གཡུང་དྲུང་བོན་གྱི་དྲྭ་རྒྱ།

བདུད་འདུལ་གེ་ཁོད་ཀྱི་ལྷ་བསང་དཀར་པོའམ་དགེ་རྒོད་དགེར་བསོལ་ཞེས་པའི་དཔེ་རྙིང་གི་སྐོར།

     རུ་ཐོག་ཏུ་བཞུགས་པའི་གྱེར་ཁོད་ལྷ་བསང་ངམ་དགེ་ཁོད་སྒེར་གསོལ་གྱི་དཔེ་ཆ།

དཔེ་ཆ་འདིའི་སྐོར་༢༠༡༨ལོར་འཚོགས་པའི་ལྷ་སར་རྒྱལ་སྤྱིའི་ཞང་ཞུང་རིག་གནས་སྐབས་དང་པོའི་བགྲོ་གླེང་སྐབས་སུ་མངའ་རིས་སྨན་རྩིས་ཁང་གི་རྒན་ལྡན་མཆོག་དབང་གསལ་མཆོག་གིས་སྒྲོགས་སྦྱང་གནང་ཚར་བས་དམིགས་གསལ་གང་ཡང་ཞུ་རྒྱུ་མེད་མོད། འདིར་སྟབས་བདེའི་མཚམས་སྦྱོར་རོབ་ཙམ་བྱས་ཏེ་དྲ་ལམ་དུ་སྤེལ་འདོད་བྱུང་བས་ཅུང་ཙམ་གླེང་ནས་བསམ།།

དང་པོ་ལོ་རྒྱུས་ཀྱི་རྒྱབ་ལྗོངས།

སྤྱིར་རུ་ཐོག་གི་ཡུལ་འདིར་གནའ་བོའི་ཞང་ཞུང་གི་སྐབས་སུ་ཞང་ཞུང་ཁ་རག་གི་ཡུལ་ཁོངས་སུ་བརྩི་ཆོག་སྙམ་ཞིང་དེ་བཞིན་གངས་རི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས།དེ་ལྟར་དུའང་གཡུང་དྲུང་ཚུལ་ཁྲིམས་ཀྱི་སློབ་མ།དྲང་སྲོང་གཙུག་ཕུད་རྒྱལ་བ་ཞེས་བྱ་བ་དེས།ཞང་ཞུང་རུ་ཐོག་གི་ཡུལ་གསང་བྲག་གཡུང་དྲུང་གཏམས་པའི་ཚལ་དུའང་།དགྲ་བཅོམ་གཡུང་དྲུང་སེམས་དཔའི་འདུས་སྡེ་སྟོང་ཕྲག་དུ་མ་རུ་བསྟན་པ་སྤེལ་ལོ།དེའི་དུས་སུའང་ཞབས་ནས་འདེགས་པའི་རྒྱལ་པོ།ཞང་ཞུང་རུ་ཐོག་གནམ་རྫོང་མཁར་ཞེས་བྱ་བ་དེ་རུ།མུ་མར་ཐོག་རྒོད་རྒྱལ་པོ་ཨེནྟ་འོད་ཀྱི་བྱ་རུ་ཅན་ཉིད་དོ།ཞེས་གསུངས་པས་ཞང་ཞུང་གི་མཁན་རྒྱུད་གཡུང་དྲུང་ཚུལ་ཁྲིམས་ཀྱི་སློབ་མ་དྲང་སྲོང་གཙུག་ཕུད་རྒྱལ་བའི་བོན་བསྟན་སྤེལ་གནས་ཤིག་དང་། གྲགས་ཆེ་བའི་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ནང་ཚན་མུ་མར་ཐོག་རྒོད་རྒྱལ་པོ་ཨེནྟ་འོད་ཀྱི་བྱ་རུ་ཅན་ཁོང་གི་དམིགས་གསལ་གྱི་གནས་ཡུལ་ཞིག་ཡིན་ཞིང་།ཞང་ཞུང་དབུས་ཀྱི་མཁར་ལྔའི་ནང་ཚན་བྱང་གི་ལ་ཤང་གཡུ་ལོ་མཁར།བྱང་གི་ར་བཞིའི་མཁར།རུ་ཐོག་སེང་གེ་གནམ་རྫོང་སོགས་ས་གནས་དེར་ཡོད། དེ་བཞིན་ཞང་ཞུང་མེ་རིའི་རྒྱུད་ལས།  འཕྲིན་ལས་རྣམ་བཞི་རྫོགས་པའི་ལྷ།   ཁྲོ་བོ་དབལ་ཆེན་གེ་ཁོད་བྱུང་།      དེ་ནས་སྐུ་གསུམ་ཐུགས་ཀྱི་འོད་ཟེར་ལས།  ཞེས་དང།  དེ་ལ་ཐུགས་རྗེ་ཤར་བ་ནི།  རི་རབ་ལྷུན་པོའི་ནུབ་ཕྱོགས་སུ།  རུ་ཐོག་དབལ་གྱི་རི་ལ་འཕྲོས།  འོད་ཟེར་དཀར་དམར་གཉིས་སུ་འཁྱིལ།  དེ་ལ་ལྷ་ཆེན་ཀུན་ཐོག་རིང་ནམ་དང་།  ཡུམ་ཆེན་ཤེལ་ཟ་འཕྲུལ་ཏིང་གཉིས།  གདུལ་བྱ་འདུལ་བར་བཤོས་པ་ལས།  བདུད་འདུལ་དབལ་ཆེན་གེ་ཁོད་བྱུང་།   ཞེས་དང་།  བསྐང་བ་ལས།རུ་ཐོག་རི་ཡི་རྩེ་མོ་ན།  ལྷ་ཆེན་ཀུན་ཐོག་རིང་ནམ་དང་།  ཤེལ་ཟ་འཕྲུལ་ཆེམ་བཤོས་པ་ལས།   གེ་ཁོད་དབུ་གསུམ་ཕྱག་དྲུག་སྤྲུལ།  ཞེས་རུ་ཐོག་ཏུ་ཡོད་པར་གསུངས་པའི་གེ་ཁོད་ལྷ་རིགས་སུམ་བརྒྱ་དྲུག་ཅུའི་གྲོལ་ཕུག་ཡི་དམ་དབལ་ཆེན་གེ་ཁོད་ཀྱི་ཡབ་ལྷ་ཆེན་ཀུན་ཐོག་རིང་ནམ་གྱི་གནས་ནི་བརྒྱ་ཡབ་དང་།  ཡུམ་ཤེལ་ཟ་འཕྲུལ་ཏིང་གི་གནས་བརྒྱ་ཡུམ་གྱི་གནས་སུ་ངོས་འཛིན་བྱེད་ལ། བརྒྱ་ཡབ་ནི་ཞང་ཞུང་གི་ཚལ་ཆེན་བཞི་ཡི་ནང་ཚན་བྱང་རྒྱར་ཡིབ་ཚལ་དང་།  བརྒྱ་ཡུམ་ཞེས་པའི་ཉེ་སར་བྱང་ར་བཞིའི་མཁར་ཡོད།   སྲས་སྐུ་བླ་དབལ་ཆེན་གེ་ཁོད་ཀྱི་གནས་རུ་ཐོག་གེ་ཁོད་གཉན་ལུང་གངས་དང་། ཞང་ཞུང་མཚོ་བཞིའི་ཡ་གྱལ་རུ་ཐོག་མཚོ་མོ་ངང་ལ་རིང་མོའམ་ཟོམ་ཤང་ལྕགས་མཚོ།ཏིང་བྲག་ཆེན་པོའི་ཚལ་རུ་ཐོག་ཁྱུང་རྫོང་བྲག རུ་ཐོག་གངས་དཀར་རྩེ་ནི་གེ་ཁོད་ཐིས་དཀར་དང་།རུ་ཐོག་གཉན་དམར་རྫོང་ནི་གེ་ཁོད་ཐིས་དམར།    རུ་ཐོག་གཉན་ཕུག་རྫོང་ནི་གེ་ཁོད་ཐིས་ནག་གི་གནས་སོགས་དང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ལས།   གེ་ཁོད་གཉན་ལུང་རོང་ན་ཁྲི་ཚོ་གཅིག་དང་སྟོང་ཕྲག་གཉིས་ཐར་ལམ་ཡོད།  ཅེས་སྤས་ཡུལ་ཡོད་པར་གསུངས་ཤིང་དེ་བཞིན་མ་འོངས་ལུང་ཡིག་སོགས་བོན་དཔེ་ཆ་འགའ་ཞིག་ལས་གནས་འདིར་སྦས་ཡུལ་ཡོད་པའི་སྐོར་གསལ་བས་མདོར་ན་ཞང་ཞུང་སེམས་སྡེ་སྙན་རྒྱུད།  སྔགས་སྡེ་མེ་རི་གེ་ཁོད་ཀྱི་སྒྲུབ་གནས་དང་འདུས་སྡེ་མང་པོ་ཡོད་ངེས་མོད་ས་གནས་རེ་རེ་བཞིན་ཏུ་ཚང་མ་ངོས་འཛིན་བྱེད་པར་ཅུང་དཀའ་བའི་གནས་སུ་གྱུར་ཡོད།།

