉིས་མེད་ཀྱི་གཏན་ཚིགས་དང་། དེ་དག་གཏན་ཚིགས་སུ་འགྲོ་བའི་རྒྱུ་མཚན་དང་བཅས་ཀྱི་སྒོ་ནས་བཤད་པ་དང་བཞིའོ།
༼གཞུང་གསུམ་བློ་ཡི་བྲ་བྲག་ཅེས་པའི་གཞུང་གསུམ་ནི།༽ བཀྱེད་པ་རྒྱལ་པོའི་གཞུང་དང་། བཏུད་པ་བློན་པའི་གཞུང་དང་། རྣམ་པར་གཅོད་པ་བྲམ་ཟེའི་གཞུང་དང་གསུམ་ལ་འཇོག་སྟེ། གཡུང་དྲུང་སྙིང་པོ་ཉག་གཅིག་གི་རྒྱུད་ལས།བཀྱེད་དང་བཏུད་དང་རྣམ་པར་གཅོད། རྒྱལ་པོ་བློན་པོ་བྲམ་ཟེར་བཤད། རྒྱ་ཆེ་ཚིག་མང་དོན་ལ་འདྲིལ། དེ་ཕྱིར་རྒྱལ་པོའི་ཐ་སྙད་བཏགས། ཐེག་ཆེ་ཚིག་བརྒྱད་དོན་རབ་སྟེ། དེ་ཕྱིར་བློན་པོའི་ཐ་སྙད་བཏགས།  གཏིང་ཟབ་དོན་འདྲིལ་ལྷུག་པར་སྟོན། དེ་ཕྱིར་བྲམ་ཟེའི་ཐ་སྙད་བཏགས། ཞེས་གསུངས་པས་སོ།  སྤྱིར་གཞུང་འདིར་གོལ་ས་ལ་བཟླ་བའི་རྫོགས་པ་ཆེན་པོ་དང་། གོ་ས་མན་ངག་ཏུ་སྒྲུབ་པའི་རྫོགས་པ་ཆེན་པོ་དང་། གོལ་ས་ཤུགས་པ་ཆོད་པའི་རྫོགས་པ་ཆེན་པོ་དང་གསུམ་ཏུ་ཡོད་པ་ལས།
༼སྤྱི་ཡི་གནད་དོན་གྱི་མན་ངག་ཉི་ཤུ་རྩ་གཉིས་གང་ཞེ་ན།༽
དང་པོ་མཚན་བཏགས་རྩ་བའི་མན་ངག་ལ་རང་རིག་ཅིང་རྟོགས་པའི་སྟོབས་ཀྱིས་བོན་ཐམས་ཅད་མཉམ་པ་ཉིད་དུ་ལ་ཟློ་བར་བསྟན་པ་དང་གཅིག གཉིས་པ་གནས་ལུགས་གདོད་ནས་བསྒྲུབ་ཏུ་མེད་པར་ཡེ་ནས་གྲུབ་པའི་དོན་བསྟན་པ་དང་གཉིས། གསུམ་པ་ཤར་ལུགས་གང་ལྟར་ཡང་དགག་ཏུ་མེད་པས་རང་འབྱུང་ཡེ་ཤེས་ཀྱི་མཐོངས་གསལ་བའི་དོན་བསྟན་པ་དང་གསུམ། བཞི་པ་ཡིན་ལུགས་གང་ལྟར་ཡང་དམིཌ་སུ་མེད་པས་བོན་ཉིད་ཀྱི་ཀློང་རང་འབྱུང་དུ་བརྡོལ་བའི་དོན་བསྟན་པ་དང་བཞི། ལྔ་པ་གྲོལ་ལུགས་གདོད་ནས་རྒྱུན་ཆད་མེད་པས་དུས་གསུམ་མཉམ་པ་ཉིད་དུ་ལ་ཟློ་བའི་དོན་བསྟན་པ་དང་ལྔ། དྲུག་པ་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་ཡིས་ཤེས་བྱ་ཕྱོགས་མེད་མཐའ་མེད་དུ་ནམ་མཁའ་ལ་མདུང་བསྐོར་བྱེད་པ་ལྟར་བསྐོར་བའི་དོན་བསྟན་པ་དང་དྲུག  བདུན་པ་མཐའ་བཞི་འཛིན་པའི་རྒྱ་རང་སར་བཀྲོལ་ནས་མཐར་འཛིན་གྱི་མུན་པ་རང་གསལ་བའི་དོན་བསྟན་པ་དང་བདུན། བརྒྱད་པ་གསང་བ་ཀློང་བརྡོལ་གྱི་མན་ངག་གིས་སྐྱོན་དང་ཡོན་ཏན་གཉིས་མེད་དུ་ལ་ཟློ་བའི་དོན་བསྟན་པ་དང་བརྒྱད། དགུ་པ་ཤུཌ་ལས་འབྱུང་བའི་སྤྱོད་པས་གནས་ལུགས་རང་གྲོལ་ལ་བསྐྱལ་བའི་དོན་བསྟན་པ་དང་དགུ  བཅུ་པ་དྲུག་གསུམ་བཅོ་བརྒྱད་ཀྱི་གདམས་པ་ཡིས་སྐྱེ་ཤི་རྩད་ནས་གཅོད་པའི་དོན་བསྟན་དང་བཅུ། བཅུ་གཅིག་པ་མི་སྲིད་པ་རྣམ་པ་གསུམ་གྱིས་སྐྱེ་འགག་མེད་པར་གནད་གཅོད་པའི་དོན་བསྟན་པ་དང་བཅུ་གཅིག བཅུ་གཉིས་པ་དུས་གསུམ་མཉམ་པ་ཉིད་དུ་རྒྱུན་ཆད་མེད་པའི་ཚུལ་གྱིས་སྐུ་གསུམ་དབྱེར་མེད་ངོ་སྤྲད་པའི་དོན་བསྟན་པ་དང་བཅུ་གཉིས། བཅུ་གསུམ་པ་སྐུ་གསུམ་དབྱེར་མེད་ཆེན་པོས་མཐའ་བཞིའི་ཞེན་པ་དགྲོལ་བའི་དོན་བསྟན་པ་དང་བཅུ་གསུམ། བཅུ་བཞི་པ་ཅིར་ཡང་བྱ་བ་མེད་པའི་བོན་བཅུ་གཉིས་ཀྱིས་བོན་ཐམས་ཅད་བྱ་བྲལ་གྱི་ཀློང་དུ་ལ་ཟློ་བའི་དོན་བསྟན་པ་དང་བཅུ་བཞི། བཅོ་ལྔ་པ་དུས་མཉམ་རྣམ་པ་གསུམ་གྱིས་མན་ངག་གིས་སྣང་བ་སྣ་ཚོཌ་བོན་སྐུར་ངོ་སྤྲད་པའི་དོན་བསྟན་པ་དང་བཅོ་ལྔ། བཅུ་དྲུག་པ་དབྱིངས་ཀྱི་ཡོན་ཏན་ཉི་ཤུ་རྩ་གཅིག་གིས་འགྲོ་ས་དང་གྲོལ་ས་གཏན་པ་དབབ་པའི་དོན་བསྟན་པ་དང་བཅུ་དྲུག  བཅུ་བདུན་པ་རྒྱུ་མཚན་གོ་ལྡོག་པའི་གདམས་ངག་གིས་འབྲས་བུའི་རེ་དོཌ་བཅད་པའི་དོན་བསྟན་པ་དང་བཅུ་བདུན། བཅོ་བརྒྱད་པ་ཤེས་བྱ་བབས་ལྡོག་པའི་གདམས་ངག་དབྱིངས་ཤར་དབྱིངས་གྲོལ་དུ་གཏན་ལ་དབབ་པའི་དོན་བསྟན་པ་དང་བཅོ་བརྒྱད། བཅུ་དགུ་པ་མི་མཉམ་དང་མཉམ་པའི་བོན་རྣམ་པ་གསུམ་གྱིས་མཉམ་པ་ཉིད་ལ་བོགས་འདོན་དུ་མེད་པའི་དོན་བསྟན་པ་དང་བཅུ་དགུ  ཉི་ཤུ་པ་ངེས་པ་རྣམ་པ་གསུམ་གྱིས་དང་། མ་ངེས་པ་རྣམ་པ་གསུམ་གྱིས་ཐེ་ཚོམ་གྱི་གལ་འགེགས་བསལ་བའི་དོན་བསྟན་པ་དང་ཉི་ཤུ། ཉེར་གཅིག་པ་ཀློང་སུམ་ཕྲུག་གི་གདམས་ངག་གིས་སྐྱེ་ཤི་ཡི་གལ་འགེགས་བསྡམས་པའི་དོན་བསྟན་པ་དང་ཉེར་གཅིག། ཉེར་གཉིས་པ་གནད་དུ་བསྐྱོལ་བའི་བོན་རྣམ་པ་བདུན་གྱིས་དབྱིངས་ལ་འཔོ་འགྱུར་མེད་པའི་རྒྱས་གདབ་པའི་དོན་བསྟན་པ་དང་ཉེར་གཉིས་སོ།  སྤྱིར་རྫོགས་པ་ཆེན་པོ་ལ་བཞེད་གཞུང་མི་འདྲ་བ་ཇི་སྙེད་ཅིག་ཡོད་ཀྱང་བསྡུ་ན་གཉིས་སུ་འདུས་ཏེ། དེ་གང་ཞེ་ན། གཞི་ཇི་བཞིན་ཉིད་དུ་རང་གྲོལ་བའི་རྫོགས་པ་ཆེན་པོས་རིག་པ་གཏན་ལ་དབབ་པ་དང་། འདོད་པ་ཐ་དད་རང་ཤར་བའི་རྫོགས་པ་ཆེན་པོས་ཤེས་བྱས་གྲས་ཐག་གཅོད་པའོ། དེ་ལ་ཇི་བཞིན་ཉིད་དུ་རང་གྲོལ་བའི་རྫོགས་པ་ཆེན་པོ་རང་གཞུང་ལ་དོན་གྱི་མན་ངག་ཉི་ཤུ་རྩ་གཉིས་ཀྱི་སྒོ་ནས་སྟོན་ཏེ།

 

