གཡུང་དྲུང་བོན་གྱི་དྲྭ་རྒྱ།

སོག་ཐེག་ཆེན་ཞི་བདེ་དར་རྒྱས་གླིང་གི་དབུ་འབྱེད་མཛད་སྒོ།

དེ་ཡང་སྤྱི་ལོ་༢༠༡༩ཟླ་༡༢ཚེས་༡༤ཉིན་སོག་ཐེག་ཆེན་ཞི་བདེ་དར་རྒྱས་གླིང་གི་དབུ་འཛིན་མཁན་པོ་སྨན་རིའི་དགེ་བཤེས་བཟོད་པ་རྒྱ་མཚོ་ལགས་ནས་ཅི་ལྟར་གསོལ་བ་བཏབས་འབྲས་བཞིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་བལ་ཡུལ་ནས་ཆིབས་ཐོན་གྱིས་སོག་པོའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། གནམ་ཐང་དུ་སོག་ཐེག་ཆེན་ཞི་བདེ་དར་རྒྱས་གླིང་གི་དབུ་འཛིན་མཁན་པོ་སྨན་རིའི་དགེ་བཤེས་བཟོད་པ་རྒྱ་མཚོ་ལགས་དང་། བལ་ཡུལ་ཁྲི་བརྟན་ནོར་རྩེའི་རྩ་འཛིན་སློབ་དཔོན་དགེ་བཤེས་སྨོན་ལམ་དབང་རྒྱལ་སོགས་དགོན་པའི་ལས་ཀྱི་སྣེ་མོ་བ་བཅས་ནས་ཆིབས་བསུ་ཟབ་རྒྱས་ཞུས་ཡོད་པ་དང་།
ཕྱི་ཚེས་༡༥ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་མཁན་བཟོད་པ་དབུས་དགོན་པའི་སྐུ་འདྲ་གསར་པ་ཁག་ཅིག་ལ་གཟུངས་བཞུགས་སྤྱན་དབྱེ་རབ་གནས་སོགས་མཛད་ཡོད་པ་དང་། ཕྱི་ཚེས་༡༦ཉིན་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་ཐེངས་འདིར་ཆེད་ཕེབས་ཀྱི་སྐུ་མགྲོན་རྣམས་དང་། དགོན་པའི་ལས་ཀྱི་སྣེ་མོ་བ་ཚང་འཛོམས་ཐོག་དགོན་འདིས་མ་འོངས་པའི་འཕེལ་རྒྱས་ཕྱོགས་ལ་ཚོགས་འདུ་སྐོང་འཚོགས་གནང་ཡོད་པ་རེད།

ཕྱི་ཚེས་༡༧ནས་བཟུང་ཉིན་གཉིས་རིང་རིན་པོ་ཆེ་མཆོག་ནས་སོག་ཐེག་ཆེན་ཞི་བདེ་དར་རྒྱས་གླིང་གི་བསྟན་པའི་སོན་རྩ་གཙོས་སྐྱ་སེར་ཚོགས་ལ་བྱམས་མ་དང་མཛད་བཅུ་བཅས་ཞལ་འདོན་ཁག་དང་། ལུས་སྦྱིན་མཁའ་འགྲོའི་གད་རྒྱངས་ཀྱི་ལྗགས་ལུང་གནང་ཡོད་པ་དང་།

ཕྱི་ཚེས་༡༩ཉིན་སོག་ཐེག་ཆེན་ཞི་བདེ་དར་རྒྱས་གླིང་གི་དབུ་འབྱེད་མཛད་སྒོ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། དེ་ཡང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་།
༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤མཆོག་གི་སྐུ་ཚབ་གླིང་ཚང་གཡུང་དྲུང་འོད་གཙོས། རྒྱལ་བ་ཇོ་ནང་བའི་བླ་མ་ཨ་ཁུ་ཀུན་དགའ་ཞབས་འཁོར་དང་། བལ་ཡུལ་ཞང་ཞུང་དགེ་རྩ་ཚོགས་པའི་ཚོགས་གཞོན་ཏྲེ་ཧོར་རྒྱལ་དཔོན་ཚང་གཡུང་དྲུང་ཚེ་དབང་། བལ་ཡུལ་བོན་པོ་ཚོགས་པའི་འཐུས་མི་དཀོན་མཆོག་དར་པོ། དོལ་པོ་ཏ་པི་ཧྲི་ཙ་བོན་པོ་སློབ་གྲྭའི་སློབ་སྤྱི་བསམ་འགྲུབ་བླ་མ་བཅས་ཕེབས་འབྱོར་གནང་ཡོད་པ་དང་།

དེ་ཡང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་ཚོགས་ཁང་གི་དར་རྟགས་འབྲེག་པའི་མཛད་རིམ་གྲུབ་རྗེས། ཚོགས་ཁང་དུ་ཕེབས་ནས་སྟོན་པའི་གསོལ་འདེབས་ཐེངས་གསུམ་གྱེར་མཚམས་སྣང་གསལ་སྒྲོན་མེ་ཞལ་འབྱེད་ཀྱིས་སྨོན་ལམ་རྣམ་པར་དག་པའི་རྒྱས་བཏབས་རྗེས།