           གཡུང་དྲུང་བོན་གྱི་བཀའ་རྟེན་སོག་སྡེ་ཅན་ནང་གི་གེ་ཁོད་ལྷ་བསང་།

ལྷག་ཏུ་རུ་ཐོག་གི་ཡུལ་འདིར་སྟོན་པ་གཤེན་རབ་ཀྱིས་གེ་ཁོད་ལྷ་ཡི་རྟེན་མཁར་དང་ཙྭོ་ཐིས་རྒྱུད་ཀྱི་སྐོར་སོགས་ཐོག་མར་གསུངས་པའི་གནས་དང་།གེ་ཁོད་གསས་ཀྱི་རྟེན་མཁར་གྱི་གཞུང་ནི་གཤེན་རབ་ཀྱིས་ཐོག་མར་ཞང་ཞུང་རུ་ཐོག་ཡུལ་དུ་གཏན་ལ་ཕབ་པ་ཞིག་ཡིན།དེའང་བོན་གྱི་དཔེ་རྙིང་རྩ་ཆེན་གེ་ཁོད་ལྷ་ལ་རྟེན་མཁར་གཟུགས་ཞེས་བྱ་བ་ལས།དཔོན་གསས་ནི་སྟོན་པ་གཤེན་རབ་ཀྱིས།ཞང་ཞུང་ལྷ་རིགས་སུམ་བརྒྱ་དྲུག་ཅུ།  ཞེས་དང་།  ཡུལ་ནི་ཞང་ཞུང་གི་ཡུལ།།ཏིང་བྲག་ཆེན་པོའི་ཚལ།།རུས་ཏོག་རུའི་རྩེ་མོར་མཛད།།རྒྱུད་ནི་ལྷ་སུམ་བརྒྱ་དྲུག་ཅུ་དང་།ཐིས་རྒྱུད་ཆེན་པོ་རྣམས་ལས་བཏུས།།ཕྱོགས་ནི་སྤྱི་དང་སྒོས་སུ་གཉིས་སུ་གཏོགས་ཏེ།ཕྱི་གེ་ཁོད་རིགས་ཐམས་ཅད་ཀྱི་རྟེན་མཁར་ཡིན་པས་ན།ལྷ་རྟེན་གསས་མཁར་དུ་གཏོགས་སོ།སྒོས་སུ་ཐེག་པ་དགུ་ཡི་ནང་ནས་ཀྱང་།ལྷ་ལ་རྟེན་འཛུག་བགེགས་ལ་གླུད་འབུལ།སྣང་གཤེན་གྱེར་སྒྲོགས་སུ་གཏོགས།གེ་ཤན་གྲན་གྱི་མི་ཚུགས་པའི་ཕྱིར།དབལ་བོན་དགྲ་ཆོག་དུ་གཏོག  བདུད་འདུལ་ལྷ་ཚོགས་དགྱེས་པའི་ཕྱིར་ན།གྱེར་ཏིང་གསང་སྔགས་སུ་གཏོགགྱེར་སྒོ་ནི་གཙང་མ་ལྷའི་གྱེར་སྒོ་རུ་གཏོགས་སོ། དོན་ཆད་ནི་སྔོན་ཞང་ཞུང་གི་ཁྲི་སྡེ་མངར་དར་བར་བྱ་བ་དང་།བོན་ལ་ལྷའི་བཀའ་ཆད་མི་འབྱུང་བར་བྱ་བའི་ཕྱིར་དུ་མཛད་པའོ།།དེ་ནས་ཞང་ཞུང་ཁྲི་མན་ལྕགས་ཀྱི་བྱ་རུ་ཅན་གྱིས་མཛད།སྟག་གཟིག་རྒྱལ་པོ་བཏུལ་ལོ།ཞང་ཞུང་ལྷ་འཁོར་དམག་དཔུང་དུ་བརྟེན་བའི་མཁར་དུ་མཛད་དོ།།ཞང་ཞུང་རྒྱལ་པོའི་དབུ་འཕང་བསྟོད་དོ།།ཞེས་སོགས་སྟོན་པ་གཤེན་རབ་ཀྱིས་གཏན་ལ་ཕབ་པ་སྐོར་ཞལ་གསལ་བར་འཁོད་ཡོད། དེ་ནས་གཤེན་པོ་ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན་གྱིས་སྒྲུབ་ཅིང་དང་ཞང་ཞུང་སྟག་སྣ་རྒྱལ་པོས་རྟེན་མཁར་བརྩེགས་པའི་སྐོར་ནི། ཡང་དེ་ཉིད་ལས།  ཡུལ་ནི་ཞང་ཞུང་ཡུལ་གྱི་ནི།།ཏིང་བྲག་གསང་བའི་བྲག་ཕུག་ཏུ།།ཁྲི་མེན་ལྕགས་ཀྱི་བྱ་རུ་ཅན་གྱིས་ཀྱང་།།ཐིས་དམར་གསང་བའི་སྒྲུབ་པ་བགྱིས།།གེ་ཁོད་ལྷ་ཚོགས་ལས་ལ་བགྱིས།།ལྷ་རྟེན་བསྐངས་ཡས་རྟེན་དུ་བཙུག།  ཞེས་དང་།ཞང་ཞུང་སྒོ་ཕུག་བར་གསུམ་ཡང་།།མཐའི་དབུ་འཕང་ལྷ་ཡི་བསྟོད།།ཞང་ཞུང་ལྷ་མང་ལ་མཐུ་ཆེ་བ་ཡང་།དང་པོ་དེ་ནས་སྲིད་པ་ལ་སོགས།ལྷ་ལ་རྟེན་བཙུག་པས་མི་ལ་མགོན་བྱེད་པ་ཡང་།  དེ་ནས་སྲིད་པ་ལགས་སོ།ཞང་ཞུང་སྒོ་ཕུག་བར་གསུམ་དུ།ཞང་ཞུང་བོན་གྱི་བསྟན་པ་སྐྱོངས་བ་ཡང་དེ་ནས་སྲིད་པ་ལགས་སོ། ཞེས་གསུངས་སོ།།