༡༽ དེ་ལས་དང་པོ་མཚན་གདག་རྩ་བའི་མན་ངག་ལ་རང་རིག་ཅིང་རྟོགས་པའི་སྟོབས་ཀྱིས་ན་བོན་ཐམས་ཅད་མཉམ་པ་ཉིད་དུ་ལ་བཟླ་བའི་དོན་བསྟན་པ་ནི། 

གྲོལ་ལུརྟོགས་མ་རྟོགས་ཀྱི་སྒྲ་ལས་གྲོལ་བ་ལ་བྱ་སྟེ། རྟོགས་གྲོལ་སྙམ་པ་ཡང་བཟང་རྟོགས་ཡིན། ཤེས་རིག་རང་གི་སྟོབས་ལས་གཞན་མེད། རིག་པ་རང་གི་ངོ་བོ་ལ་རྟོགས་མ་རྟོགས་དང་གྲོལ་མ་གྲོལ་གཉིས་དུ་མེད་ཅིང་མཉམ་པ་ཉིད་དུ་ལ་བཟླ་པས། རྫོགས་པ་ཆེན་པོ་ཕྱོགས་མེད་རིས་མེད་དུ་མཐའ་མེད། འཆིང་གྲོལ་གཉིས་སུ་མེད་པའི་ལྟ་བ་ཞེས་བྱ་སྟེ། མཐའ་ལ་སྐྱོན་དུ་མི་ལྟ་བའི་ཕྱིར་རོ། རྟོགས་ནས་གྲོལ་བར་འདོད་པ་ནི་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་མན་ཆོད་མཐའ་ལ་སྐྱོན་ཏུ་ལྟ་བ་དང་ཁྱད་མེད་དོ། དེ་དག་གི་རྫོགས་པ་ཕྱེད་རྫོགས་ལྟ་བ་གྱོང་རལ་སོང་བའི་སྐྱོན་ཡོད་དོ།
༢༽ སྤྱི་ཡི་གནད་གཉིས་པ་གནས་ལུཌ་གདོད་ནས་བསྒྲུབ་ཏུ་མེད་པར་ཡེ་ནས་གྲུབ་པའི་དོན་བསྟན་པ་ནི།
གཤིས་ཀྱི་གནས་ལུཌ་དེ་སྐྱེས་བུའི་སྟོབས་སམ་ཕྲལ་གྱི་རྩོལ་བ་ལས་བྱུང་བ་ཡང་མ་ཡིན། ཐེག་པ་འོག་མ་བཞིན་དུ་རྒྱུ་རྐྱེན་གྱིས་བསྐྱེད་ནས་ཕྲལ་དུ་བྱུང་བ་མ་ཡིན། མུ་སྟེགས་བཞིན་དུ་ཕྱྭ་དང་དབང་ཕྱུག་བྱེད་པ་པོས་ཀྱང་མ་བྱས། ནམ་མཁའ་བཞིན་དུ་ཡེ་ནས་གྲུབ་པའི་བོན་ཉིད་ཡིན་པས་ད་གཟོད་བསྒྲུབ་ཏུ་མེད་པས་ཐེག་པ་གཞན་ལ་རག་མ་ལུས། དེ་ལྟར་མ་ལུས་པས་རྫོགས་ཆེན་བྱ་བཙལ་ཐམས་ཅད་དང་བྲལ་བའོ།
༣༽  སྤྱི་ཡི་གནད་གསུམ་པ་ཤར་ལུཌ་གང་ལྟར་ཡང་དགག་ཏུ་མེད་པས་རང་འབྱུང་ཡེ་ཤེས་ཀྱི་མཐོངས་གསལ་བའི་དོན་བསྟན་པ་ནི།
དཔེར་ན་ནམ་མཁའ་ཆེན་པོ་ལས་ཆོ་འཕྲུལ་ཀོག་ལངས་སུ་འོང་བ་སུས་ཀྱང་མི་ཁེགས་པ་ལྟར། རིག་པའི་ཤར་ལུགས་སྣ་ཚོཌ་པ་འདི་སུས་ཀྱང་མི་ཁེཌ་ཏེ། དགག་བྱ་དངོས་ཀ་འགེགས་བྱེད་དུ་ཤར་བས་སོ། དེ་ལྟར་ཤེས་ཙམ་ན་མ་རིག་པའི་མུན་པ་རང་འབྱུང་ཡེ་ཤེས་ཀྱི་མཐོངས་སུ་བསལ་ཏེ། མུན་རུམ་ཆེན་པོར་ཉི་མའི་དཀྱིལ་འཁོར་ཤར་བ་དང་འདྲའོ། དེ་ཕྱི་ནང་མེད་པར་ཤར་བས་ཐེག་པ་འོང་མ་བ་རིག་པ་ཕྱི་ནང་ཅན་དུ་འདོད་པ་དང་ཤན་ཕྱེད་དོ། དེ་ཕྱེད་པས་འགྲོ་དྲུག་གི་གཡང་ས་དང་ཐེག་པ་འོག་མ་བའི་གོལ་ས་ཐམས་ཅད་ཤུགས་ལས་ཆོད་དོ།
༤༽ ༼སྤྱི་ཡི་གནད་བཞི་པ་ཡིན་ལུགས་གང་ལྟར་ཡང་དམིགས་སུ་མེད་པས་བོན་ཉིད་ཀྱི་ཀློང་རང་འབྱུང་དུ་བརྡོལ་བའི་དོན་བསྟན་པ་ནི།༽
རེ་ཞིག་མཚོན་ཚུལ་ཙམ་ལས་མིང་དུ་བཏཌ་པ་ལས། སངས་རྒྱས་འདི་ཡིན་བྱ་བའམ་སེམས་ཅན་འདི་ཡིན་བྱ་བའི་དམིགས་པའི་ཡུལ་ལས་འདས། མཚན་མའི་ཡུལ་དང་བྲལ་བའི་བོན་ཉིད་ཀློང་རང་བྱུང་དུ་བརྡོལ་ལོ། རེ་ཞིག་མིང་དུ་བཏཌ་ན། སེམས་ཅན་དངོས་སངས་རྒྱས། སྣང་བ་དངོས་སྟོང་པ། བེམ་པོ་དངོས་རིག་པ་ཡིན་ནོ། དེ་ལས་ལྷག་པའི་བོགས་ཤིག་འདོད་ན་ཐེག་པ་འོག་མ་བར་གོལ་བས། དེས་ན་དངོས་པོ་སྣ་ཚོགས་རང་འབྱུང་གི་དོན་ཡིན་པ་ལྟ་བའི་ལ་བཟླའོ། དེ་ཡང་ཕྲལ་དུ་རྩོལ་བས་བྱས་པ་ལྟ་བུ་མ་ཡིན་ཏེ། ཡེ་ནས་དེ་ཀ་ལྟར་ཡིན་པས་ཁ་ཡན་ཆེན་པོ་ཆིག་ཆོད་ཀྱི་དོན་སྟོན་པ་ཞེས་བྱའོ།
༥༽ ༼སྤྱི་ཡི་གནད་ལྔ་པ་གྲོལ་ལུགས་གདོད་ནས་རྒྱུན་ཆད་མེད་པས་དུས་གསུམ་མཉམ་པ་ཉིད་དུ་ལ་བཟླ་བའི་དོན་ནི།༽
དཔེ་ཆོ་འཕྲུལ་རང་འབྱུང་རང་ཞིར་ཡིན་པ་ལྟར་བསྟན་པ་རང་གིས་གྲོལ་ཏེ། ཤེས་ཤིང་རྟོཌ་པ་དང་། སྒོམ་ཞིང་བསྒྲུབ་པ་ལ་རག་མ་ལས་པར་གྲོལ་ལོ། དེ་ཡང་ཇི་ལྟར་གྲོལ་ཞེ་ན། ད་རེས་འདི་ཡི་སྐབས་སུ་གྲོལ་ལུགས་ཀྱིི་གདམས་ངག་དགུ་རུ་སྟོན་ཏེ། དང་པོ་ངེས་མེད་ཕྱོགས་མེད་ཀྱི་རྣམ་པ་དབྱིངས་སུ་གྲོལ་བར་བསྟན་པ་དང་།  གཉིས་པ་འཛིན་མེད་རང་ཤར་གྱི་དབྱིངས་སུ་གྲོལ་བར་བསྟན་པ་དང་། གསུམ་པ་དབྱེར་མེད་ཟང་ཐལ་དུ་གྲོལ་བར་བསྟན་པ་དང་། བཞི་པ་ལྷུན་གྲུབ་འགྱུར་མེད་དུ་གྲོལ་བར་བསྟན་པ་དང་། ལྔ་པ་སྐྱེ་མེད་རང་གྲོལ་དུ་གྲོལ་བར་བསྟན་པ་དང་། དྲུག་པ་ཡེ་ཡིན་ཆིག་ཆོད་དུ་གྲོལ་བར་བསྟན་པ་དང་། བདུན་པ་ཐོག་བབས་ཅར་ཕོག་ཏུ་གྲོལ་བར་བསྟན་པ་དང་། བརྒྱད་པ་བྱ་བྲལ་ཀྱི་དབྱིངས་སུ་གྲོལ་བར་བསྟན་པ་དང་། དགུ་པ་ཇི་བཞིན་པའི་དབྱིངས་སུ་གྲོལ་བར་བསྟན་པ་བཅས་སོ།

༼སྤྱི་ཡི་གནད་དྲུག་པ་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་བཞི་ཡིས་ཤེས་བྱ་ཕྱོཌ་མེད་མཐའ་མེད་དུ་མདུང་བསྐོར་བ་ལྟར་བསྐོར་བའི་དོན་བསྟན་པ་ལ།༽
