གཡུང་དྲུང་བོན་གྱི་དྲྭ་རྒྱ།

ན་གཞོན་སྒྱུ་རྩལ་པ་ནོར་བུ་དབང་རྒྱལ་དང་ཁོང་གི་བརྩམས་ཆོས་གླེང་བ།

ང་ཚོ་མི་རེ་རེས་འཚོ་བའི་ཁྲོད་ནས་ཚེ་སྲོག་གི་དོན་སྙིང་སྣ་ཚོགས་རྟོགས་པ་དང་། དོན་སྙིང་འདི་དག་འཚོལ་ཞིབ་བྱེད་པར་ཐབས་ལམ་སྣ་ཚོགས་དང་བྱེད་ཐབས་འདྲ་མིན་སྒོས་མཚོན་ཐབས་དང་རྒྱབ་ལྗོངས་མི་འདྲ་བའི་རི་མོའི་སྒྱུ་རྩལ་འདི་དག་སེམས་ཀྱི་སྟོང་གཟུགས་ཞེས་པའི་ཐ་སྙད་འགལ་འདུ་ཅན་འདིའི་གྲིབ་གཟུགས་ནས་དངོས་གཟུགས། དེ་ནས་མངོན་གཟུགས་ཀྱི་རྣམ་པར་མངོན་པ་ནི་གྲུབ་སྟངས་ཤིག་ཏུ་སེམས།
ང་ཚོ་མིའི་རིགས་ཀྱིས་རྣམ་པའམ་ཐབས་ལམ་སྣ་ཚོགས་གསར་དུ་བཏོད་ནས་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ཤེས་རྟོགས་བྱས་པ་ནས།  དེ་དག་བྲིས་འབུར་བརྐོ་བླུགས་ཀྱི་རྣམ་པས་ཡིད་ཀྱི་འགྱུ་བ་མཚོན་ཐབས་སུ་སྤྱད་ནས། ཚེ་སྲོག་དང་འཚོ་བའི་བདེ་སྡུག་གི་ཁ་དོག་རྟོགས་ཐུབ་པ། རྣམ་པ་དང་ཐབས་ལམ་གང་ཞིག་ཡིན་རུང་། མི་རྣམས་ཀྱིས་རང་དང་ཁ་ཐག་ཉེ་བའི་འཚོ་བའི་དགའ་སྐྱོའི་དོན་སྙིང་ཐད་ཀྱི་ངོས་འཛིན་དང་མཚོན་ཐབས་ཡིན་ཞེས་བཤད་ཆོག མཚོན་ཐབས་དེ་རིགས་ནི་མི་རྣམས་ཀྱིས་འཇིག་རྟེན་འདིའི་ཕྱི་ནང་གསང་གསུམ་ཐ་དག ཡུལ་སེམས་སྣེ་བསྣོལ་གྱི་བསམ་གཞིགས་ཟུར་དང་ལེབ་མྱུལ་གྱི་བྱེད་སྟངས་མི་འདྲ་བ་གཞིར་བཟུང་ནས་སྒྱུ་རྩལ་རྣམ་པ་སྟོན་ཐབས་འདྲ་མིན་བྱུང་བ་ཡིན་ཞེས་བཤད་ཆོག་པར་སྙམ།