༧སྐྱབས་རྗེ་མཆོག་གཅན་ལྔ་རིན་ཆེན་བཏེགས་པའི་ཁྲི་ལ་བཞུགས་གསོལ་གྱིས་མཁན་བཟོད་པ་རིན་པོ་ཆེ་དང་ལས་ཀྱི་སྣེ་མོ་ཡོངས་ནས་མ་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་གྱི་མཛད་རིམ་གྲུབ་པ་དང་། བླ་ཆེན་དྲན་པའི་ཚོགས་འཁོར་གྱི་ཆོ་ག་དབུ་འཛུགས་གནང་ཡོད་པ་རེད། དེ་རྗེས་སྐུ་ཚབ་རྣམས་ནས་རིམ་བཞིན་གསུང་བཤད་གྲུབ་མཚམས།

སོག་པོའི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་། མཁན་བཟོད་པ་རིན་པོ་ཆེ་མཆོག་གི་སློབ་མས་སོག་གཞས་མ་ཏྲི་ཅན་ཀུན་གྱིས་སྙན་དབང་དུ་བསྟར་རྗེས།
༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ནས་བཀའ་སློབ་བསྩལ་དོན། སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་འཛམ་གླིང་གི་ཡུལ་གྲུ་མང་པོ་ལ་སྔར་ནས་དར་ཁྱབ་དུ་ཕྱིན་ཡོད་ལ། སོག་པོའི་ནང་དུའང་བོན་གྱི་བསྟན་པ་འདི་དར་ཁྱབ་བྱུང་ཡོད་པ་རེད། ནང་སྒོས་སུ་སྤྱི་ལོ་༼༨༨༨༽བོན་གྱི་འདུལ་རྒྱུད་ཉེན་འཕྲང་གི་སྐབས་སོག་པོ་སྤྲེལ་སླག་ཅན་ནམ་དྲང་སྲོང་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ནས་མཁན་ཆེན་མུ་ཟི་གསལ་བཟང་གི་མདུན་ནས་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་པ་མནོས་པ་བཟུང་། བོད་ཡུལ་སྟོད་སྨད་བར་གསུམ་ཀུན་དུ་འདུལ་འཛིན་སྐར་ཚོགས་བཀྲ་བ་བཞིན་བགྲང་གིས་མི་ལངས་པ་བྱུང་བའི་ལོ་རྒྱུས་དང་།

དེ་ཡང་སོག་པོའི་གནས་འདིར་བོན་གྱི་བསྟན་པ་སྔར་མེད་པ་ཞིག་གསར་དུ་དར་བ་མ་ཡིན་པར། སྔར་ཡོད་པ་ཉམས་གུད་བྱུང་བར་མཁན་བཟོད་པ་མཆོག་ནས་བསྐྱར་གསོ་བྱས་པ་ཡིན་སྐོར་གྱི་བཀའ་སློབ་བསྩལ་ཡོད་པ་དང་། དེ་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤མཆོག་ནས་སོག་ཐེག་ཆེན་ཞི་བདེ་དར་རྒྱས་གླིང་དུ་བྱིན་རྟེན་རྒྱལ་བ་མཉམ་མེད་ཆེན་པོའི་གསེར་སྐུ་གཅིག་དང་། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ནས་གཡུང་དྲུང་བོན་གྱི་ཀུན་འདུས་ཞལ་ཐང་ཆེན་མོའི་དེབ་གཟུགས་སྟོད་སྨད་གཉིས་དང་། ན་བཟའ་ཆ་ཚང་གཅིག ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་བླ་ཆེན་དྲན་པ་ནམ་མཁའི་གསེར་སྐུ་གཅིག་བཅས་བྱིན་རྟེན་དུ་བསྩལ་ཡོད་པ་དང་། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤སྐུ་ཚབ་གླིང་ཚང་གཡུང་དྲུང་འོད་ཟེར་དང་། བལ་ཡུལ་ཞང་ཞུང་དགེ་རྩ་ཚོགས་པའི་ཚོགས་གཞོན་ཏྲེ་ཧོར་རྒྱལ་དཔོན་ཚང་གཡུང་དྲུང་ཚེ་དབང་། བལ་ཡུལ་བོན་པོ་ཚོགས་པའི་འཐུས་མི་དཀོན་མཆོག་དར་པོ། དོལ་པོ་ཏ་པི་ཧྲི་ཙ་བོན་པོ་སློབ་གྲྭའི་སློབ་སྤྱི་བསམ་འགྲུབ་བླ་མ་བཅས་ནས། སོག་ཐེག་ཆེན་ཞི་བདེ་དར་རྒྱས་གླིང་དུ་ད་ལོར་རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན་འཚོགས་དོད་དུ་མི་རེ་ནས་ཨ་སྒོར་ཉིས་བརྒྱ་ལྔ་བཅུ་རེ་ཕུལ་ཡོད་པ་དང་། ཕྱི་ཚེས་༢༠ཉིན་མཁན་བཟོད་པ་རྒྱ་མཚོ་མཆོག་གིས་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་གནམ་ཐང་དུ་ཕེབས་སྐྱེལ་བྱས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།
གནས་ཚུལ་དང་པར་མཁོ་འདོན་པ་ཟླ་བ་བསྟན་འཛིན།