བཞི་ཚོ་བཞི་ཡི་གདམས་ངག་འདི་ལ་སྤྱིའི་གནད་བཞི་ཡིས་ཕུལ་ནས་བཤད་ན། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིས་ཤེས་བྱ་ཕྱོཌ་མེད་མཐའ་མེད་དུ་བསྐོར་བའི་གནད་བསྟན་པ་དང་གཅིག མཐའ་བཞི་རྒྱ་གྲོལ་གྱི་མཐའ་ཡི་མུན་པ་གསལ་བའི་གནད་བསྟན་པ་དང་གཉིས། གསང་བ་ཀློང་བརྡོལ་གྱི་གདམས་ངག་གིས་སྐྱོན་དང་ཡོན་ཏན་གཉིས་མེད་དུ་ལ་བཟླ་བའི་གནད་བསྟན་པ་དང་གསུམ། ཤུགས་འབྱུང་གི་རིག་པས་གནས་ལུཌ་ཀྱི་དོན་ལ་བསྐྱལ་བའི་གནད་བསྟན་པ་དང་བཞི་ཡིས་བཞི་ཚོ་བཞི་ཡི་དོན་མདོར་བསྟན་ནས།༦༽ སྤྱི་ཡི་གནད་དྲུག་པ་བཞི་ཚོ་དང་པོ་གནས་ལུགས་ལས་འཕྲོས་པའི་དོན་བཞི་སྟེ། ལྟ་སྒོམ་སྤྱོད་པ་འབྲས་བུ་དང་བཞི། ཞོར་ལ་གཏན་ཚིགས་ལྔ་ལྔ་ཡོད་པ་ལ། དང་པོ་ལྟ་བ་ཇི་བཞིན་ཉིད་ཀྱི་དངོས་གཞི་བ་ལ། ཕྱོགས་འཛིན་གང་ཡང་མི་སྤོང་པའི་ལྟ་བ་དང་གཅིག་དེ་ལས་རྒྱ་ཆད་ཕྱོགས་ལྷུང་མེད་པའི་སྒོམ་པ་བྱུང་བ་དང་གཉིས། དེ་ལ་མཐའ་མ་འགག་ལ་ཞེན་པ་མེད་པའི་སྤྱོད་པ་འབྱུང་བ་དང་གསུམ། དེ་ལས་འགྱུར་གང་དུ་ཡང་མི་འགྱུར་ལ་གྲུབ་གང་ལྟར་ཡང་ལྷུན་གྱིས་གྲུབ་པའ་འབྲས་བུ་འབྱུང་བ་བཞིའོ། དེ་ལས་དང་པོ་གཏན་ལ་དབབ་པ་ལ་ལུང་རིགས་མན་ངག་གསུམ་མོ། མཚོན་དཔེ་ནི། རྣམ་པ་གསུམ་གྱིས་མཚོན་ཏེ། རྒྱ་གར་ཡང་མ་ཆད་ལ་ཕྱོགས་གར་ཡང་མ་ལྷུང་བར་འདུས་མ་བྱས་ནམ་མཁའི་དཔེ་ཡིས་མཚོན་པ་དང་། དགོས་འདོད་ཐམས་ཅད་འབྱུང་བའི་བདག་ཉིད་ཅན་ནོར་བུ་རིན་པོ་ཆེ་ཡིས་དཔེ་ཡིས་མཚོན་པ་དང། སྣང་བ་རྣམ་པ་གསུམ་གྱི་དཔེ་སྨན་གྱི་རྒྱལ་པོ་ག་བུར་གྱིས་དཔེ་ཡིས་མཚོན་པ་དང་གསུམ་མོ།
༧༽ སྤྱི་ཡི་གནད་བདུན་པ་བཞི་ཚོ་གཉིས་པ་ཤར་ལུཌ་ལས་འཕྲོས་པའི་བོན་བཞི་སྟེ། ཞོར་ལ་གཏན་ཚིགས་དང་ལྔ་སྟེ། དང་པོ་ངེས་ཅིར་ཡང་མ་ངེས་པ་ལ་ཤར་ཐམས་ཅད་དུ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དུ་རང་ཤར་བའི་ལྟ་བ་དང་གཅིག།དེ་ལས་ཡེ་ཤེས་ལ་ཤར་ནུབ་མེད་པའི་སྒོམ་པ་བྱུང་བ་དང་གཉིས། དེ་ལས་རིག་པ་ཕྱི་ནང་མེད་པའི་སྤྱོད་པ་འབྱུང་བ་དང་གསུམ། དེ་ལས་དབྱེ་གསལ་བླང་དོར་མེད་པའི་འབྲས་བུ་འབྱུང་བ་དང་བཞིའོ། དེ་རེ་རེ་ལ་ལུང་རིགས་མན་ངག་རྣམ་པ་གསུམ་གྱིས་བསྟན་ཏོ། མཚོན་བྱེད་དཔེ་གོང་བཞིན་ནོ།
༨༽ སྤྱི་ཡི་གནད་བརྒྱད་པ་བཞི་ཚོ་གསུམ་པ་ཡིན་ལུཌ་ལས་འཕྲོས་པའི་བོན་བཞི་སྟེ། ཞོར་ལ་གཏན་ཚིགས་དང་ལྔ་སྟེ། ཡིན་གང་ཡང་ཡིན་ལ་འགལ་གང་ཡང་མི་འགལ་བའིི་ལྟ་བ་འབྱུང་བ་དང་གཅིག དེ་ལས་ཀུན་ཏུ་བཟང་པོ་མཉམ་པ་ཉིད་ཆེན་པོའི་སྒོམ་པ་འབྱུང་བ་དང་གཉིས། དེ་ལས་བཟང་ངན་བླང་དོར་མེད་པའི་སྤྱོད་པ་འབྱུང་བ་དང་གསུམ། དེ་ལས་དགག་སྒྲུབ་སྤངས་ཐོབ་མེད་པའི་འབྲས་བུ་འབྱུང་བ་དང་བཞིའོ། གཏན་ཚིགས་དང་མཚོན་དཔེ་གཉིས་གོང་དང་འདྲ། ༩༽སྤྱི་ཡི་གནད་དགུ་པ་གྲོལ་ལུཌ་ལས་འཕྲོས་པའི་བོན་བཞི་ཞོར་ལ་གཏན་ཚིཌ་དང་ལྔ། དང་པོ་སྤངས་གང་ཡང་མ་སྤངས་ལ་གནས་གང་དུ་ཡང་མི་གནས་པའི་ལྟ་བ་དང་གཅིག། དེ་ལས་རིག་པ་གཏན་མེད་ཡུལ་དང་བྲལ་བའི་སྒོམ་པ་འབྱུང་བ་དང་གཉིས། དེ་ལས་བག་ཆགས་ལ་གནས་མེད་བྱ་ལམ་རྗེས་མེད་ཀྱི་སྤྱོད་པ་འབྱུང་བ་དང་གསུམ། དེ་ལས་རེ་དོགས་སྤངས་ཐོབ་མེད་པའི་འབྲས་བུ་འབྱུང་བ་དང་བཞིའོ། གཏན་ཚིགས་དང་མཚོན་དཔེ་གོང་བཞིན་ནོ། ༡༠༽ སྤྱིའི་གནད་བཅུ་པ་དོན་བསྐོར་རྣམ་པ་ལྔ་ཡིས་གཏན་ལ་དབབ་པ་སྟེ། ༡༽ དོན་བསྐོར་ལྔ་ནི། དྲུག་གསུམ་བཅོ་བརྒྱད་ཀྱིས་སྐྱེ་ཤི་རྩད་ནས་གཅོད་པའི་གནད་བསྟན་པ་དང་གཅིག  ༢༽ མི་སྲིད་པ་རྣམ་པ་གསུམ་གྱིས་སྐྱེ་འགག་མེད་པར་གནད་གཅད་པ་དང་གཉིས། ༣༽དུས་གསུམ་མཉམ་པ་ཉིད་རྒྱུན་ཆད་མེད་པས་སྐུ་གསུམ་དབྱེར་མེད་དུ་ངོ་སྤྲད་པ་དང་གསུམ། ༤༽ སྐུ་གསུམ་དབྱེར་མེད་ལས་མཐའ་བཞིའི་ཞེན་པ་དགྲོལ་བའི་གནད་དང་བཞི། ༥༽ བྱ་བ་མེད་པའི་བོན་བཅུ་གཉིས་ཀྱིས་བྱ་བྲལ་གྱི་ཀློང་དུ་ལ་བཟླ་བའི་གནད་དང་ལྔའོ། དོན་བསྐོར་ལྔ་ཡི་དང་པོ་དྲུག་གསུམ་བཅོ་བརྒྱད་ཀྱི་གདམས་པ་ཡིས་སྐྱེ་ཤི་རྩད་ནས་གཅོད་པའི་དོན་བསྟན། ཞེས་པའི་དྲུག་གསུམ་བཅོ་བརྒྱད་ནི། དམ་བཅའ་གསུམ་དང་། ལུང་རིག་མན་ངག་གསུམ་དང་དྲུག  གཏན་ཚིགས་གསུམ་དང་། གཏན་ཚིགས་བཏང་བ་གསུམ་དང་དྲུག  ཡིད་ཆེས་གསུམ་དང་། ཡིད་ཆེས་གཏང་བ་གསུམ་དང་དྲུག་སྟེ་བཅོ་བརྒྱད་དོ། དྲུག་གསུམ་བཅོ་བརྒྱད་ལས་དང་པོ་དམ་བཅའ་གསུམ་དང་ལུང་རིག་མན་ངག་གསུམ་ནི། ཐོག་མེད་སྐྱེ་བའི་གཞི་མེད་པའི་དམ་བཅའ་བ་དང་། བར་དུ་གནས་པའི་ཡུལ་མེད་པར་དམ་བཅའ་བ་དང་། ཐ་མ་བའི་ལམ་མེད་པར་དམ་བཅའ་བ་དང་གསུམ་མོ། གཉིས་པ་ལུང་རིཌ་མན་ངག་གསུམ་ནི་གཞུང་ལ་གཟིཌ་རྒྱུ་ལས་འདིར་བཀོད་ཚོད་མེད།