གཉིས་པ་གེ་ཁོད་ལྷ་བསང་གི་གནའ་དཔེའི་སྐོར།

སྤྱིར་གེ་ཁོད་ཀྱི་བོན་སྡེ་ནི་ཞང་ཞུང་མེ་རི་དང་དབལ་ཆེན་གེ་ཁོད་ཀྱི་རྒྱུད་དང་སྒྲུབ་སྐོར་སོགས་མི་འདྲ་བ་ཡང་མང་པོ་ཡོད།མདོར་ན་ལྷ་གཙོ་བོ་ནི་མགོན་པོ་རྣམ་གསུམ་ཡབ་ཡུམ་དང་དེའི་འཁོར་དུ། སྐུ་བླ་དབལ་ཆེན་ཡབ་ཡུམ་ཉི་ཤུ་སོགས་ཞང་ཞུང་གི་ལྷ་རིགས་སུམ་བརྒྱ་དྲུག་སོགས་སྲིད་པ་ཞང་ཞུང་གཙང་མའི་ལྷ་རིགས་དང་།སྲིད་པའི་སྨན་ཚོགས་དགུ་ཁྲི་འབུམ་སོགས་ཡོད། བོན་འདི་ནི་སྟོན་པ་གཤེན་རབ་མི་བོས་གཏན་ལ་ཕབས་ཤིང་དེ་ནས་ཞང་ཞུང་མེ་རི་དང་གེ་ཁོད་ཀྱི་བླ་རབས་རིམ་གྱིས་བརྒྱུད་དེ་དར་བ་ཞིག་ཡིན་ལ། ཞང་ཞུང་རྒྱལ་རབས་རིམ་བྱོན་རྣམས་ཀྱི་ཐུགས་དམ་རྩ་ཆེ་ཤོས་དེ་གེ་ཁོད་ཡིན་པ་ནི་ཡོངས་གྲགས་ཡིན།

