གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤མཆོག་རྡ་སྟེང་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་༥༩འཁོར་བའི་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བསྐྱངས་པ།

དེ་རིང་སྟེ་ཕྱི་ལོ་༢༠༡༩ལོའི་སྤྱི་ཟླ་༡༠ཚེས་༢༣ཉིན་བོད་ཀྱི་རྡ་སྟེང་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་༥༩འཁོར་བའི་དུས་ཆེན་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཐང་ཆེན་དུ་འཚོགས་ཡོད་པ་དང་།

དེ་ཡང་སྤྱི་ཚེས་༢༢ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གདན་ས་སྨན་གླིང་ནས་ཆིབས་ཐོན་གྱིས་རྡ་སྟེང་བོད་ཁྱིམ་བཙུགས་ནས་མི་ལོ་༥༩འཁོར་བའི་དུས་ཆེན་མཛད་སྒོའི་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད་པ་དང་། ས་གནས་ཀང་རར་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་བོད་ཁྱིམ་སྤྱི་སྡེའི་འགན་འཛིན། སློབ་གྲྭའི་ངེས་སྟོན་པ་སོགས་ཕེབས་བསུར་བཅར་ཡོད་འདུག་ལ། དགོང་མོར་གསོལ་མགྲོན་ཁང་དུ་ཆོས་རིག་བཀའ་བློན་དང་མདོ་སྨད་རྒྱུན་ལས་བཅས་ཆེད་བཅར་གྱིས་བཀའ་མོལ་གནང་ཡོད་པ་རེད།

དེ་ཡང་ཚེས་༢༣ཉིན་གྱི་ཞོགས་པའི་ཆུ་ཚོད་༩སྟེང་ཐེངས་འདིའི་དུས་ཆེན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ཚོགས་མགོན་དུ་གདན་ཞུས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གི་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དང་། དགོན་སྡེ་ཁག་གི་མཁན་པོ་དང་སྐུ་ཚབ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། དེ་མིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་མི་༢༠༠༠ཙམ་ཞིག་ཐེངས་འདིའི་དུས་ཆེན་དུ་ཆེད་བཅར་གནང་འདུག་པར་བཤད་ལ། དེ་ཡང་སློབ་གྲྭ་འདི་ནི་༡༩༦༠ལོར་སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་ལགས་ཀྱི་ཐུགས་འགན་འོག་བོད་མི་ལམ་བཟོ་བའི་ཕྲུ་གུ་༥༡བསྡུ་རུབ་ཀྱིས་གསར་འཛུགས་གནང་བ་ཡིན་འདུག་ལ། དེ་ཡང་སློབ་གྲྭ་འདིར་སློབ་ཕྲུག་རྣམས་ལ་མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་ལ་མཁོ་བའི་ཤེས་ཡོན་ཆ་ཚང་བའི་ངོ་བོ་གཏན་འབེབས་སྒོས་ད་ལྟའི་ཆར་སློབ་ཐོན་དང་སློབ་ཞུགས་གྲངས་༨༥༠༠ལྷག་ཡོད་པ་དང་། ལས་བྱེད་༡༡༠༠ལྷག་བཅས་བོད་ཀྱི་རིག་གཞུང་གི་ངོ་བོ་ཡར་རྒྱས་གཏོང་ཐབས་སུ་ཕྱག་ལས་གནང་ཟིན་ནམ་དང་གནང་མུས། གནང་འཆར་ཡིན་སྐོར་བོད་ཁྱིམ་སྤྱི་ཁྱབ་ངེས་སྟོན་པ་ཐུབ་བསྟན་རྡོ་རྗེ་ལགས་ནས་བརྗོད་འདུག་ལ།

དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང་བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་བཅས་ནས་བཀའ་སློབ་རིམ་པར་གནང་རྗེས། མཇུག་མཐར་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བཀའ་སློབ་བསྩལ་དོན། དེ་རིང་གི་དུས་ཆེན་འདི་༧བོད་ཀྱི་སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བླ་མེད་འོག ང་ཚོ་བཙན་བྱོལ་དུ་འབྱོར་ནས་བོད་མི་རིགས་ཀྱི་རིག་གཞུང་གི་གཞི་འགྲམ་བརྟན་ཆེད་ཐོག་མར་གསར་འཛུགས་གནང་བའི་བོད་ཁྱིམ་སློབ་གྲྭ་ཞིག་ཡིན་པ་དང་། དེ་རིང་ནི་འདིའི་འདས་མ་ད་གསུམ་ལ་སྐུ་ཚེགས་དཀའ་ངལ་གྲངས་མེད་བཞེས་མཁན་གྱི་ལས་ཀྱི་སྣེ་མོ་དག་གི་བཀའ་དྲིན་དྲན་བྱེད་ཀྱི་ཉིན་མོ་ཞིག་ཏུ་ཆགས་ཡོད་པ་རེད། དེར་བརྟེན་ངོས་ནས་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་དང་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་ལགས་གཙོ་བོར་བྱས་པའི་ལས་བྱེད་ཡོངས་ལ་ངས་སྙིང་དབུས་ནས་བཀའ་དྲིན་ཞུ་བཞིན་ཡོད། བོད་ཀྱི་རིག་གཞུང་འདི་རྒྱལ་སྤྱིའི་ཐོག་གཞན་གྱི་སྐད་ཡིག་དང་མཉམ་གཤིབ་ཏུ་འགྲོ་དགོས་ཚེ། བོད་ཀྱི་རིག་གཞུང་འདི་གལ་ཆེན་ཡིན་ལ། རིག་གཞུང་འདི་ཡང་མཐར་དེད་ན་སྐད་དང་ཡི་གེ་གཉིས་སུ་འདུས་པས། དེར་བོད་ཀྱི་མ་འོངས་པའི་སོན་རྩ་སློབ་ཕྲུག་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དེ་འགན་འཁྲི་ཆགས་ཀྱི་ཡོད་པར་བརྟེན། གོང་གི་ལས་བསྡོམས་དག་ལས་ད་ལྟའི་ཆར་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད་འདུག་ལ། འདི་ནི་གཙོ་བོ་༧གོང་ས་ལྷ་མའི་འདྲེན་པ་མཆོག་གི་དབུ་ཁྲིད་དང་། བོད་མིའི་སྒྲིག་འཛུགས། བོད་ཁྱིམ་ལས་བྱེད་བཅས་འབྲེལ་ཡོད་དག་ལ་བརྟེན་ནས་བྱུང་བ་ཡིན་པ་ངེས་འཛིན་དགོས་སྐོརབཅས་ཀྱི་བཀའ་སློབ་བསྩལ་ཡོད་པའོ།

པར་མཁོ་འདོན་པ་བོད་ཀྱི་དུས་བབ།