༡༡༽ སྤྱི་ཡི་གནད་བཅུ་གཅིག་པ་དོན་བསྐོར་ལྔ་ཡི་གཉིས་པ་གཏན་ཚིག་གསུམ་དང་གཏན་ཚིགས་བཏང་བ་གསུམ་ནི། རང་འབྱུང་ཡེ་ཤེས་ཀྱི་གཏན་ཚིཌ་དང་གཅིག། ངེས་མེད་ཆེན་པོ་གཏན་ཚིགས་དང་གཉིས། བོན་སྐུ་ལ་འགྱུར་བ་མེད་པའི་གཏན་ཚིགས་དང་གསུམ་མོ། གཏན་ཚིགས་བཏང་བ་གསུམ་ནི། གོང་གི་གཏན་ཚིཌ་གསུམ་པོ་སྟེ། གཏན་ཚིགས་ལ་གཏན་ཚིགས་བཏང་བ་མན་ངག་ཡིན་ཏེ་ཞེས་པ་ལྟར། དང་པོ་སྣང་ཞིང་སྲིད་པའི་བོན་ཐམས་ཅད་རང་འབྱུང་ཡིན་པའི་རྒྱུ་མཚན་རྒྱུ་མཚན་དང་། ངེས་མེད་ཆེན་པོ་ཡིན་པའི་རྒྱུ་མཚན། བོན་སྐུ་ལ་འགྱུར་བ་མེད་པའི་རྒྱུ་མཚན་སོཌ་རྒྱུ་མཚན་དུ་མའི་སྒོ་ནས་སོ་སོར་གོ་བརྡ་སྤྲད་པའི་ཐབས་སྟོན་པ་ལ་གཏན་ཚིགས་བཏང་ཟེར་བ་ཡིན་ནོ།
༡༢༽ སྤྱི་ཡི་གནད་བཅུ་གཉིས་པ་དོན་བསྐོར་ལྔ་ཡི་གསུམ་པ་ཡིད་ཆེས་རྣམ་པ་གསུམ་དང་ཡིད་ཆེས་བཏང་བ་གསུམ་ནི། དང་པོ་རྒྱུ་ཡི་བོན་ལ་མི་གནས་པར་ཡིད་ཆེས་པ་དང་། གཉིས་པ་རྐྱེན་གྱི་བོན་ལ་མི་གནས་པར་ཡིད་ཆེས་པ་དང་། གསུམ་པ་འབྲས་བུའི་བོན་ལ་མི་གནས་པར་ཡིད་ཆེས་པ་དང་གསུམ་མོ།  ཡིད་ཆས་བཏང་བ་གསུམ་ནི། དེ་ལྟར་ དོན་གྱི་ཡིན་ཚུལ་མཐར་ཐུག་དེ་རྒྱུ་དང་རྐྱེན་འབྲས་བུའི་བོན་རྣམས་ལ་མི་གནས་པའི་ཚུལ་གསུམ་པོ་ལུང་རིག་མན་ངག་གསུམ་གྱིས་གོ་བརྡ་འཕྲོད་པར་བྱས་ནས་ཡིད་ཆེས་པར་བྱས་པས་ན་ཡིད་ཆེས་བཏང་བ་ཟེར་རོ།
༡༣༽ སྤྱི་ཡི་གནད་བཅུ་གསུམ་པ་དོན་བསྐོར་ལྔ་ཡི་བཞི་པ་རིག་པ་གནད་དུ་འགྲོ་བའི་གདམས་ངག་རྣམ་པ་བདུན་ནི། དང་པོ་དབྱིངས་གྲོལ་དབྱིངས་ཤར་དུ་འགྲོ་བའི་གནད་བསྟན་པ་དང་གཅིག གཉིས་པ་སྣང་བ་ཐོག་བབས་ཀྱི་ཚུལ་དུ་གྲོལ་བའི་གནད་དང་།  གསུམ་པ་མི་སྲིད་པ་གསུམ་གྱིས་ཚུལ་དུ་གྲོལ་བའི་གནད་དང་། བཞི་པ་སྐྱེ་འགག་མེད་ཅིང་འཇུག་ལྡོག་མེད་པའི་ཚུལ་དུ་གྲོལ་བའི་གནད་དང། ལྔ་པ་དུས་གསུམ་མཉམ་ཉིད་རྒྱུན་ཆད་མེད་པའི་ཚུལ་དུ་གྲོལ་བའི་གནད་དང་། དྲུག་པ་སྐུ་གསུམ་དབྱེར་མེད་ཀྱི་ཚུལ་དུ་གྲོལ་བའི་གནད་དང་། བདུན་པ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པའི་ཚུལ་དུ་གྲོལ་བའི་གནད་བསྟན་པ་དང་བདུན་ནོ།
༡༤༽ སྤྱི་ཡི་གནད་བཅུ་བཞི་པ་དོན་ལྔར་གསུངས་པའི་ལྔ་པ་ལ་བཟླ་བར་བསྟན་པ་ནི། བྱ་བ་མེད་པའི་བོན་བཅུ་གཉིས་ཀྱིས་བྱ་བྲལ་གྱི་ཀློང་དུ་ལ་བཟླ་བར་བསྟན་པ་ནི། དེ་ཡང་སྤྲོས་བྲལ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་བཅུ་བདུན་པ་ལས། བྱ་བྱེད་མང་ན་ཡང་དག་དོན་མི་གནས་པར་ཤེས། རྩོལ་སྒྲུབ་དྲག་ན་གཤེན་རབ་བདུད་ཀྱི་གཡམ་ལ་རྒྱུག  བྱ་མེད་རང་གྲོལ་དོན་ལ་ལྷོད་དེ་ཤིགས་སེ་ཞོགས། ཞེས་གསུངས་བཞིན། དེ་ལ་གོང་གནོན་གྱི་བོན་རྣམ་པ་བདུན་དང་། གནང་ཀ་རྣམ་པ་ལྔ་བཅས་བཅུ་གཉིས་པོ་སྟེ། དང་པོ་དགོས་པ་རྣམ་པ་བཞི་དང་། ཚད་རྣམ་པ་གསུམ་སྟེ་བདུན་ནོ།  དང་པོ་དགོས་པ་རྣམ་པ་བཞི་ནི། དང་པོ་བསྒྲུབ་བྱ་གོ་ཟློག་ནུས་པ་ཞིག་དགོས་པ་དང་གཅིག གཞན་གྱི་སྒྲོས་བསྐུར་ཉམ་མི་ང་ཞིག་དགོས་པ་དང་གཉིས། མཚན་མའི་བྱ་བ་ལ་བློ་མི་འཇུག་པ་ཞིག་དགོས་པ་དང་གསུམ། སྒྲ་དང་ཐ་སྙད་ཀྱི་ཕྱིར་མི་་འབྲེང་བ་ཞིག་དགོས་པ་དང་བཞིའོ།
ཚད་རྣམ་པ་གསུམ་ནི། རྟགས་དང་མཚན་མ་དགའ་བྲོད་མི་སྐྱེ་ན་རྟོགས་པའི་ཚད་དུ་སྟོན་པ་དང་ལྔ།  རྐྱེན་དང་སྡུག་བསྔལ་ལ་ཉམས་ང་བག་ཚ་མེད་ན་གཡང་སར་མི་ལྟུང་བའི་ཚད་དང་དྲུག  བཀའ་རྒྱད་སྒྲ་ཚད་ཀྱི་རྗེས་སུ་མི་འབྲེང་ན་རྫོགས་ཆེན་གྲུབ་མཐའ་ཀློང་དུ་གྱུར་པའི་ཚད་དང་བདུན། གནད་ཀ་རྣམ་པ་ལྔ་ནི། བྱས་པའི་བོན་གྱི་སངས་མི་རྒྱས་པའི་གནད་ཀ་དང་བརྒྱད། གཉེན་པོ་རྒྱུད་ལ་མི་བསྟེན་པའི་གནད་ཀ་དང་དགུ  བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་ཤུགས་འབྱུང་ཀློང་བརྡོལ་རང་ཤར་རང་ལུགས་སུ་མཐོང་ཞེས་པའི་གནད་ཀ་དང་བཅུ། འགྲོ་ས་དང་གྲོལ་ས་ཡོད་པས་རེ་བ་དང་དོགས་པ་རང་མ་བྱེད་ཅེས་བྱ་བའི་གནད་ཀ་དང་བཅུ་གཅིག  རྟོགས་རུང་མ་རྟོགས་རུང་གྲོལ་བ་ཡིན་པས་བློ་བདེ་བར་གྱིེས་ཤིག་ཅེས་པའི་གནད་ཀ་དང་བཅུ་གཉིས་སོ།
༡༥༽ སྤྱི་ཡི་གནད་བཅོ་ལྔ་པ་དུས་མཉམ་རྣམ་པ་གསུམ་གྱི་མན་ངག་གིས་སྣང་བ་བོན་སྐུར་ངོ་སྤྲད་པ་ལ།   དུས་མཉམ་རྣམ་པ་གསུམ་ནི།   དང་པོ་སྣང་བ་ཤར་བ་དང་བོན་ཉིད་མཐོང་བ་དུས་མཉམ་པ་དང་གཅིག། གདམས་ངག་ཐོབ་པ་དང་ཡིད་ཆེས་པའི་དུས་མཉམ་པ་དང་གཉིས། ཕུང་པོ་བོར་བ་དང་དབྱིངས་སུ་འགྲོ་བ་དུས་མཉམ་པ་དང་གསུམ་མོ། འོ་ན་དུས་མཉམ་ཞེས་པའི་ངེས་ཚིག་རང་གང་ཡིན་ཞེ་ན། ཆིག་ཆོད་ཡིན་པས་ན་དུས་མཉམ་དུ་བཏགས་ཏེ། ཐེག་པ་འོག་མ་བ་ལ་ལམ་རིམ་གྱིས་པ་དང་། ས་རིམ་གྱིས་པ་དང་། དུས་རིམ་གྱིས་པ་ལ། ལྟོས་པའི་དུས་མཉམ་མེད་དོ། ཆིག་ཆོད་ལ་ཡང་ལམ་ཆིག་ཆོད་དང་། ས་ཆིག་ཆོད། དུས་ཆིག་ཆོད། བློ་ཆིག་ཆོད། ཤེས་རབ་ཆིག་ཆོད། སྣོད་ཆིག་ཆོད། གདམས་ངག་ཆིག་ཆོད་གཞུང་བཞིན་ལམ་ས་དུས་བློ་ཤེས་རབ་སྣོད་དང་གདམས་ངག་ཆིག་ཆོད་དོ་ཞེས་པ་བཞིན་ནོ།