སྒྱུ་རྩལ་པ་སུ་ཞིག་ཡིན་རུང་ལྐོག་གྱུར་ལ་གདོང་གཏད་ནས་གབ་ཡིབ་སྦས་གསུམ་གྱི་གསང་བའི་སྒོ་མོ་རེ་བསམ་གཞིག་ཡང་གཞིགས་ཀྱིས་སྒྱུ་རྩལ་གྱི་སྒོ་གླགས་ཕྱེ་དགོས་པ་ཡིན། སྒྱུ་རྩལ་པ་ནི་སྐབས་འགར་ལུག་རྫི་ནང་བཞིན་སྒང་མཐོ་ས་ནས་ཕྱོགས་ཀུན་པིར་མིག་ཏུ་ཚུད་དགོས་ལ། སྐབས་འགར་ལུག་ཁྱིའི་གསེང་དུ་ཡིབ་པའི་སྤྱང་ཀི་བཞིན་ཡུལ་གཅིག་གི་སྣེ་ཁོ་ནར་དམིགས་གཏད་དགོས་པའང་སྒྱུ་རྩལ་གྱི་རྣམ་ཤེས་འཚོལ་སྟངས་ཐུན་མོང་མ་ཡིན་པ་ཞིག་གོ།
ན་གཞོན་སྒྱུ་རྩལ་པ་ནོར་བུ་དབང་རྒྱལ་ལ་མཚོན་ནའང་འདི་ལས་མ་འདས་ཏེ་སོ་སོའི་གནས་བབ་དང་མིའི་རིགས་ཀྱི་སེམས་རྩར་དྲོད་ཀྱིས་འཁྱིལ་བའི་དྲིན་གཟོའི་འདུ་ཤེས་ཤིག་གིས་ཚོར་འདུའི་རྦ་རླབས་རེ་ཤུགས་ཀྱིས་འཕྱོ་ཞིང་། ཡུན་གྱིས་འཇགས་པའི་རྟོགས་འགྱུ་རེ་བརྩམས་ཆོས་དག་གི་ཟ་དང་ཟུར་ནས་མངོན་ཡོད་ལ། ལན་རེ་རྨི་ལམ་ངོས་ཀྱི་དྲན་གཟུགས་དག་སྒྱུ་རྩལ་གྱི་ཆེས་མཐོ་བའི་འཚོལ་སྙེགས་ཀྱི་ཞིང་བཀོད་དུ་རྒུམ་ནས་མི་རྣམས་ལ་བསམ་མེད་བརྗོད་མེད་ཀྱི་ཚོར་བ་ཡེར་རེ་བ་ཞིག་སྦྱིན་འོང་བ་འདིའང་།


མི་རྣམས་ཀྱིས་རྨི་ལམ་ནི་འཇིག་རྟེན་འདིའི་བྱ་དངོས་ཡོད་ཚད་ཀྱི་གྲུབ་དོན་མཐར་ཐུག་ལ་ཉེ་བ་ཡིན་ཟེར་བའང་བདེན་པ་འདྲ། རྨི་ལམ་མངོན་ཚུལ་ག་འདྲ་ཡིན་རུང་། འཆར་ཡན་གྱི་འཇིག་རྟེན་ཞིག་ཞིབ་འབྲི་སྒོས་དངོས་ཡོད་ལས་དོན་དངོས་ཀྱི་གཤིས་ལུགས་ཤིག་ཏུ་བཞེངས་བསྐྲུན་བྱེད་པ་ཡིན། དེ་བས་རྨི་བ་འབྲི་བའི་སྒྱུ་རྩལ་གྱི་བྱེད་ཐབས་འདི་ལ་ཁོ་བོས་བོན་གྱི་གསང་སྔགས་མ་རྒྱུད་ཀྱི་གཞུང་ལས་རྨི་བ་ལམ་འཁྱེར་གྱི་ཐབས་སུ་འབོད་པར་འདོད།

ན་གཞོན་སྒྱུ་རྩལ་པ་ནོར་བུ་དབང་རྒྱལ་ལགས་ཀྱིས་ཁོ་བོ་ནད་མནར་སྐབས་ཀྱི་《ནད་བདག་རྒོལ་ལན།》ཞེས་པའི་བརྩམས་ཆོས་དེ་སྐྲག་སྣང་དང་མྱོང་བ་ངེས་ཅན་ཞིག་གི་རྨང་གཞིའི་ཐོག་བག་འཁུམ་དང་སྙིང་སྟོབས་ནུས་པ་རྐྱ་འཐབ་ཀྱིས་འཇིགས་སྣང་དང་རེ་བ། ཕུགས་བསམ་སོགས་རེ་རེ་བཞིན་རྩུབ་བརྡར་གྱིས་མངོན་མིན་གྱི་ནུས་པར་ཁ་གཏད་གཅོག་པའི་རྣམ་པ་མངོན་ཡོད་ལ། གཟུགས་མེད་ནད་ཀྱི་འོབས་དོང་ངོས་རེ་དད་པ་དང་། ཡིད་ཆེས། རེ་བས་སེན་འབྲད་རེ་བྱེད་པ་རྒོལ་ཐབས་ཤིག་ཏུ་འཁུམས།
(བརྩམས་ཆོས་འདི་ཡུད་ཙམ་ཞིག་སྒྱུ་རྩལ་ཚོགས་པས་བཀོད་སྒྲིག་ཞུས་པའི་རྒྱལ་ཡོངས་དྲ་ལམ་རི་མོའི་ཁྲོད་ཨང་དང་པོ་ཐོབ། ཉེ་ཆར་བརྩམས་ཆོས་འདི་ཡང་བསྐྱར་རྒྱལ་ཡོངས་རི་མོའི་འགྲན་བསྡུར་ཁྲོད་ཞུགས་ཡོད་པས་འདིར་བཀོད་མེད།)