གེ་ཁོད་ཅེས་ཁ་སྐད་དང་ཡིག་སྐད་ལ་འབོད་སྲོལ་དང་འབྲི་སྲོལ་མི་འདྲ་བྱུང་འདུག་པ་དེ་ནི་གཡུང་དྲུང་བོན་གྱི་དཔེ་ཆའི་ནང་དུ་གེ་ཁོད་དང་།  གྱེར་ཁོད་ཅེས་འབྲི་བ་ཡིན།  རུ་ཐོག་གནའ་དཔེ་འདིར་དགེ་རྒོད་ཅེས་བྲིས་པ་དང་། ཁ་སྐད་དུ། ལྷ་ཆེན་རྒྱ་འོད་དམ། གྱེ་འོད། རྒྱ་རྒོད། གྱརྒྱེར་རྒོད། གྱེ་ཁོད་ཞེས་པ་ལྟ་བུ་འབོད་ཅིང་དེ་ལྟར་འབྲི་སྲོལ་མི་འདྲ་བ་ཅུང་ཙམ་ཡོད།དེ་ལྟར་མངའ་རིས་ཀྱི་ཁུལ་འདིར་ཞང་ཞུང་གི་རྒྱལ་ཁབ་ཐོར་ཞིག་ཏུ་སོང་ཞིང་སྤྱི་ཚོགས་འདྲ་མིན་སྣ་ཚོགས་བརྒྱུད་ནས་ཆོས་དང་རིག་གཞུང་སོགས་མང་པོ་ཞིག་འགྱུར་བ་ཕྱིན་ཏེ་ད་ལྟའི་བར་དུ་ལོ་ཆིག་སྟོང་སུམ་བརྒྱ་ལྷག་འདས་མོད།  ང་ཚོའི་མེས་པོ་གོང་མ་ཞང་ཞུང་གི་རིག་གནས་ཤ་རུས་གསེང་གི་དཔེ་ལྟར་ཏོག་ཙམ་ད་དུང་ལྷག་ཡོད་པ་འདི་རེད། མངའ་རིས་ལོ་རྒྱུས་འབེལ་གཏམ་རིན་ཕྲེང་ལས།  གངས་རི་རྒྱ་རྒོད་(གེ་ཁོད་)ཟེར་བ་ཞིག་ཡོད་པ་དེ་རུ་ཐོག་གི་ལྷ་རི་ཡིན་པས་དེ་སྔ་ལོ་གཅིག་ལ་ལྷ་གསོལ་ཐེངས་གསུམ་རེ་བྱེད་ཀྱི་ཡོད།ཞེས་དང་།  ཞང་ཞུང་སྲིད་པའི་གྲེ་འགྱུར་ལས།གེ་ཁོད་གངས་རི་གཙོས་བྱས།རི་ལ་རི་བརྒྱུད་ཡག་བྱུང་།རུ་ཐོག་སྲིད་པའི་གཉལ་གླུ་ལས།ཕོ་ལྷ་ལྷ་ཆེན་ཞིག་གྱེ་འོད་(གེ་ཁོད་)ཞལ་ལ་མཆོད།ཞེས་གསུངས་ཤིང་རུ་ཐོག་ཡུལ་མིས་ལྷ་ཆེན་གྱེ་ཁོད་གངས་རི་ལ་ལྷ་གསོལ་བཏང་སྲོལ་ཡོད་པ་ནི་གནའ་ནས་ད་ལྟའི་བར་མ་ཉམས་པ་གནས་བཞིན་མཆིས།  ལྷ་གསོལ་གཏོང་བའི་སྐབས་སུ་རུ་ཐོག་ཁུལ་གྱི་འབྲོག་པ་རྒད་པོ་ཚོས་རྒྱུན་འདོན་བྱེད་བཞིན་པའི་གསོལ་ཁའི་དཔེ་ཆ་འདི་འདོན་སྐབས་སུ་རྔ་རྡུང་ཞིང་ཀློག་གི་ཡོད། ཡིན་ནའང་བོན་པོ་ཀུན་གྱིས་གེ་ཁོད་ལྷ་བསང་འདི་ཉིད་གསང་སྔགས་ཡི་དམ་དཀྱིལ་འཁོར་ཞལ་ཕྱེ་བའི་སྐབས་སུ་རྔ་མི་རྡུང་ཞིང་ཐོག་མར་ངེས་པར་དུ་ནང་རྒྱུད་གསང་སྔགས་ཀུན་ལ་ཀློག་དགོས་པ་ཡིན། ཡུལ་འདིར་གདན་ཁྲི་ནར་མོ་གཅིག་གི་ཐོག་ཏུ་མཆོད་རྟེན་གཡས་དམར་པོ་དང་།དབུས་དཀར་པོ།གཡོན་སྔོ་ནག་ཞིག་བརྩིགས་སྲོལ་ཡོད། འདི་ལྟ་བུ་སྨད་གློ་བོ་རྨང་ཐང་ནས་སྟོད་མངའ་རིས་སྐོར་གསུམ་གང་སར་མཆོད་རྟེན་འདི་བརྩིགས་སྲོལ་བྱུང་འདུག་ཅིང་། དེང་སང་མངའ་རིས་ཡུལ་མིའི་ཁ་རྒྱུན་དུ་མཆོད་རྟེན་རིགས་གསུམ་མགོན་པོ་ཞེས་ཟེར་ཞིང་འཇམ་དཔལ་དབྱངས་དང་། ཕྱག་ན་རྡོ་རྗེ།སྦྱན་རས་གཟིགས་བཅས་ཡིན་པར་ངོས་འཛིན་བྱེད།བོན་པོ་ཚོས་འདི་ནི་གེ་ཁོད་ལྷ་ཡི་རྟེན་མཁར་གྱི་ཐིས་དཀར་ཐིས་དམར་ཐིས་ནག་བཅས་གསུམ་དང་འབྲེལ་བའི་ཡེ་ཤེས་ལྷ་ཆེན་ཨ་ཏི་མུ་ཝེར་དང་། རྫུ་འཕྲུལ་ལྷ་ཆེན་ཀུ་བྱི་མང་ཀེ། སྤྲུལ་པའི་ལྷ་ཆེན་དབལ་ཆེན་གེ་ཁོད་བཅས་ཡི་དམ་མགོན་པོ་རྣམ་གསུམ་ངོས་འཛིན་བྱེད་ཆོག  དེ་ལྟར་རུ་ཐོག་ཁུལ་དུ་གེར་རྒོད་གསོལ་ཁའམ་བསང་ཡིག་འདི་འགའ་ཞིག་ཡོད་པར་འདུག་ཅིང་ད་ལྟ་འདིའི་དཔེ་ཆ་ནི་་ཐོག་མེས་སྒྲུབ་པ་རྒྱལ་མཚན་མཆོག་ནས་མཁོ་འདོན་གནང་བ་དང་མངའ་རིས་སྨན་རྩིས་ཁང་གི་རྒན་ལྡན་མཆོག་དབང་གསལ་དང་མཁོ་འདོན་བྱས་པ་ཞིག་རེད། ཁོང་གིས་ཡིག་རྙིང་ཞིག་ལས་བྲིས་བཤུས་བྱས་པ་ཡིན་འདུག་པ་ལས་མ་དཔེ་དངོས་དེ་ལག་ཏུ་རག་མི་འདུག འདི་དང་ད་ལྟ་བོན་གྱི་གེ་ཁོད་སྒྲུབ་སྐོར་དུ་ཡོད་པའི་ཚན་བསང་གཉིས་ཚིག་འགའ་ཞིག་མ་གཏོགས་གཅིག་མཚུངས་འདུག་ཅིང་།  འདིར་རུ་ཐོག་ནས་ལག་སོན་བྱུང་བའི་གེར་རྒོད་གསོལ་ཁའི་དཔེ་ཆ་ལྟར་བཤུས་ཤིང་བོན་གྱི་གེ་གོད་ལྷ་བསང་དཀར་པོ་གཉིས་པོ་དཔེ་བསྡུར་བྱས་ཏེ་སྤྱི་འགྲོས་ལྟར་ཅུང་ཙམ་དག་བཅོས་བྱས་པ་རྣམས་གུག་རྟགས་ནང་དུ་བྲིས་ཏེ་བཀོད་ཡོད་པ་ནི།

དགེ་རྒོད་དགེར་གསོལ་བཞེས་བྱ་པ་ཞུགྶསོ(བདུད་འདུལ་གེ་ཁོད་ཀྱི་བསང་དཀར་ཞེས་བྱ་བ་བཞུགས་པ་ལེགས་སྭྰོ)།།

(ཞང་ཞུང་སྨར་གྱི་ལྷ་ལ་ཕྱག་འཚལ་ལོ།)