༡༦༽ སྤྱི་ཡི་གནད་བཅུ་དྲུག་པ། དུས་མཉམ་ཐ་མ་དེར་འཛིན་གྱི་ཕུང་པོ་བོར་བ་དང་དབྱིངས་སུ་གྲོལ་བ་དུས་མཉམ་པ་ལ། གནད་རྣམ་པ་ལྔ་སྟེ། དབྱིངས་ཀྱི་ཡོན་ཏན་ཉི་ཤུ་རྩ་གཅིག་གི་འགྲོ་ས་དང་གྲོལ་ས་གཏན་པ་དབབ་པའི་གནད་བསྟན་པ་ལ། དབྱིངས་ཀྱི་ཡོན་ཏན་ཉི་ཤུ་རྩ་གཅིག་ནི། ཐུན་མོང་གི་བོན་བདུན་དང་། ཁྱད་པར་གྱི་བོན་བཅུ་བཞིའོ།དང་པོ་ཐུན་མོང་གི་བོན་བདུན་ནི། འཁོར་འདས་རྒྱ་མ་ཆད་པའི་ཡོན་ཏན་དང་གཅིག། ངན་སོང་རིགས་ཆད་དུ་མི་འགྲོ་བའི་ཡོན་ཏན་དང་གཉིས། བྱས་པ་ཆུད་མི་ཟ་བའི་ཡོན་ཏན་དང་གསུམ། ཀུན་ཏུ་ལོངས་སྤྱོད་དུ་ཡོད་པའི་ཡོན་ཏན་དང་བཞི། རང་གི་འབྲས་བུ་མི་བསླུ་བའི་ཡོན་ཏན་དང་ལྔ། མཉམ་བཞག་དང་རྗེས་ཐོབ་ཞི་གནས་དང་ལྷག་མཐོང་སྒོམ་ཏུ་བཏུབ་པའི་ཡོན་ཏན་དང་དྲུག  མ་སྒོམ་ཡང་མཚན་མ་རང་མཚན་དུ་མི་འགྲོ་བའི་ཡོན་ཏན་དང་བདུན་ནོ། ཁྱད་པར་གྱི་བོན་བཅུ་བཞི་ནི། སྐྱེ་བ་མེད་པ་བོན་སྐུའི་ཀློང་དང་གཅིག།མི་འགག་པ་རྫོགས་པའི་སྐུ་ཡི་ཀློང་དང་གཉིས། མི་གནས་པ་སྤྲུལ་བའི་སྐུ་ཡི་ཀློང་དང་གསུམ། རྒྱུ་ལས་མ་བྱུང་བས་རང་འབྱུང་ཡེ་ཤེས་ཀྱི་ཀློང་དང་བཞི། རྐྱེན་ལས་མ་སྐྱེས་པས་འདུས་མ་བྱས་པས་ཀློང་དང་ལྔ། གཉེན་པོས་མི་ཤིག་པས་འཇིག་བྲལ་མེད་ཀློང་དང་དྲུག  དེ་ལ་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་ལས་སོགས་ལ་ཕྱོགས་མེད་དུ་འཆར་བས་ན་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལྷུན་གྲུུབ་ཕྱོགས་མེད་ཀྱི་ཀློང་དང་བདུན། དེ་ལྟ་བུ་དེ་ནས་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་ལས་སོགས་པ་འབྱེད་པས་ཐམས་ཅད་མཁྱེན་པའི་དབྱིངས་དང་བརྒྱད། དེ་ལ་ཡོན་ཏན་རྒྱུན་དུ་འབྱུང་སྟེ། ཐུན་མོང་གི་ཡོན་ཏན་འཇིག་རྟེན་འདི་རུ་འབྱུང་བ་དང་། ཕྱི་པར་ཁྱད་པར་ཀྱི་ཡོན་ཏན་འབྱུང་བས་ན་ཡིད་བཞིན་ནོར་བུ་རིན་པོ་ཆེའི་གླིང་དང་དགུ  དེ་ལ་ཕྱི་ནང་གཉིས་སུ་མེད་ཡུལ་སེམས་གཉིས་སུ་མེད་པ་བོན་ཉིད་ཟང་ཐལ་གྱི་ཀློང་དང་བཅུ། དེ་ཚད་གཟུང་བའི་ཡུལ་ལས་འདས་པས་མཐའ་ཐམས་ཅད་དང་བྲལ་ཏེ་མུ་མཐའ་དང་བྲལ་བའི་དབྱིངས་དང་བཅུ་གཅིག དེའི་རང་བཞིན་བརྟག་པར་དཀའ་བས་ཟབ་ཅིང་ཆ་ཕྲ་ལ་གཏིང་རིང་བས་ན་བོན་སྐུ་ཐིག་ལེ་ཉག་གཅིག་གི་ཀློང་དང་བཅུ་གཉིས། ངོ་བོ་དམིགས་སུ་མེད་པས་ཚད་མ་མེད་པའི་ཀློང་དང་བཅུ་གསུམ། དེ་ལྟ་བུའི་དོན་ལ་ལྔ་ཕྱི་ཐོག་མཐའ་མེད་སྐྱེ་ཤི་འཕོ་འགྱུར་མེད་པས་ན་བདེ་བ་ཆེན་པོ་འཇིགས་བྲལ་མེད་པའི་ཀློང་ཞེས་བྱ་སྟེ་ཁྱད་པར་ཀྱི་བོན་བཅུ་བཞིའོ།
༡༧༽ སྤྱི་ཡི་གནད་བཅུ་བདུན་པ། ད་ནི་དུས་མཉམ་ཐ་མ་ལྔ་རུ་ཡོད་པའི་གཉིས་པ་ནི། མི་རིཌ་པར་སྟོན་པ་ནི། རིགས་པའི་བོན་ལྔ་རྒྱུ་མཚན་གོ་ལྡོག་པའི་གདམས་ངག་གིས་འབྲས་བུའི་རེ་དོགས་གཅོད་པ་གནད་ཀྱི་དོན་ཞིག་སྟོན་ཏེ། དེ་ལ་རྫོགས་པ་ཆེན་པོ་ལུང་རིགས་མན་ངག་གསུམ་གྱི་སྒོ་ནས་མི་རིགས་པ་རིགས་པར་སྟོན་པ་རིགས་པའི་བོན་ལྔ་ལ། ཐེག་ལེ་ཆེན་པོ་བོན་གྱི་སྐུ་དུས་གསུམ་དུ་སྐྱེ་མ་མྱོང་བ་དེ།   སྐྱེ་བའི་ཆོ་འཕྲུལ་དུ་འབྱུང་བར་མི་རིཌ་ཏེ་ཁྱད་པར་ཡང་རྩེ་ལ་རིགས་པ་དང་གཅིག། དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པ་རིགས་ལ་སེམས་ཅན་གྱི་སྤྱོད་ཡུལ་ཡིན་པར་མི་རིགས་ཏེ་རྫོགས་པ་ཆེན་པོ་བ་ལ་རིགས་པ་དང་གཉིས། དེ་ལྟར་རྟོགས་པ་རྣམས་གྲོལ་བར་རིཌ་ལ་མ་རྟོགས་རྣམས་གྲོལ་བར་མི་རིགས་ཏེ་རྫོགས་པ་ཆེན་པོ་ལ་རིགས་པ་དང་གསུམ། དེ་ལ་གདམས་ངག་བསྟན་པ་དང་མ་བསྟན་པ་ཁྱད་མེད་པར་རིགས་ལ་བསྟན་པའི་གྲོལ་བར་མི་རིགས་ཏེ་རྫོགས་པ་ཆེན་པོ་ལ་རིགས་པ་དང་བཞི། དེ་ཐུག་པ་མེད་པའི་སྐྱོན་དུ་འགྱུར་བར་རིགས་ལ་ཤེས་བྱ་ཆིག་ཆོད་དུ་གྲོལ་བར་ནི་རིགས་ཏེ་རྫོགས་པ་ཆེན་པོ་བ་ལ་རིགས་པ་དང་ལྔའོ།
༡༨༽ སྤྱི་ཡི་གནད་བཅོ་བརྒྱད་པ། དུས་མཉམ་ཐ་མ་ལ་གནད་རྣམ་པ་ལྔ་ཡོད་པས་༼གསུམ་པ་༽མི་སྲིད་པ་སྲིད་པར་སྟོན་པའི་སྲིད་པའི་བོན་བཅུ་བྱ་བ་ལ་རྡེའུ་བཀོད་ན་བཅོ་ལྔ་ཡོད། མིང་དུ་བཏགས་ན་བཅུ་ཡོད་དེ། ཤེས་བྱའི་གཤིས་ལ་འཇལ་བའི་རྡེའུ་རྣམ་པ་ལྔ། ཤེས་བྱ་བབས་ལུཌ་ཀྱི་རྡེའུ་རྣམ་པ་ལྔ་སྟེ་བཅུ་དང་། དེའི་ཐོག་ཏུ་ཤེས་བྱའི་གྲོལ་ལུགས་ཀྱི་རྡེའུ་ལྔ་སྟེ་བཅོ་ལྔ་ཡོད་དོ། དང་པོ་ཤེས་བྱའི་གཤིས་ལ་མཇལ་བའི་རྡེའུ་རྣམ་པ་ལྔ་ནི།སངས་རྒྱས་ཡུལ་མེད་དང་གཅིག  ཐིག་ལེ་ཉག་གཅིག་དང་གཉིས། རང་འབྱུང་ཡེ་ཤེས་དང་གསུམ། ལྷུན་གྲུབ་ཕྱོགས་མེད་དང་བཞི། སྟོང་པ་འགག་མེད་དང་ལྔའོ། གཉིས་པ་ཤེས་བྱ་བབས་ལུགས་ཀྱི་རྡེའུ་རྣམ་པ་ལྔ་ནི། འཁོར་བའི་སེམས་ཅན་དང་གཅིག  གཉིས་འཛིན་གྱི་རྣམ་རྟོག་དང་གཉིས། དུག་གསུམ་དུག་ལྔ་དང་གསུམ། ཕྱོགས་འཛིན་གྱི་ཐེག་པ་དང་བཞི། སྣང་བ་ངེས་མེད་དང་ལྔའོ། གསུམ་པ་ཤེས་བྱ་གྲོལ་ལུགས་ཀྱི་རྡེའུ་རྣམ་པ་ལྔ་ནི། སངས་རྒྱས་ཡུལ་མེད་སྐུ་གསུམ་འདུས་མ་བྱས་པར་གྲོལ་བ་དང་གཅིག། ཐིག་ལེ་ཉག་གཅིག་སྐུ་གསུམ་འདུས་མ་བྱས་པར་གྲོལ་བ་དང་གཉིས། རང་འབྱུང་ཡེ་ཤེས་སྐུ་གསུམ་འདུས་མ་བྱས་པར་གྲོལ་བ་དང་གསུམ། ལྷུན་གྲུབ་ཕྱོགས་མེད་སྐུ་གསུམ་འདུས་མ་བྱས་པར་གྲོལ་བ་དང་བཞི། སྣང་བ་ངེས་མེད་སྐུ་གསུམ་འདུས་མ་བྱས་པར་གྲོལ་བ་དང་ལྔའོ།
༡༩༽ སྤྱི་ཡི་གནད་གདམས་ངག་བཅུ་དགུ་པ།  མི་མཉམ་པ་དང་མཉམ་པའི་བོན་རྣམ་པ་གསུམ་གྱིས་མཉམ་པ་ཉིད་ལ་བོགས་འདོན་དུ་མེད་པར་གཏན་པ་དབབ་པའི་གདམས་ངག་ནི། དང་པོ་མི་མཉམ་པ་ནི། མ་རྟོགས་པ་ལ་མི་མཉམ་སྟེ་སངས་རྒྱས་པ་རྟོགས་པ་བཟང་བ་དང་། མ་རྟོགས་པ་དང་འཁོར་བ་ངན་པར་འདོད་པས་གཉིས་འཛིན་དང་མ་བྲལ་བའི་མི་མཉམ་མོ། གཉིས་པ་མཉམ་པ་ནི། རྟོཌ་པ་དང་ལྡན་པའི་གཤེན་རབ་ལ་ནི་དེ་དག་ཐམས་ཅད་འདྲ་སྟེ། འཁོར་འདས་བདེ་སྡུག་སྐྱོན་ཡོན་བྱུད་ཚོར་རྟོཌ་མ་རྟོཌ་གཉིས་འདུས་ཐམས་ཅད་མཉམ་པ་དང་། གསུམ་པ་གོང་དུ་བཤད་པའི་མི་མཉམ་པ་དང་མཉམ་པ་ལས་འཕཌ་པའི་མཉམ་པ་ནི། རྟོགས་རུང་མ་རྟོགས་རུང་གྲོལ་བའི་རྣལ་འབྱོར་པ་དེ་གཉིས་ཀའི་མཐའ་ལ་མི་གནས་ཏེ། མི་མཉམ་པ་དང་མཉམ་པ་ལས་འཕགས་ཏེ་གང་ལ་ཡང་མི་གནས་པར་གྲོལ་ལོ། དེ་ནི་རྫོགས་ཆེན་རང་གཞུང་གི་འདོད་ཚུལ་ལྟར་ཏེ་གཞི་གྲུབ་ན་གྲོལ་བ་ཡིན་པའི་ཁྱབ་ཏེ་གནས་ལུགས་ལས་མ་འདས་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ།
༢༠༽ སྤྱི་ཡི་གནད་ཀྱི་གདམས་ངག་ཉི་ཤུ་པ། ངེས་པ་རྣམ་པ་གསུམ་དང་མ་ངེས་པ་རྣམ་པ་གསུམ་གྱིས་ཐེ་ཚོམ་གྱི་གལ་འགེགས་གཅད་པའི་གནད་ཅེས་པ། དང་པོ་མ་རྟོགས་པ་ལ་མ་ངེས་པ་རྣམ་པ་གསུམ་ནི། བདག་འཛིན་ལུས་ཀྱི་ཞེན་པས་མ་གྲོལ་བས་ཅིར་ཡང་སྣང་བ་སྤྲུལ་པ་སྐུ་ཡི་ཀློང་དུ་གྲོལ་བར་མ་ངེས་པ་དང་གཅིག  ངར་འཛིན་ངག་གི་ཞེན་པ་ལས་མ་གྲོལ་བས་རྒྱུན་ཆད་མེད་པ་ལོངས་སྤྱོད་རྫོགས་པ་སྐུའི་ཀློང་དུ་གྲོལ་བར་མ་ངེས་པ་དང་གཉིས།  གཉིས་འཛིན་ཡིད་ཀྱི་ཞེན་པ་ལས་མ་གྲོལ་བས། འཇིག་བྲལ་མེད་པ་བོན་གྱི་སྐུའི་ཀློང་དུ་གྲོལ་བ་མ་ངེས་པ་དང་གསུམ་ལ་གནས་སོ།
༢༡༽ སྤྱིའི་གནད་གནད་ཉི་ཤུ་རྩ་གཅིག་པ་ཀློང་སུམ་ཕྲུགས་བསྟན་པ་ནི། དེ་ཡང་ཀློང་གསུམ་ནི། ཡར་གྱི་ཀློང་གསུམ་དང་གཅིག མར་གྱི་འཕྲང་གསུམ་དང་གཉིས། བར་གྱི་གནད་གསུམ་དང་གསུམ་མོ། མྱ་ངན་ལས་འདས་པའི་བོན་ཐམས་ཅད་ཡར་ཀློང་གསུམ་དུ་འདུས་ཏེ། ཀློང་གསུམ་ནི། སྐྱེ་བ་མེད་པ་བོན་གྱི་སྐུ་ཡི་ཀློང་དང་གཅིག  མི་འགག་པ་སྤྲུལ་པ་སྐུའི་ཀློང་དང་གཉིས། མི་གནས་པ་ལོངས་སྤྱོད་རྫོཌ་པ་སྐུ་ཡི་ཀློང་དང་གསུམ་མོ། དེ་ཡང་ཡར་གྱི་ཀློང་གསུམ་མ་ཕྱེ་ན་སྐྱོན་ནི་འབྲས་བུ་མི་འབྱུང་བས་སྒོ་མ་ཕྱེ་ན་ཕུགས་མི་མཐོང་བ་དང་འདྲའོ། འཁོར་བའི་བོན་ཐམས་ཅད་མར་གྱི་འཕྲང་གསུམ་དུ་འདུས་ཏེ། མར་གྱི་འཕྲང་གསུམ་ནི། འགྲོ་བ་རིགས་དྲུག་སྡུག་བསྔལ་གྱི་འཕྲང་དང་གཅིག ལམ་པ་ཕྱོགས་འཛིན་གྱི་འཕྲང་དང་གཉིས། རྫོཌ་པ་ཆེན་པོ་ཁྱད་པར་ཡང་རྩེ་གདམས་ངག་གི་འཕྲང་དང་གསུམ་སྟེ་འཕྲང་གསུམ་དུ་འདུས་སོ། མར་གྱི་འཕྲང་གསུམ་མ་གདམས་པའི་སྐྱོན་ནི། འདུས་བྱས་ཀྱི་དགེ་བ་ཐམས་ཅད་ཆུད་ཟོས། དཔེར་ན་སྣོད་ཞབས་བརྡོལ་དུ་ཆུ་བླུགས་པ་དང་འདྲའོ། གདམས་ངག་དང་ལམ་གྱི་བོན་ཐམས་ཅད་བར་གྱི་གནད་གསུམ་དུ་འདུས་སོ། བར་གྱི་གནད་གསུམ་ནི། ཚོགས་དྲུག་གནད་ལ་དབབ་པ་དང་གཅིག གྲུབ་མཐའ་གནད་ལ་དབབ་པ་དང་གཉིས། བོན་ཉིད་གནད་པ་དབབ་པ་དང་གསུམ་སྟེ་བར་གྱི་གནད་གསུམ་དུ་འདུས་སོ།
འདོད་པ་ཐ་དད་རང་ཤར་བའི་རྫོགས་པ་ཆེན་པོ་ཞེས་བྱ་བ། དེ་ཡང་འདོད་པ་ཞེས་པ་ནི་ཕྱོགས་སུ་འཛིན་པའི་སྣང་བ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་དུ་སྨྲ་བ་དང་། མཐའ་རེ་ལ་ཞེན་པ་ཐམས་ཅད་ལ་བྱའོ། རང་ཤར་ཞེས་པ་གཞི་ཕྱོགས་མེད་ཀྱི་རིག་པ་ལས་རྐྱེན་ཕྱོགས་ཀྱིས་འདོད་པ་ཕྱོགས་མེད་དུ་ཤར་བ་ལ་ཟེར་རོ།། དེ་ཡང་གཞི་ཇི་ལྟར་ཤར་ན་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དུ་རང་ཤར་བ་ཡིན་ཏེ། ཀུན་འདུས་རོལ་བའི་རྩ་རྒྱུད་ལས། ཇི་བཞིན་ཕྱོགས་མེད་བདལ་པ་ལ། རང་རིག་ཇི་བཞིན་ཉིད་ཤར་བས། སྐྱོན་ཡོན་མཐའ་ཡིས་ཡོངས་མ་རེག  