གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸ རྒྱལ་གཤེན་ཡང་སྟོན་གྱི་གདན་ས་བདེ་ལྡན་བསམ་གླིང་དགོན་གྱི་ཚོགས་ཁང་བསྐྱར་བཞེངས་ལེགས་གྲུབ་ཀྱི་རབ་གནས་དང་ཡང་སྟོན་བླ་མ་ཤེས་རབ་བསྟན་འཛིན་རིན་པོ་ཆེ་མཆོག་ལ་མཎྜལ་བརྟན་བཞུགས་རྒྱས་འབུལ། བདེ་ལྡན་བསམ་གླིང་དགོན་དུ་ལོ་གསུམ་སྒྲུབ་ཐོན་གྱི་མཛད་སྒོ་བཅས་ཀྱི་གནས་བསྡུས།

དེ་ཡང་བོད་ས་ཕག་ལོའི་ཟླ་བ།༩། ཚེས་༡༠ཉིན་རབ་གནས་ཀྱི་ཆོ་གར་ཡི་དམ་གེ་ཁོད་ཀྱི་སྒྲུབ་པའི་སྟ་གོན་དུ་རྒྱུན་བཞི་གེགས་སེལ་ཆེད་སྔགས་བཙུན་ཇོ་གསུམ་ཡོངས་ནས་མདོ་མང་གཟུངས་འདུས་བཀླགས་པ་དང་མི་མང་རྣམས་ནས་ལམ་འཕྲང་བཅོས་པ་སོགས་གནང་།

དེ་བཞིན་ཚེས་༡༡། ཉིན་རབ་གནས་ཀྱི་དངོས་གཞིའི་ཆོ་ག་ཡི་དམ་གེ་ཁོད་གསང་བ་དྲག་ཆེན་གྱི་ཚོགས་བརྒྱ་དང་དབལ་ཆུ་བཅས་ཀྱི་བཅའ་བཟོ་ལེགས་པར་གྲུབ་མཚམས། ཡང་སྟོན་བླ་མ་ཤེས་རབ་བསྟན་འཛིན་རིན་པོ་ཆེ་མཆོག་དང་ཁོང་གིས་བསྒྲུབས་གནང་བའི་རྫས་རྣམས་བདེ་ལྡན་བསམ་གླིང་དགོན་བླ་བྲང་ནས་འདུ་ཁང་ལ་རྔ་གླིང་སྤོས་སྣེས་གདན་དྲངས་ཏེ་དངོས་གཞིའི་ཆོ་ག་དབུ་འཛུགས་ཞུས།

ཚེས་༡༢ཉིན་ཡི་དམ་གེ་ཁོད་གསང་བ་དྲག་ཆེན་གྱི་ཚོགས་འཁོར་བོན་སྐྱོང་རྒྱས་པ་གསུངས་ཤིང་།
དགོང་ལ་འདུ་ཁང་གི་རྟེན་གཙོའམ་༸དྲིན་ཆེན་རྩ་བའི་བླ་མ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་སྐུ་རྟེན་དུ་བཞེངས་པའི་བདག་ཅག་གི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་སྐུ་བརྙན་རིན་པོ་ཆེ་གདན་ཁྲིར་བཀོད།ཚེས་༡༣ཉིན་བདེ་ལྡན་བསམ་གླིང་དགོན་གྱི་དུས་མཆོད་མ་ཏྲི་རིན་ཆེན་སྒྲོན་མའི་ཆོ་ག་གསུངས། ཕྱི་དྲོར་ཤེལ་ཕུག་གསུམ་མདོ་གྲོང་སྡེ་ལྷན་ཁང་གི་ཚོགས་གཙོ་མི་དཔོན་བཀྲ་ཤིས་དོན་འགྲུབ་མཆོག་གིས་གཙོས་གྲོང་ཚོ་དགུ་ཡི་དབུ་འཛིན་རྣམས་དང་ཕྱོགས་མཐའ་ཁག་ནས་སྐུ་མགྲོན་བརྒྱ་ཕྲག་མང་པོ་དགོན་པར་འབྱོར།

ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆོ་ག་རྒྱས་པ་གསུངས་ཤིང་དགོང་ལ་མེ་ཐབ་བཅའ་བ་དང་ཁྱུང་ཚང་བཅའ་བ་ཐབ་འགྲམ་དུ་མཆོད་བཤམ་སྒྲིག་པ་སོགས་ཀྱི་དབལ་ཆུའི་དངོས་གཞིའི་ལས་རིམ་སྟ་གོན་གནང་།