སྭྰསྭྰ(བསྭོ)། ཙེ་གཅིག་ཙེ་གཉིས་ཙེ་དང་(རྩེ་གཅིག་རྩེ་གཉིས་རྩེ་དང)གསུམ།  །སྲིད་པ་རྩེ་གསུམ་སྤང་རི་ཐོ(བང་རེ་མཐོ)།།དེ་ལ་ཐོ་པའི(བའི་མཐོ་ཡི)ཡང་གོང་ནས།  །ནམ་མཁའ་གཡུ་ཡི་ལྡིང་ཁང་ནས།  །ཐོག་སེར་ཁྲོས་(འཕྲོས)པའི་ཞལ་(གཞལ)ཡས་ནས།  །དཔལ་(དབལ)ཆེན་གེ་ཁོད་འཁོར་དང་བཅས།  །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ།  །བསངས་དང་ཁྲུས་ལ་གཤེགས་སུ་གསོལ།།  ཀྱེེ།།རི་གཅིག་འདུག་པ་སྤོས་ཀྱི་རི།།ཐང་གཅིག་འདུག་པ་སྤོས་ཀྱི་ཐང་།།སྤོས་རི་སྤོས་ཐང་ཕ་རོལ་ནས།  །རི་ནི་རིན་པོ་ཆེ་ཡི་རི(རི་བར་རིན་པོ་ཆེ)།  །རི་རབ་དེའི་ཤར་ཕྱོགས་ནས།།ཤིང་ནི་བ་ལུ་དཀར་པོ་སྐྱེས།།    ཚངས་པ་སྤོས་ཀྱི་དུད་པ་(པས)བསངས།།རི་རབ་དེའི་བྱང་ཕྱོགས་ནས།  །ཤིང་ནི་གཤུག་(ཤུག)པ་གཡུ་ལོ་སྐྱེས།།ཚང་པ་སྤོས་ཀྱི་དུད་པ་(པས)བསངས།།རི་རབ་དེའི་ནུབ་ཕྱོགས་ནས།།ཤིང་ནི་ཙན་ལྡན(དན)དམར་པོ་སྐྱེས།།ཚང་པ་སྤོས་ཀྱི་དུད྾ རི་རབ་དེའི་ལྷོ་ཕྱོགས་ནས།།ཤིང་ནི་དུང་(བདུད)རྩི་ལྗོན་ཤིང་སྐྱིས(ལྗངས་ཕྱུགས་སྐྱེས)།།ཚངས་པ་སྤོས་ཀྱི་དུད་པ(པས)྾རི་རབ་དེའི་མཚམས་ཞིས་ནས།།ཤིང་ནི་མཁན་དཀར་ཕུར་མོ་(མོང་)སྐྱེས།།ཚངས་པ་སྤོས་ཀྱི་དུད་པ་(པས)བསངས།།རི་རབ་དེའི་དབུ(དབུས་)ཕྱོགས་ནས།།ཡ་ཚན(མཚན)ཆེ་བའི་སེམས་ཅན་གཅིག།མགོ་བོ་ཆེ(ཆུང)ལ་མགྲིན་པ་ཕྲས(འཕྲ)།།ལུས་པོ་ཆུང་ལ་མཆོང་པང(པ)ཆེས།།སྤུ་ནི་རི་དྭགས་ཤ་བའི་སྤུ།།སོ་ནི་གཅན་གཟན་སྟག་གི་སོ།།སྐད་ནི་ཚེ་ཚེ་ར་ཡི་སྐད།།ཡ་ཚན(མཚན)ཆེ་བའི་སེམས་ཅན་དེ།།གཟུགས(བཟུང)ནི་རྫུ་འཕྲུལ་བཞགས་པབཟང(ཞགས་པས་བཟུང་)།།བཤ(བཤས)ནི་ཤེས་རབ་རལ་གྲི་ཤས(གྲིའི་བཤས)།།སེམས་ཅན་དེ་ཡི་ཁོག་པ་ནས།།ཡ་མཚན་སྤོས་སྣ་ལྔ་རུ་འབྱུང་།།ཨ་ཀ་རུ་དང་དུ་རུ་ཀ།རྫ་(ཛྭ)ཏི་གླ་རྩི་ག་ཕུར་(པུར)གྱིས།།དགེ་རྒོད(གེ་ཁོད)ལྷ་ལ་བསངས་མཆོད་འབུལ།།  རི་རབ་དེ་ཡི་ཙ(རྩ)བ་ནས།།རྒྱ་སྤོས་སྤང་སྤོས་བྲག་སྤོས་དང་།།བྲག་ཞུན་གླ་རྩི་དུད་པ་རྣམས།།དགེ་རྒོད(གེ་ཁོད)ལྷ་ལ་བསངས་མཆོད་འབུལ། །དུད་པ་རྣམས་དུ་སོང་བ་ཡི།།གནམ་གྱི་དགེ་རྒོད(གེ་ཁོད)སུམ་བརྒྱ་དྲུག་ཅུ་བསངས།།མེ་ལྕེ་བར་སྣང་སོང་བ་ཡི།།བར་གྱི་དགེ་རྒོད་སུམ་(གེ་ཁོད)བརྒྱ་དྲུག་ཅུ྾འདབ(གདག)མ་ས་ལ་སོང་བ་ཡི།།སའི་དགེ་རྒོད་སུམ་(གེ་ཁོད་)བརྒྱ་དྲུག་ཅུ྾ཡབ་ཟླ་ཤེལ་འོད་ཀྱི་རྒྱལ་པོ་སུམ་བརྒྱ་དྲུག་ཅུ྾ཡུམ་ཉི་ཤེལ་འོད་ཀྱི་རྒྱལ་མོ་སུམ་བརྒྱ་དྲུག་ཅུ྾སྲས་ཁྱིའུ་ཁོད་དེ་ཁོད་ཆུང་(ཁྱེའུ་ཁང་ར་ཁང་ཆུང་)བསངས།།ཡེ་ཤེས་ལྷ་ཆེན་ཨ་ཏི་མུ་ཝེར྾རྫུ་འཕྲུལ་ལྷ་ཆེན་ཀུན་མཁྱེན་ལས་སྐྱེས་(ཀུ་བྱི་མང་སྐེ)བསངས།།སྤྲུལ་བའི་ལྷ་ཆེན་དཔལ་ཆེན་དགེ་རྒོད་(དབལ་ཆེན་གེ་ཁོད་)སུམ་བརྒྱ་དྲུག་ཅུ྾ཡེ་ཤེས་དགེ་རྒོད(གེ་ཁོད)སུམ་བརྒྱ་དྲུག་བཅུ་བསངས།།རྫུ་འཕྲུལ་དགེ་རྒོད(གེ་ཁོད)སུམ་བརྒྱ་དྲུག་བབཅུ་བསངས།།ལས་ཀྱི་དགེ་རྒོད་(གེ་ཁོད)སུམ་བརྒྱ་དྲུག་བཅུ་བསངས།།ཡབ་ལྷ་ཆེན་པོ་དགེ་རྒོད་(གེ་ཁོད་)དབང་རྒྱལ་བསངས།།དགེ་རྒོད(གེ་ཁོད)བསང་ཐིས་འཕར་མ་བསངས། དགེ་རྒོད་བསང་དྲག་ཆེ་པ་(གེ་ཁོད་གསང་བ་དྲགས་ཆེན་)྾དགེ་རྒོད་མེ་རི་རྒྱ་ཕུར(གེ་ཁོད་མེ་རི་གྱད་ཕུར་)྾དགེ་རྒོད(གེ་ཁོད་)དྲག་པོའི་ཐོག་མདའ་྾དགེ་རྒོད(གེ་ཁོད་)ལྷ་དཀར་ཡང་སྙིང྾དགེ་རྒོད་(གེ་ཁོད་)བྲག་དཀར་བྲག་དམར྾རིགས་ཀྱི་དགེ་རྒོད་(གེ་ཁོད་)ཡབ་ཡུམ྾ ཕྱོགས་ཀྱི་དགེ་རྒོད་(གེ་ཁོད་)ལྕམ་བྲལ་(དྲལ་)བསངས།།སྤྲུལ་པ་ལས་ཀྱི་ཁྱོད་ཞི(ཁྱེའུ་བཞི)྾སྣ(གནམ)སྨན་དགུ་ཁྲི་དགུ་འབུམ྾  རིགས་གཛིན་བགྱུད་པའི་བགྱུད་པ་(འཛིན་བརྒྱུད་པའི་བརྒྱུད་གསས)བསངས།།སློབ་དཔོན་བརྒྱུད་པའི་བརྒྱུད་པ་(གསས་)བསངས།།ཕ་མའི་(མྱེས་)བརྒྱུད་པའི་བརྒྱུད་པ་(གསས་)྾ སྲིའུ་གསོ་བའི་དགྲ་ལྷ་(སྒྲ་བླ་)བསངས།།རྣོ་ཐོང་(མཐོང་)སྟོན་པའི་དགྲ་ལྷ་(སྒྲ་བླ་)྾  གར་གྲུབ་ཡུམ་ཆེན་(གར་སྒྲུབ་ཡུལ་ལྷ་)གཉན་པོ་བསངས།།གཡའ་རིའི་གང་པ་(གངས་བྲག་)སྨན་བཙུན྾ ཡུལ་གྱི་ཡུལ་(ལྷ)གཉན་པོ྾མཁར་གྱི་རྩེ་ལྷ་གཉན་པོ྾ལྷ་རིགས་གཉན་རིགས་ཀླུ་རིགས་བསངས།།ཤིང་བདུད་བརྩི(རྩི)ཅན་གྱི་དུད་པ(པས་)བསངས།།སྨན་སྣ་ཚང་བའི་དུད་པ(པས་)བསངས།།སྤོས་སྣ་ཚང་བའི་དུད་པ(པས་)བསངས།།མཁན་དང་གཤུག་(ཤུག)པའི་དུད་པ་(པས་)བསངས།།འདོད་ཡོན་ཚང་བའི་དུད་པ་(པས་)བསངས།།མདའ་དར་རིན་ཆེན་སྣས(སྣ)ལྔ་(ལྔས་)བསངས།།ཕྱེ་མར་དུད(བདུད)རྩི་ཕུད་གྱི་(ཀྱིས་)མཆོད་པ་འབུལ།།དཀར་དམར་ཤ་ཁྲག་ཕུད་གྱི(ཀྱིས་)མཆོད་པ་འབུལ།།འབྲུ་སྣ་ཚང་པའི་ཕུད་གྱི(ཀྱིས་)མཆོད་པ་འབུལ།།  གཉན་པའི་དགྲ་དབྱངས་སྣས(སྙན་པའི་སྒྲ་དབྱངས་སྣ)ཚོགས་ཀྱི་དགེ་རྒོད་(གེ་ཁོད་)ལྷ་ལ་བསངས་མཆོད་འབུལ། སུམ་བདུང་(རྡུང)བླ་མ་ཡི་དམ་སེམས་ཅན་ཀུན་གྱི་མགོན་གྱུར་ཕྱག་འཚལ་མཆོད་པ།།  ཞེས་གསུངས་ཤིང་བོན་གྱི་གེ་ཁོད་ཀྱི་བསང་དཔེ་མང་པོ་ཡོད་བར་ཅུང་ཙམ་མི་འདྲ་བ་འགའ་ཞིག་འདུག་མོད་འདི་སྤྱི་འགྲོས་ཙམ་ཡིན་ཁུལ་ཡིན། མ་ཟད་རུ་ཐོག་གི་བསང་དཔེ་ནང་དུ་ཡོད་པའི་ཚིག་ཁ་ཤས་བོན་གྱི་གེ་ཁོད་བསང་དཔེའི་ནང་དུ་མི་འདུག་ཅིང་ཚིག་དེ་ཚོ་བཅོས་བསྒྱུར་བྱས་པ་མ་ཡིན་ཞིང་བོན་དཔེ་ཚན་བསང་སོགས་ཀྱི་ནང་དུ་གསལ་བས་བོན་གྱི་གེ་ཁོད་བསང་དཔེ་དེ་ཆད་ཡོད་པ་འདྲ།།