ཅེས་གསུངས། རྫོགས་པ་ཆེན་པོ་སྒོམ་དུ་ཡོད་པར་འདོད་པ་ན་རེ། སེམས་ཅན་གྱི་བློ་ནི་རྣམ་པར་རྟོག་པ་དུམ་བུ་བ་ཡིན་ལ། སངས་རྒྱས་ཀྱི་དགོངས་པ་ཡེ་ཤེས་རྒྱུན་ཆད་མེད་པ་ཡིན་པས། དུམ་བུ་རྒྱུན་དུ་བསྲིང་བའི་ཕྱིར་སྒོམ་དགོས་ཟེར་ནས་ལྟ་བའི་ངང་སྒོམ། དབང་པོའི་ཧར་སྒོམ།རང་རིག་གི་ཀླུངས་སྒོམ། དྲན་མེད་ཀྱི་ཡེངས་སྒོམ་ལས་སོགས་པ་འདོད་པ་ཡང་དག་པ་ཕྱོགས་གཅིག་པ།མ་བསྒོམས་ན་སངས་མི་རྒྱ་ཟེར་བ་དེ་ཡང་དག་པ་ཕྱོགས་གཅིག་པའི་ལྟ་བ་ཡིན་ནོ། །དེ་ཅིས། གཞི་ཇི་བཞིན་ཉིད་ཀྱི་གནས་ལུགས་དེ་ལ། བསྒོམས་ཀྱང་སྐྱོན་མེད་རང་འབྱུང་ཡེ་ཤེས་ཀྱི་རོལ་པ། མ་བསྒོམས་ཡང་སྐྱོན་མེད་བོན་ཉིད་མཚན་མ་རང་གྲོལ། མདོར་ན་བསྒོམས་མ་བསྒོམས་གཉིས་སུ་མེད་པར་གྲོལ་བ་ལ། ཁྱོད་ཀྱི་སྒོམ་ཡོད་ཕྱོཊ་གཅིག་པར་འདོད་པ་དེ། ཡང་དག་པ་ཕྱོགས་གཅིག་པའི་ཁྱུ་ཚན་དུ་གཤེགས་པ་ཡིན་ནོ། དེ་ཡང་གསལ་བྱེད་ནམ་མཁའ་ཀུན་ཁྱབ་ལས། བོན་ཉིད་དབྱིངས་ལ་བསྒོམ་ཀྱང་མ་བསྒོམས་མེད། དོན་རྟོགས་ཤེས་པ་ཡལ་མ་དོར། བསྒོམས་ཀྱང་དྲན་རིག་ཉམས་སུ་མྱོང༌། མ་བསྒོམས་རང་གསལ་ཆེན་པོ་ཡིན། ཅེས་སོ། །ལུང་དྲུག་ལས། སྒོམ་དང་བློ་ཡི་ཐེ་ཚོམ་མེད། ཅི་ཡང་དཔག་མེད་རྫོགས་ཆེན་ཀློང༌། ཞེས་སོ། །གཉིས་པ་སྒོམ་དུ་མེད་པ་བ་ན་རེ། འཁོར་འདས་ཀྱི་བོན་ཐམས་ཅད་ཡེ་ནས་སངས་རྒྱས་པས། དེའི་དོན་རྟོགས་པས་ཆོག ད་སྒོམ་མི་དགོས། སྒོམ་པ་ཐམས་ཅད་བློ་ཡིན། བློ་རྣམ་པར་རྟོག་པ་ཡིན་པས་འདི་ཀ་ལྟར་བཞག་པས་ཆོག་ཟེར་བ་དེ། ཡང་དག་པ་ཕྱོགས་གཅིག་པའི་ལྟ་བ་ཡིན་ནོ།། དེས་ཅིས། གཞི་ཇི་བཞིན་ཉིད་ཀྱི་གནས་ལུགས་དེ། གོང་བཞིན་དུ་བསྒོམས་མ་བསྒོམས་གཉིས་སུ་མེད་པར་གྲོལ་བ་ལ་སྒོམ་མེད་ཕྱོགས་གཅིག་པར་འདོད་པ་ཡང་གོང་དེ་དང་འདྲའོ། ། གསུམ་པ་འཁོར་བ་གཏིང་མེད་ཟེར་བ་ནི། དཔེར་ན་རིན་པོ་ཆེ་གསེར་གླིང་ན་ས་རྡོའི་མིང་མེད་པའམ། ཉི་མའི་སྙིང་པོ་ལ་མུན་པའི་གཞི་མེད་པ་ལྟར།བོན་ཐམས་ཅད་ཡེ་ནས་སངས་རྒྱས་པ་ལ་འཁོར་བ་བྱ་བའི་སེལ་ཙམ་ཡང་མེད་པས་འཁོར་བ་གཏིང་མེད་ཟེར་བ་དང༌། ཡེ་སངས་རྒྱས་པར་འདོད་པ་གཉིས་གཅིག་པ་ཡིན་པས། དེ་ཡང་དག་པ་ཕྱོགས་གཅིག་པའི་ལྟ་བ་ཡིན་ནོ།། དེ་ཅིས། གཞི་ཇི་བཞིན་ཉིད་ཀྱི་གནས་ལུགས་ལ་འཁོར་བ་ཡོད་པ་དང་མེད་པ་སངས་རྒྱས་པ་དང་མ་རྒྱས་པ་གཉིས་སུ་མེད་པར་གྲོལ་བས་འཁོར་བ་གཏིང་མེད་ཟེར་བ་དང༌། ཡེ་སངས་རྒྱས་ཟེར་བ་ཡང་སྤང་ངོ༌། །བཞི་པ་སློབ་པ་དང་ལོབས་པར་འདོད་པའི་རྫོགས་པ་ཆེན་པོ་བ་ནི། གཉིས་མེད་རང་མཚན་དུ་མ་རྟོགས་ཀྱི་བར་ལ། དམ་བཅའ་དང་གཏན་ཚིགས་གཏན་ལ་འབེབས། བྱིན་གྱིས་རླབ་ཏུ་ཡོད། གཉིས་མེད་རང་མཚན་དུ་གོ་ཙ་ན་སློབ་མི་དགོས་ལོབས་པ།ལ་བརྒལ་བས་ལ་ཕ་ཏོའི་སྣང་བ་འབའ་ཞིག་འཆར་བ་དང་འདྲ་ཟེར་བ་དེ་ཡང་དག་པ་ཕྱོགས་གཅིག་པའི་ལྟ་བ་ཡིན་ནོ། །དེ་ཅིས། གཞི་ཇི་བཞིན་ཉིད་ཀྱི་གནས་ལུགས་དེ་ལ། བསླབ་ཏུ་ཡོད་མེད་གཉིས་སུ་མེད་པའམ། ལོབས་མ་ལོབས་གཉིས་སུ་མེད་རྟེན་ཅིང་འབྲེལ་བ་མེད་པར་གྲོལ་བ་གཅིག་ཡིན་པ་ལ། ཁྱོད་ཀྱིས་ཀྱང་བསླབ་ཏུ་ཡོད་པ་དང་ལོབས་ནས་ལ་བརྒལ་བར་འདོད་པ་དེ་ཐེག་པ་འོག་མ་བ་དང་ཁྱད་མེད་པས། དེ་ཡང་དག་པ་ཕྱོགས་གཅིག་པའི་ལྟ་བ་ཡིན།
ལྔ་པ་བློ་དངོས་འབྱེད་པའི་རྫོགས་ཆེན་པ་ན་རེ། བློ་ནི་རྣམ་པར་རྟོག་པ་ཡིན་ལ། གཞི་ཇི་བཞིན་ཉིད་ཀྱི་བོན་ཉིད་ནི་རྟོག་པ་དང་བྲལ་བས་བློ་ཡིས་དངོས་པོ་གཏན་ལ་མི་ཕབ་ཏེ་འབྲེལ་བ་མེད་ཟེར་བ་དེ་ཡང་དག་པ་ཕྱོགས་ཅིག་པའི་ལྟ་བ་ཡིན་ནོ། །དེ་ཅིས། གཞི་ཇི་བཞིན་ཉིད་ཀྱི་གནས་ལུགས་དེ་གོང་མ་བཞིན་དུ་འབྲེལ་བ་ཡོད་མེད་གཉིས་སུ་མེད་པར་གྲོལ་བ་གཅིག་ཡིན་པ་ལ། ཁྱོད་འབྲེལ་བ་མེད་པར་འདོད་པ་ཡང་སྤང་ངོ༌། དྲུག་པ་རྫོགས་པ་ཆེན་པོ་དྲེགས་ཆད་ཀྱི་ལྟ་བ་བས་ན་རེ། ཕྱི་ནང་གི་བོན་ཐམས་ཅད་ཡེ་ནས་འདུས་མ་བྱས་པར་རྟོགས་པས་ཆོག  བོན་ཉིད་ཀྱི་དོན་རྟོགས་པས་ཆོག  ད་ཅི་ཡང་བྱ་མི་དགོས་ཟེར་ནས་དགེ་སྦྱོར་ཐམས་ཅད་འགེགས་པ་ཡང་དག་པ་ཕྱོགས་གཅིག་པའི་ལྟ་བ་ཡིན་ནོ། །དེ་ཅིས། གཞི་ཇི་བཞིན་ཉིད་ཀྱི་གནས་ལུགས་གོང་དང་འདྲ་བ་ལ། བྱར་མེད་ཕྱོགས་གཅིག་པར་འདོད་པ་སྤང་ངོ༌། ། བདུན་པ་དྲང་ཐད་ཀྱི་ལྟ་བ་འཛིན་པ་འདོད་པ་ན་རེ། འཁོར་འདས་ཀྱི་བོན་ཐམས་ཅད་ཡེ་ནས་སྐྱེ་བ་མེད་པ་དེ་རང་དུ་ཤེས་ནས་གྲོལ་བའམ། སྤྲོས་པ་དང་བྲལ་བའམ། སྟོང་པ་ཕྱོགས་གཅིག་པའམ། གཉིས་མེད་ཕྱོགས་གཅིག་པ་ལ་ཞེན་ནས་གོ་བཟློག་མི་ནུས་པ་དེ་དངོས་བསྐྱེད་ཐུགས་རྗེ་རོལ་པའམ་རྣམ་པ་ཀུན་ལྡན་གྱི་ཐེག་པ་བ་དང་ཁྱད་མེད་དེ་ཕྱོགས་གཅིག་གི་ལྟ་བ་ཡིན་ནོ། །དེ་ཡང་གསལ་བྱེད་ནམ་མཁའ་ཀུན་ཁྱབ་ཀྱི་རྒྱུད་ལས། འཁོར་བ་འགེགས་བྱེད་འཆལ་བ་སྟེ། བསླབས་པས་གོ་འདོད་བླུན་པོ་ཡིན། བློ་དངོས་འབྱེད་པ་རྟོག་པ་སྟེ། དགེ་སྦྱོར་འགེགས་བྱེད་གོལ་སར་བཅད། དེས་ན་གཤེན་རབས་བློ་ལྡན་གྱིས། སྤོང་འགེགས་ཞེན་པའི་བློ་བཀག་ནས། རང་ཤར་ཀུན་གྲོལ་དོན་ལ་ལྟོས། ཞེས་གསུངས་སོ། བརྒྱད་པ་རྫོགས་པ་ཆེན་པོ་སྤུན་པའི་ལྟ་བར་སོང་བ་ཁ་ཅིག