ན་གཞོན་སྒྱུ་རྩལ་པ་ནོར་བུ་དབང་རྒྱལ་ལགས་ཀྱིས་བྱེད་ཐབས་གང་ཞིག་སྤྱད་ནས་འབྲི་བཞེངས་གནང་བའི་བརྩམས་ཆོས་དག་ལན་རེར་གྲིབ་གཟུགས་ཤིག་ལས་ཕྱིར་མངོན་པར་བྱེད་ཅིང་། ལན་རེར་གྲིབ་གཟུགས་ཤིག་ཏུ་ཕར་བསྡུས་ཡོད། གཟུགས་དང་གཟུགས་མིན་གྱི་ཆེས་མཐོ་བའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ནས་ཅི་ཡང་རྙེད་ཅིང་ཅི་ཡང་བོར་བའི་སྟོང་ཁམས་ཤིག་ཏུ་འཁྲིད་འགྲོ་བ་སྒྱུ་རྩལ་གྱི་འཚོལ་སྙེག་ལ་ཟུར་དང་མཐའ་མེད་པའི་སྒྲུབ་བྱེད་དུ་གནས་པ་ཅི་ལ་མིན། ཁོང་གི་བརྩམས་ཆོས་དག་ལ་བརྒྱུད་རིམ་ངེས་ཅན་ལྡན་ཞིང་།
འབྲི་གཞིའི་འཛིན་ཐབས་ཐད་ཀྱི་བྱེད་ཐབས་གནད་ལ་འཁེལ་ཞིང་། གསོན་ཉམས་ལྡན་པ། གཟབ་ནན་དང་ཞིབ་ཚགས་ཀྱིས་རི་མོའི་མཛེས་དཔྱོད་ཀྱི་ཚོར་བ་རྦ་རླབས་བཞིན་གཅིག་རྗེས་གཉིས་མཐུད་ཀྱི་འཁྱུག་འོང་ཅིང་། གྲུ་དང་ཟུར་རེ་ནས་བལྟས་ཀྱང་ཚོན་ཐབས་མི་འདྲ་བའི་ཡིད་ཀྱི་འགུལ་རྣམ་རེ་མུན་ཁྲོད་དུ་རྒྱུ་བའི་མེ་འཁྱེར་བཞིན་གསལ་ཙམ་མོག་ཙམ་གྱིས་མིག་མདུན་མངོན་ཅིང་མིག་མདུན་ཡལ། འདི་ལྟ་བུའི་སྒྱུ་རྩལ་གྱིས་ཁོ་བོ་ཚོད་མེད་དུ་རྨི་ལམ། འཁྲུལ་སྣང་། གཟུགས་བརྙན། སྙན་ངག་ལྟར་འཛིན་རྒྱུ་བྲལ་བའི་རྒྱ་ཡན་གྱི་བསམ་པའི་འཁྱེར་སོ་ཞིག་ཆགས་པར་བྱེད།

ཞི་བ།

ཁོང་གིས་བྲིས་གནང་མཛད་པའི་རི་མོ་《ཞི་བ》ལ་མཚོན་ནའང་རྙོག་ཟིང་དང་འགལ་འདུའི་བྱ་དངོས་རགས་མོ་དག་ཚགས་ལ་རྒྱབ་ནས་ལྷིང་ཞིང་འཇགས་ལ། ཉི་ཟེར་ལ་བསྡེབས་པའི་རོལ་དབྱངས་ཤིག་གི་འགྱུར་འགྲོས་ལ་སྟབས་ཀྱིས་འཁྱུག་པའི་ཉི་རྡུལ་བཞིན་མུན་པའི་མཚན་ནམ་རིང་གཤགས་ཀྱིས་འོད་ཁོ་ནའི་ཡུལ་ལྗོངས་ཤིག་ལ་དབང་ཞིང་འོད་ཀྱི་ཞིང་ཁམས་ཤིག་ལས་ད་གཟོད་མཐོང་ཐུབ་པ་ཡིན།

