གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་དོན་བསྐྱངས་ནས་ཕྱིར་རང་དགོན་དུ་ཞབས་སོར་འཁོད་པའི་གནས་བསྡུས།

དེ་ཡང་བོད་ས་ཕག་ལོའི་བོད་ཟླ་༡༠ཚེས་༢༧དང་། ཕྱི་ལོ་༢༠༡༩ལོའི་ཟླ་༡༢ཚེས་༢༣ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤བའི་སྟེང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་དོན་གྲུབ་ནས་རང་དགོན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞབས་སོར་འཁོད་ཡོད་པ་དང་།
ཕྱི་ཚེས་༢༡ཉིན་ལྡི་ལི་རྒྱལ་སྤྱིའི་གནམ་ཐང་དུ་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཚེ་དབང་དངོས་གྲུབ་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་བཤད་སྒྲུབ་བསྟན་འཛིན། དགེ་བཤེས་ཤེས་རབ་བསྟན་འཛིན་བཅས་ཕེབས་སུ་བཅར་ཡོད་པ་དང་།
དེ་ཡང་གོང་ཚེས་༢༣ཉིན་བོན་གཞིས་ཐོབ་རྒྱལ་གསར་པའི་མདུན་སྒོར་བོན་གཞིས་མི་མང་དང་། བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་རྣམས་ནས་གཡུ་ཤུག་བསང་དུད་བཏངས་ནས་ཕེབས་བསུ་ཞུས་ཡོད་པ་དང་། དེ་བཞིན་དུ་གསོ་རིག་འབུམ་བཞི་མཐོ་སློབ་སྨན་རིའི་གླིང་གི་མདུན་ཐང་དུ་དེ་གའི་དགེ་སློབ་ཡོངས་ནས་ཕེབས་བསུ་དང།
༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཤར་ཕྱོགས་མངོན་པར་དགའ་བའི་མདུན་ཐང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་དང་བཙུན་དགོན་རདྞ་སྨན་གླིང་གི་མཁན་པོ་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་གཙོས་འདུས་མང་ཡོངས་དང་། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ། བོན་ཕྲུག་བདེ་དོན་བཅས་འདུས་སྡེ་ཡོངས་ནས་བཀྲ་ཤིས་དར་ལམ་གྱི་མཐའ་གཉིས་སུ་རུ་སྒྲིག་གིས་ཕེབས་བསུ་ཞུས་ཡོད་པ་དང་།
འཆམ་རར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་མཆོག་ནས་འཚམས་འདྲི་དང་སྦྲགས་མཁན་སློབ་རྣམ་གཉིས་ནས་ཕན་ཚུན་བཀྲ་ཤིས་ལྷ་དར་ཕུལ་བ་དང་ཆབས་ཅིག་གཤེན་རབ་མཆོད་རྔའི་མཆོད་སྤྲིན་སྤུངས་རྗེས།

༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚོགས་ཁང་དུ་ཕེབས་ནས་གཅན་ལྔ་རིན་ཆེན་བཏེགས་པའི་ཁྲི་ལ་བཞུགས་གསོལ་གྱིས་མཚན་ལྡན་བླ་མ་མཆོད་ཐབས་ནོར་བུའི་འཕྲེང་བའི་གཞུང་ལྟར།
གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་ནས་མ་འདལ་སྐུ་གསུང་ཐུགས་རྟེན་སོགས་འདེགས་འབུལ་གྱིས་འདུས་མང་ཡོངས་ནས་མཇལ་ཁ་ཞུས་ཡོད་པ་དང་། ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཀྱང་སྔར་སྲོལ་ལྟར་འདུས་མང་ཡོངས་ལ་བསྙེན་བཀུར་མང་ཇ་ཕུལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།