ངུ་བའི་ཁ་ལ་བལྟས་ན་ངུ་བྲོ། རྒོད་པའི་ཁ་ལ་བལྟས་ན་རྒོད་བྲོ། རེས་སྒོམ་དགོས་པ་སྐད་ཟེར། རེས་སྒོམ་དུ་མེད་པ་སྐད་ཟེར། རེས་ཐེག་པ་འོག་མ་བ་བདེན་ནམ་སྙམ། རེས་རྫོགས་པ་ཆེན་པོ་བ་བདེན་ནམ་སྙམ་སྟེ། གང་དུ་ཡང་ངེས་པ་མ་ཟིན་པས་སྨྲ་བ་སྤོང་ངོ༌། །དགུ་པ་རྫོགས་པ་ཆེན་པོ་ནག་འབྱམས་པ་ན་རེ། ཐམས་ཅད་བོན་གྱི་རོལ་པར་འདྲ་བ་ལ། དགེ་བ་ཅི་ཡང་བྱ་མི་དགོས། སྡིག་པ་ཇི་བྱས་དང་འགལ་བ་མེད་ཟེར་ནས། སྡིག་པའི་ཕྱོགས་སུ་རེ་བ་དེ་སྤོང་ངོ༌། དེ་ཡང་གསལ་བྱེད་ནམ་མཁའ་ཀུན་ཁྱབ་ལས། ངེས་མེད་སྤུན་པོ་ས་མ་ཟིན། དགེ་སྡིག་དོན་མེད་ནག་འབྱམས་པ། མཁྱེན་པའི་རྒྱལ་པོས་ཡོངས་སྤངས་ལ། སྣང་བ་མཐའ་གྲོལ་དོན་ལ་བལྟ། ཞེས་གསུངས་སོ། །བཅུ་པ་རྫོགས་པ་ཆེན་པོ་ཡང་ཡིན་གྱི་ལྟ་བ་འཛིན་པ་ན་རེ། ཡང་ནི་བཅད་འཕྲོ་མེད་ཀྱིས་སྒྲ་བསྡུད་པར་བྱེད་པའི་སྒྲ་ཡིན། མུ་བཞི་ཕྱིར་ལྡོག་ནང་ལྡོག་ལ་ཡང་གང་རྒྱན་གྱིས་རྒྱན་པོ་ཟེར་ནས་ཐམས་ཅད་ནས་ཐམས་ཅད་དུ་ཡང་ལ་བརྟེན་ཏེ། ཡིན་པ་ཡང་ཡིན། མིན་པ་ཡང་ཡིན། བདེན་པ་ཡང་ཡིན། བརྫུན་པ་ཡང་ཡིན། ཟེར་ནས།རྐྱང་འདེད་བྱེད་པ་ཡང་དག་པ་ཕྱོགས་གཅིག་པའི་ལྟ་བར་གཤེཊ་པ་ཡིན་ནོ། །ཡང་དེ་ཉིད་ལས། མཚོན་ཚུལ་ཡོངས་ལ་རྣམ་པར་བརྟེན། སྒྲ་བྱེད་ཀུན་གྱི་མཚོན་བྱེད་སྟེ། སྙོགས་བྱེད་དོན་ལ་ཡང་དག་ཞེན། ཀུན་གསལ་འཛིན་སྤངས་དོན་དེ་ལ། རང་གྲོལ་ཤུགས་ཀྱིས་བལྟ་བར་རིགས། ཅེས་གསུངས་སོ། །འོ་ན་དག་པ་ཕྱོགས་གཅིག་པའི་ལྟ་བ་དེ་རྣམས་སྤོང་ངམ་འགེགས་སམ། རང་ལས་བྱུང་བས་སྤངས་པས་མི་སྤངས། བཀག་པས་ནི་མི་ཁེགས་སོ་ཞེ་ན། དེ་གང་ཡང་བྱ་མི་དགོས་ཏེ་ཤེས་བྱ་ལྡོག་ཐོབ་ཀྱི་གཏན་ཚིགས་ཀྱི་ལྟ་བའི་ལ་བཟླ་བའམ། གཞི་ཇི་བཞིན་ཉིད་དུ་རང་གྲོལ་བའི་རྫོགས་པ་ཆེན་པོས་གྲུབ་མཐའ་གནད་ལ་དབབ་ན། ལར་ཐེག་པ་ཤན་འབྱེད་པའི་དབང་དུ་བྱས་ནས་ཐམས་ཅད་འདོད་པ་ཐ་དད་པ་རང་ཤར་བའི་རྫོགས་པ་ཆེན་པོ་ཡིན་ཏེ། སྒོམ་དུ་ཡོད་པར་འདོད་པ་ལ་ཡོད་པར་ཤར་བས་ནས། ཡང་ཡིན་དུ་འདོད་པ་ལ་ཡང་ཡིན་དུ་ཤར་བ་ཐམས་ཅད།གཞི་གཅིག་ལས་མ་གཡོས་པས་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཆེན་པོ་ཡིན་ནོ། །དེ་ཡང་འབྲས་བུ་དོན་མངོན་པར་བཤད་པའི་མདོ་ལས། ལྷ་མི་གཞན་རྟེན་ཐེག་པ་ནི། དམུ་ལོང་གཡང་དུ་ལྷུང་བ་འདྲ། རང་རྟོགས་གཤེན་རབ་ཐེག་པ་ནི། བཙོན་བུ་ལྕཊ་སུ་བཅུག་པ་འདྲ། ཐུགས་རྗེ་སེམས་དཔའི་ཐེག་པ་ནི། ཆུ་ཡི་ནང་དུ་ཟླ་ཤར་འདྲ། གཡུང་དྲུང་སེམས་དཔའི་ཐེག་པ་ནི། ཆུ་ཤིང་སྡོང་པོ་རུལ་བ་འདྲ། བྱ་བ་གཙང་སྤྱོད་ཐེག་པ་ནི། སྨན་ཉིད་དུག་ཏུ་སོང་བ་འདྲ། རྣམ་པ་ཀུན་ལྡན་ཐེག་པ་ནི། ཞོ་འདོད་ར་ལ་འཇོ་བ་འདྲ། དངོས་བསྐྱེད་ཐུགས་རྗེ་རོལ་པ་ནི། གནམ་ལ་གཞའ་ཚོན་ཤར་བ་འདྲ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ནི། ས་བོན་ལས་བྱུང་འབྲས་སྨིན་འདྲ། ཡེ་ནས་རྫོགས་ཆེན་ཡང་རྩེ་ནི། ཙན་དན་ཤིང་དང་རིན་ཆེན་འདྲ། ཞེས་གསུངས་པས། ལྟ་བ་ལ་བཟློ་བའི་དུས་སུ་ཤེས་བྱ་ལྡོག་ཐོབ་ཀྱི་གཏན་ཚིགས་ཡིན་ཏེ། བོན་ཉིད་ཀྱི་དབྱིངས་སྐྱེ་འགག་མེད་པའི་ཐིག་ལེ་ཆེན་པོའི་བོན་གྱིི་སྐུ། རང་འབྱུང་གི་ཡེ་ཤེས་ངེས་མེད་ཕྱོགས་མེད་དུ་ཤར་བ་དེ་དག་པ་ཕྱོགས་གཅིག་པའི་ལྟ་བ་དེ་དག་ཐམས་ཅད་ཀྱི་དངོས་གཞི་བ་ལ། ཕྱོགས་འཛིན་གྱི་ལྟ་བ་གང་ཡང་མ་སྤངས། བོན་ཉིད་ཕྱོགས་མེད་ཀུན་ཏུ་རང་ཤར་བས། དག་པ་ཕྱོགས་གཅིག་པར་མ་འགག དག་པ་ཕྱོགས་གཅིག་པར་མ་ཞེན། ཇི་ལྟར་བྱས་ཀྱང་བོན་ཉིད་རང་ཤར་རང་གྲོལ་ཆེན་པོ་དེར་ལ་བཟླས་པས་གཞི་ཇི་བཞིན་ཉིད་དུ་རང་གྲོལ་བའི་རྫོགས་པ་ཆེན་པོས་གྲུབ་མཐའ་གནད་ལ་ཕབ་ཏེ། ཕྱོགས་འཛིན་གྱི་མཚན་མ་རང་སར་གྲོལ་ནས། ཤུགས་ལས་མ་བཅོས་གཉུག་མ་ཇི་བཞིན་ལྷུན་གྱིས་གྲུབ་བོ། དེ་ལྟར་སྣང་བ་སྣ་ཚོགས་ཐེག་པ་སྣ་ཚོགས་བསྒྲུབ་བྱ་སྣ་ཚོགས། གྲུབ་མཐའ་སྣ་ཚོགས། བྱུང་ཡང་གཅིག་ལས་མ་འདས་པར་བསྟན་པའི་སྐབས་འདིར། བཞི་པ་སྣང་བ་རྣམ་པ་གསུམ་དུ་ཤར་བ་སྨན་གྱི་རྒྱལ་པོ་ག་བུར་གྱི་དཔེར་མཚོན་པ་དང༌། ལྔ་པ་ཤེས་བྱ་ཇི་བཞིན་ཉིད་དུ་ཤར་བའི་བབ་ལས་གྲོལ་འཁྲུལ་གཉིས་སུ་བྱུང་བ་དགོས་འདོད་འབྱུང་བའི་ནོར་བུ་རིན་པོ་ཆེ་ལ་བསོད་ནམས་ཆེ་ཆུང་གིས་བཟང་ངན་སྣ་ཚོགས་སུ་ཤར་བའི་དཔེ་མཚོན་པ་དང༌། བོན་ཉིད་ཀྱི་རིག་པ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དུ་ཤར་བ་ལ་བློ་ཆེ་ཆུང་གིས་གོ་ཡུལ་སྣ་ཚོགས་སུ་ཤར་བ་རྒྱ་གར་གྱི་གླང་པོ་ཆེ་ཁྱུ་མཆོག་ལ་དམུ་ལོོང་མི་ལྔས་སོ་སོར་བཏགས་པའི་དཔེ་ལྟ་བུ་དང་དྲུག་གོ །
རྩོམ་ཡིག་ཆ་ཚང་PDFཅན་འདིར་གནོན་ནས་ཕབ་ལེན་བྱས་ཆོག