ཕྱི་དྲོ་ཕྱག་ཚོད་༥་ནས་༸གླང་དགོན་བཀྲ་ཤིས་ཆོས་གླིང་དགོན་གྱི་དབུ་བླ་འཁོན་གདུང་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་གིས་གཙོས་འདུས་སྤྱི་ཡོངས་དང་ཤེལ་ཕུག་གསུམ་མདོ་གྲོང་སྡེ་ལྷན་ཁང་གི་ཚོགས་གཙོ་མི་དཔོན་བཀྲ་ཤིས་དོན་འགྲུབ་མཆོག་གི་གཙོས་གྲོང་ཚོ་དགུ་ཡི་དབུ་འཛིན་རྣམས། དེ་བཞིན་ཉི་གསལ་དང་། ཤུག་ཚེར་ཡུལ། གསལ་མདངས། ཀ་རང་། སྐུ་ཡུལ། ཕོད་ཡུལ། མཚོ་ཡུལ་བཅས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་འདུ་ཁང་གི་མདུན་ཐང་དུ་བཞུགས་མཚམས་ཡི་དམ་གེ་ཁོད་ཀྱི་དབལ་ཆུའི་གཞུང་བསྲངས་ཏེ་དབལ་ཆུའི་ལས་རིམ་ཚང་པར་མཛད།
ཚེས་༡༥ཉིན་གྱི་སྔ་དྲོ་༸བདེ་ལྡན་བསམ་གླིང་དགོན་པའི་དབུ་བླ་ཡང་སྟོན་བླ་མ་ཤེས་རབ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་བདེ་ལྡན་སྐྱ་སེར་ཡོངས་ལ་མ་ཏྲི་རིན་ཆེན་སྒྲོན་མའི་བཀའ་དབང་བསྩལ་ཞིང་རིན་པོ་ཆེ་མཆོག་ནས་བདེ་ལྡན་བསམ་གླིང་དགོན་གྱི་བསྟན་པ་ཕྱི་ནང་བར་གསུམ་ཉམས་གསོ་ལེགས་གྲུབ་གནང་པ་ལ་བཀའ་དྲིན་ཐུགས་རྗེ་ལེགས་གསོལ་དང་མགོན་པོ་གང་ཉིད་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་བདེ་ལྡན་བསམ་གླིང་དགོན་གྱི་གྲྭ་ཚང་འདུས་སྤྱི་གཙོས་བྱི་གཅེར་ཡུལ་དགོན་བཞིའི་ལྷ་སྡེ་མི་མང་རྣམས་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སྐྱ་སེར་ཡོངས་ནས་མཎྜལ་བརྟན་བཞུགས་རྒྱས་འབུལ་ཞུས། དེ་མཚམས་༸དཔལ་ལྡན་རྒྱལ་བ་སྨན་རིའི་བླ་བྲང་དང་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་སོགས་ནས་འདུས་མང་ཡོངས་ལ་མང་ཇ་དང་སྐུ་འགྱེད་སོགས་འབུལ་གནང་མཛད།

ཕྱི་དྲོར་སེར་སྐྱ་མི་མང་ཡོངས་འདུ་ཁང་གི་མདུན་ཐང་དུ་འཛོམས་པ་དང་བགྲེས་པོ་ཨམ་ཇི་ཉི་མ་དབང་རྒྱལ་དང་། ཚེ་དབང་རྣམ་རྒྱལ། ཡུམ་པད་མ། མིང་ཁྲིད་བཅས་ནས་འཛོམས་གླུ་བཀྲ་ཤིས་ཕུན་ཚོགས་ཕུལ་ཏེ་སྒྲུབ་ཐོན་པ་རྣམས་བཞུགས་གྲལ་དུ་འཁོད། ཡང་ཁོང་རྣམས་ནས་དཀོན་མཆོག་མཆོད་གླུ་རིང་མོ་དབུ་བཙུགས་ཏེ་བླ་དཔོན་ཡོངས་ལ་ནས་ཆང་བཀྱགས་ཤིང་སྐྱ་སེར་ཡོངས་ནས་མགུལ་དར་སྒྲོན་ཏེ་འདི་ལོའི་བདེ་ལྡན་བསམ་གླིང་དགོན་གྱི་ལོ་གསུམ་སྒྲུབ་ཐོན་པ་བདུན་ལ་སྒྲུབ་ཐོན་གྱི་རྟེན་འབྲེལ་ཟབ་རྒྱས་ཞུས།
ཚེས་༡༦ ཉིན་བདེ་ལྡན་བསམ་གླིང་དགོན་གྱི་ཐུན་མིན་ཨ་ལི་གར་འཆམ་སོགས་གཟིགས་འབུལ་ཞུས་ཤིང་མ་ཏྲི་རིན་ཆེན་སྒྲོན་མའི་བཟློག་པ་འཕང་བ་དང་། མཐར་དཀྱིལ་འཁོར་མཐའ་བསྡུ་དང་བཀྲ་ཤིས་གསོལ་ཏེ་ཉིན་དྲུག་གི་མཛད་སྒོ་ལེགས་པར་གྲུབ་པའི་གནས་བསྡུས་སུ་ཁྱུང་བཙུན་དྲུང་མུ་མིང་ཅན་ནས།