གསུམ་པ་དཔྱད་མཆན།

<<དགེ་རྒོད་དགེར་གསོལ་བཞེས་བྱ་བ་བཞུགྶསོ།>>ཞེས་པའི་དཔེ་ཆ་འདི་ནི་དངོས་གཙོ་རྩོད་སྒྲུབ་རིག་པའི་ངོས་ལ་བཤད་ནས་ལོ་རྒྱུས་ཀྱི་དཔྱད་གཞི་ཤིན་ཏུ་ན་རིན་ཐང་ཆེ་བ་ཞིག་རེད། རྒྱུ་མཚན་ནི་གཡུང་དྲུང་བོན་གྱི་དཔེ་ཆ་བཀའ་དང་བཀའ་བརྟེན་རྒྱ་ཆེ་ལ་གཏིང་ཟབ་པ་མང་པོ་ད་ལྟ་བཞུགས་བཞིན་ཡོད་ནའང་།  ཁོ་ཚོའི་ངོས་ལ་བཤད་ནས་གང་ཟག་མིའི་དབང་པོ་མངོན་སུམ་གྱི་སྤྱོད་ཡུལ་དུ་ར་སྤྲོད་དང་བདེན་དཔང་བྱེད་ཐུབ་ཀྱིན་མེད་ནས་ཡིད་ཆེས་མེད་པ་རེད།  དེས་ན་ད་ལྟའི་དུས་འདིར་་ཀུན་རྫོབ་ཀྱི་བདེན་པ་གཙོ་བོ་འཛིན་པའི་དུས་རབས་ཤིག་སླེབས་ཚར་དུས་ང་ཚོས་ཀྱང་དེ་དང་མཐུན་པའི་སྒོ་ནས་བདེན་དཔང་འཚོལ་ཞིང་ཞིབ་འཇུག་བྱེད་རྒྱུ་དེ་གལ་ཆེ་ཤོས་དེ་ཡིན།དེ་ལྟར་ན་དཔེ་ཆ་འདིའི་དངོས་གཙོ་རྩོད་སྒྲུབ་པ་ལ་བདེན་དཔང་ག་རེ་ཐུབ་བམ་ཞེ་ན།  ཁོ་ཚོས་གཡུང་དྲུང་བོན་གྱི་པཀའ་དང་བཀའ་རྟེན་ལ་ཡིད་ཆེས་དེ་ཙམ་མེད་རྐྱེན་དཔེ་ཆ་འདི་ནི་ཞང་ཞུང་དང་བོན་གྱི་ལོ་རྒྱུས་ཉམས་རྒུད་ཤིན་ཏུ་ཕྱིན་ཞིང་ཐ་ན་ཞང་ཞུང་དང་བོན་ཟེར་ན་རྣམ་རྟོག་རྩི་བའི་ས་ཆར་དཔེ་ཆ་འདི་ད་དུང་དམངས་ཁྲོད་དུ་བཞུགས་ཤིང་རྒྱུན་སྲོལ་དང་འབྲེལ་བའི་སྒོ་ནས་ལྷ་གསོལ་གཏོང་བྱེད་བཞིན་པ་ནི་རྩ་ཆེན་ཞིག་ལོས་ཀྱང་ཡིན་ལ། དཔེ་ཆ་འདིའི་བདེན་དཔང་གལ་ཆེ་ཤོས་དེ་ག་རེ་ཐུབ་བམ་ཞེ་ན།བསང་ཡིག་འདི་ད་ལྟ་བོན་གྱི་དཔེ་ཆའི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཡིན་པ་མ་ཟད་ནང་རྒྱུད་གསང་སྔགས་ཀྱི་དཀྱིལ་ཆོག་དབུ་འཛུགས་དུས་སུ་བོན་པོ་ཀུན་གྱིས་འདི་གློག་བཞིན་ཡོད་པས།  དཔེ་ཆ་གཉིས་པོ་ཕན་ཚུན་དཔེ་བསྡུར་བྱས་ཏེ་དུས་རབས་རིམ་བྱུང་གིས་སྒྱུར་བཅོས་བྱས་ཡོད་མེད་ལྟ་རྒྱུ་ཡིན་པས།རུ་ཐོག་གི་གེ་གོད་ཀྱི་བསང་དཔེ་དང་བོན་གྱི་དཔེ་ཆའི་ཁྲོད་དུ་ཡོད་པའི་གེ་ཁོད་ཀྱི་བསང་དཔེ་གཉིས་པོ་དཔེ་བསྡུར་བྱས་ནས་ཆད་ལྷག་དང་བརྡ་དག་ཏོག་ཙམ་གྱི་ཁྱད་པར་བྱུང་བ་མ་གཏོགས་བཅོས་བསྒྱུར་བྱས་མེད་པ་དེ་རེད།  ཡིན་ནའང་དཔེ་ཆ་འདིའི་གཉིས་པོ་དུས་རབས་ནས་དུས་རབས།  ལོ་རབས་དང་ལོ་རབས་བར་དུ་ཕན་ཚུལ་གནས་ཡུལ་གྱིས་སྐལ་ཞིང་དཔེ་བཤུས་རིམ་བཞིན་བྱས་པས་ཅུང་ཙམ་ཆད་ལྷག་དང་ཡིག་ནོར་ཤོར་ཡོད་པ་ནི་ཅི་སྨོས་དགོས། ཞོར་བྱུང་དུ་འདིར་དངོས་གཙོ་རྩོད་སྒྲུབ་རིག་པས་ཡིད་གཉིས་ཟ་བཞིན་པའི་ཚིག་ཁ་ཤས་བདེན་དཔང་གི་ཚུལ་དུ་ར་སྤྲོད་བྱས་ནས།  དགེ་རྒོད་དགེར་གསོལ་དང་བོན་གྱི་དཔེ་ཆ་དང་གཉིས་ཀར་འཁོད་ཡོད་པའི་རིག་འཛིན་དང་། སློབ་དཔོན། ཨ་ཏི། ཡེ་ཤེས།  རྫུ་འཕྲུལ།  སྤྲུལ་པ་ཞེས་པའི་དམིགས་གསལ་གྱི་ཚིག་འདི་ཚོ་ཚོ་ནི་ཆེས་གནའ་བོའི་སྐབས་སུ་མེས་པོ་ཚོའི་རྩ་ཆེ་ཤོས་བརྩི་ཞིང་ཡིན་ཚིག་དོན་རྒྱ་ཆེ་ལ་གཏིང་ཟབ་པ་ཤ་དག་ཡིན།།

༡རིག་འཛིན། རིག་འཛིན་ཞེས་གསང་སྔགས་ནང་རྒྱུད་ཡེ་ཤེས་དང་ཡེ་ཤེས་ཆེན་པོའི་རྒྱུད་སྡེ་ཉམས་སུ་ལེན་མཁན་རིམ་བཞིན་བརྒྱུད་པའི་བླ་མ་དག་ལ་རྣམ་སྨིན་རིག་འཛིན། ཚེ་དབང་རིག་འཛིན། ཕྱག་རྒྱ་རིག་འཛིན། ལྷུན་གྲུབ་རིག་འཛིན་བཅས་རིག་འཛིན་རྣམ་བཞི་སྟེ་རིགས་དང་གྲུབ་པའི་འབྲས་བུ་ཁྱད་པར་མི་འདྲ་པའི་ཐོག་ནས་བཏགས་པའི་རིག་འཛིན་སྣ་ཁ་བཞི་ཡོད་པས་དཔེར་ན་ཞང་བོད་ཀྱི་རིག་འཛིན་གྲུབ་ཆེན་བརྒྱད་ཅུ་ལྟ་བུའོ།།

༢ སློབ་དཔོན།སློབ་དཔོན་ཞེས་སེམས་ཅན་སྤྱི་ཡི་སློབ་དཔོན། ཤེས་རབ་རྒྱུད་དཀྲོལ་སློབ་དཔོན། གཤེན་རབ་འདྲེན་པའི་སློབ་དཔོན།  དམ་ཚིག་དབང་གི་སློབ་དཔོན།  མན་ངག་ལུང་གི་སློབ་དཔོན་སོགས་སློབ་དཔོན་གྱི་རིགས་མི་འདྲ་བ་མང་པོ་དབྱེ་སྲོལ་བྱུང་ཡོད། དཔེ་ན་སློབ་དཔོན་སྟོང་རྒྱུང་དང་། སློབ་དཔོན་དྲན་པ་ལྟ་བུ་ཡིན་ཞིང་ཞང་ཞུང་གི་སྐད་དུ་དེ་ལ་གྱེར་སྤུངས་སྣང་བཞེར་ལོད་པོ་ལྟ་བུའོ།

༣ ཨ་ཏི།ཨ་ཏི་ཞེས་འདིར་ཨ་ཏི་མུ་ཝེར་ནི་ཞང་ཞུང་གི་སྐད་དུ་སངས་རྒྱས་མཁའ་རྒྱལ་ཞེས་སངས་རྒྱས་ཀྱི་མིང་གི་རྣམ་གྲངས་ཤིག་ཡིན་ལ་གཞན་དུ་ན་སངས་རྒྱས་ཞེས་ཞང་ཞུང་སྐད་དུ་མུ་སངས་ཞེས་བརྗོད་པ་ཡིན། ཨ་ཏི་མུ་ཝེར་ཞེས་བོད་སྐད་དུ་ཐད་སྒྱུར་དུ་བྱས་ན་སྐྱེ་འགག་མེད་པ་ནམ་མཁའི་རྒྱལ་པོ་ཞེས་གོ་དགོས།  རྫོགས་པ་ཆེན་པོའི་བོན་སྡེ་སེམས་སྨད་སྡེ་དགུའི་ནང་ཚན་བྱང་སེམས་རིག་པ་རྒྱུན་ཐག་ལས།  སེམས་ཀྱི(རྫོགས་ཆེན)ཨ་ཏི་མ་རྟོགས་ན། སྟོན་པའི་བཀའ་རྒྱུད་བཤད་ར་མཁན། བྱང་ཆུབ་སེམས་དང་ནམ་ཡང་འཕྲད་པར་མི་འགྱུར་ཏེ། ཞེས་གསུངས་ཨ་ཏི་རང་ལ་སེམས་ཀློང་མན་ངག་སྡེ་གསུམ་ཡོད་ཅིང་རྫོགས་པ་ཆེན་པོའི་བོན་སྡེ་ཡིན་པ་ཤར་རྫ་པས་ཞལ་གསལ་བར་གསུངས་ཡོད། མདོར་ན་ཨ་ཏི་མུ་ཝེར་ཞེས་བརྗོད་ཡོང་པའི་སྐབས་སུ་སངས་རྒྱས་མཁའ་རྒྱལ་ཞེས་པའི་ལྷ་ཞིག་ལ་གོ་བ་མ་ཟད་ཞང་ཞུང་བོན་སྐོར་གྱི་ནང་ནས་ཤིན་ཏུ་གྲགས་ཆེ་བའི་ཞང་ཞུང་སྙན་རྒྱུད་སྔགས་སེམས་གཉིས་ཀྱི་ནང་ནས་གསང་སྔགས་མེ་རི་དང་གེ་ཁོད་ཀྱི་ཕུགས་གཏུག་སའི་ལྷ་མཐར་ཐུག་པ་དེ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཡ་གྱལ་ཞིག་ཡིན།  དེས་ན་ད་ལྟ་བོད་གངས་ཅན་ལྗོངས་སུ་གྲགས་ཆེ་ཞིང་ཉམས་སུ་ལེན་བཞིན་པའི་ཨ་ཏིའི་ལྟ་བའི་ཕུགས་དེ་གང་ལ་ཐུག་ཡོད་མིན་གྱི་དཔྱད་གཞིའི་རིན་ཐང་ཆེ་བ་ཡིན།

༤ ཡེ་ཤེས། རྫུ་འཕྲུལ། སྤྲུལ་པ།  ཡེ་ཤེས་དང་རྫུ་འཕྲུལ་དང་སྤྲུལ་པ་ཞེས་པ་ནི་ལྷ་ལའང་སྤྱིར་ཡེ་ཤེས་པའམ་མྱང་འདས་ཀྱི་ལྷ་དང་འཇིག་རྟེན་པའམ་འཁོར་བའི་ལྷ་ཞེས་གཙོ་བོ་རིགས་གཉིས་སུ་ཡོད་པ་དང་། སྒོས་སུ་མྱང་འདས་པ་དེ་ལ་ཡེ་ཤེས་དང་། རྫུ་འཕྲུལ། སྤྲུལ་པ་བཅས་གསུམ་དང་དེ་ལའང་ཞི་བའི་ལྷ། རྒྱས་པའི་ལྷ། དབང་གི་ལྷ། དྲག་པོའི་ལྷ། རྒྱུན་གྱི་ལྷ་ཞེས་རིགས་ལྔ་དབྱེ་རྒྱུ་ཡོད། འཁོར་བའི་ལྷ་ལ་གཡེན་ཁམས་སུམ་ཅུ་སོ་གསུམ་ཞེས་རིག་སོ་གསུམ་དབྱེ་རྒྱུ་ཡོད། མ་ཟད་འདས་དང་མ་འདས་འཚམས་ལས་མངའ་མཛད་ཅིང། ཞེས་ངོ་བོ་ཡེ་ཤེས་པའི་ལྷ་དང་དབྱེ་རུ་མེད་ཅིང་རྣམ་པ་འཇིག་རྟེན་པའི་ལྷའི་ཚུལ་ཡོད་པའི་ལྷའང་ཡོད། འདིར་ཡེ་ཤེས་དང་། རྫུ་འཕྲུལ།  སྤྲུལ་པ་བཅས་ལྷ་ལ་རིགས་གསུམ་དབྱེས་ཡོད་པ་འདིས་ག་རེ་སྟོན་གི་ཡོད་རེད་ཅེ་ན། ད་ལྟ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་ཁྲོད་དུ་བཞུགས་པའི་མེ་རི་བཀའ་མ་དང་གེ་ཁོད་ཀྱི་རྒྱུད་སྡེ་ནང་བཞིན་མྱང་འདས་ཀྱི་ཉམས་ལེན་ཡོད་པ་ར་སྤྲོད་བྱེད་ཐུབ་ལ་སངས་རྒྱས་དང་ཡེ་ཤེས་ཞེས་པའི་བོད་བརྡའི་ཐ་སྙད་ཀྱི་འབྱུང་ཁུངས་དེའང་རྙེད་ནུས་པ་ཡིན།།

ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་༢༠༡༩-༡༡-༣ཉིན་དུ་ནར་མར་བྲིས་ཏེ་སྤེལ་བའོ།།།

གོང་གི་རྩོམ་ཡིག་འདི་བཟོ་བཅོས་གང་ཡང་མ་བཏང་ནས་མ་རྩོམ་རང་སོར་བཞག་ཡོད།