སྒྱུ་མི།

དེ་བཞིན་《སྒྱུ་མི》ཞེས་པའི་བརྩམས་ཆོས་དེའང་མི་སྣའི་གདོང་དབྱིབས་ཀྱི་ཐིག་རིས་དང་མིག་དང་སྨིན་མའི་སྤྱི་ཁོག་གཏན་འཁེལ་བྱས་རྗེས། མི་སྣའི་གདོང་རྣམ་གྱི་འགྱུར་བ་མཚོན་ཐབས་དམིགས་བསལ་སྒོས། རེས་གསལ་རེས་མོག་གི་མི་སྣ་ཞིག་གཏོང་འཛིན་ཐེ་ཚོམ་གྱི་ཁུད་དུ་བཙུད་ནས་གབ་ཚིག་བཞིན་མྱོང་མཁན་རེ་གབ་ལན་ཞིག་གི་སྟོང་ཆ་བཞག་ཡོད།

!
གཟུགས་དངོས་རི་མོ་ནི་པར་ལེན་ལག་རྩལ་མ་དར་གོང་གི་མི་སྣ་རྗེས་དྲན་བྱེད་ཐབས་སུ་སྤྱོད་སྒོ་ཆེ་བའི་པར་གཟུགས་ཤིག་ཡིན་ལ། དེ་ནི་མིའི་ངོ་གདོང་གི་མཛེས་སྡུག་སྒྱུ་རྩལ་གྱི་ལམ་ནས་རོལ་མྱོང་བྱེད་པར་རྒྱུགས་ཆེ་ཤོས་དེ་ཡིན། དེ་ནི་དབང་བོ་སྒོ་ལྔའི་རྣམ་པ་གཙོ་བོ་ཅི་ལྟར་དངོས་དང་མཚུངས་འབྲི་དང་། གསོན་ཉམས་ཅན་དུ་འབད་པའི་ཐོལ་བརྒལ་ཅན་གྱི་རི་མོའི་སྒྱུ་རྩལ་ཞིག་ཏུ་བརྗོད་པར་རིགས། འོན་ཀྱང་པར་རིས་སྒྱུ་རྩལ་ལས་གཟུགས་དངོས་རི་མོ་འདི་དག་གཟུགས་བྱད་དང་འགུལ་སྟངས་ཀྱི་རྣམ་པའི་བར་ཧེ་བག་ངེས་ཅན་ཞིག་ཡོད་པར་སེམས། དངོས་གཟུགས་རི་མོ་འདིས་མངོན་པའི་སྣང་ཚུལ་དག་པར་རིས་ལས་ཀྱང་ཕྱི་རོལ་དང་ཡུལ་ཡོངས་ཀྱི་ཆ་ནས་ཞིབ་ཚགས་དང་གོ་རིམ་གྱི་ལྷུ་འགྲིག་པ་ཡིན། དཔེར་ན་པར་རིས་སྒྱུ་རྩལ་གྱིས་པར་མིག་ཏུ་ཚུད་པའི་བྱད་གཟུགས་དེའི་རྣམ་འགྱུར་ཁོ་ན་ལས་མཚོན་མི་ཐུབ་ལ། གཟུགས་དངོས་རི་མོ་འདིས་ཕྱི་ཡུལ་དང་སྒྱུ་རྩལ་པ་རང་ཉིད་ཀྱི་སེམས་ཚབ་གཅིག་ཏུ་བསྲེ་ནས་པིར་མིག་ཏུ་བཙུད་ཡོད་པས་འདི་ལ་སྒྱུ་རྩལ་གྱི་རྣམ་ཤེས་ལྷག་མ་ཞིག་ཡོད་ལབ་ན་མ་འགྲིག་པ་མེད་པར་སེམས། ན་གཞོན་སྒྱུ་རྩལ་པ་ནོར་བུ་དབང་རྒྱལ་ལགས་ཀྱིས་ཀྱང་བྱེད་ཐབས་འདི་དག་ལག་ཆར་སྤྱད་ནས་ཆེས་མཚུངས་པའི་དངོས་གཟུགས་རི་མོའི་སྒྱུ་རྩལ་འདི་དག་མིང་གིས་བོས་ན་ཨ་ལན་སྤྲད་ཡོང་བསམ་པའི་འཁྲུལ་སྣང་ཞིག་ཀྱང་ངང་གིས་སྐྱེས་ཡོང་བ་ཁོ་བོའི་མྱོང་ཚོར་རྐྱང་བ་གླེང་བ་ཙམ་མོ།

ཁོང་གི་ལོ་རྒྱུས་བཅར་འདྲི་ཐུང་ངུ།


ད་ལྟ་Government college of art, Chandigarh , sector 10C.ཅན་རྡི་སྒར་གཞུང་འཛིན་སྒྱུ་རྩལ་མཐོ་སློབ་ཀྱི་འཛིན་རིམ་བཞི་པར་སློབ་སྦྱོང་བྱེད་བཞིན་ཡོད། རང་ལོ་དྲུག་གི་སྟེང་དོལ་པོ་རི་མི་ཞེས་པའི་ལུང་ཁུག་ཅིག་ལས། དོལ་པོ་སྨད་གཡུང་དྲུང་འགྲོ་འདུལ་གླིང་གི་དགོན་བདག་བླ་མ་སྨན་རིའི་དགེ་བཤེས་ཉི་མ་འོད་ཟེར་མཆོག་གི་ཉེར་ལེན་བྱས་པའི་སྟོབས་ཀྱིས་བོན་ཕྲུག་བདེ་དོན་ཞེས་པའི་ཁྱིམ་གཞི་ཆེན་པོ་འདིའི་ཁྱིམ་མིར་བཙུད་ཅིང་། ཆུང་ནས་ཕ་ཡུལ་དང་རྒྱང་དུ་གྱེས་ཤིང་སྒྱུ་རྩལ་གྱི་འཚོལ་སྙེགས་རུམ་གང་ཉར་བའི་ཁོ་བོ་ལས་ཀྱི་བསྙེས་སྟབས་གཅིག་པའི་བོན་ཕྲུག་བདེ་དོན་གྱི་སློབ་ཕྲུག་གཞན་དག་དང་འདྲ་བར། ལས་ཀྱི་ཡབ་ཆེན་དུ་འབོད་པའི་སྐྱབས་རྗེ་ཞིང་གཤེགས་དམ་པ་༧སྨན་རིའི་ཁྲི་འཛིན་སོ་གསུམ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་བྱམས་བརྩེའི་དམིགས་སྐྱོང་འོག་འཛིན་རིམ་དང་པོ་ནས་བཅུ་གཉིས། ཅན་རྡི་སྒར་གཞུང་འཛིན་སྒྱུ་རྩལ་སློབ་ཆེན་གྱི་སྒོ་ཐེམ་ནོན་པ་ཡོད་ཚད་དམ་པ་མཆོག་གི་སློབ་ཕྲུག་གི་ནུས་པ་བསྔོགས་འདོན་གྱིས་མི་བུ་འཇོན་ནུས་ཅན་དུ་བསྐྱེད་བསྲིངས་བྱས་པའི་གོ་རིམ་དང་། མི་བུ་གང་ཞིག་གི་ཁྱད་ནུས་དགོས་བསྟུན་གྱི་སྒྲོམ་གཞི་ཆ་ཚང་ཞིག་ལག་ཏུ་གཏད་པས། ལས་ཀྱི་ཡབ་ཆེན་ཁོང་གི་བརྙན་གཟུགས་འབྲི་བའང་ཁོ་བོས་ཡབ་ཆེན་ཁོང་རིགས་རྗེས་དྲན་བྱེད་ཐབས་ཤིག་ཡིན་ཞེས་གསུངས་བྱུང་།


ལོ་ངོ་དུ་མའི་རིང་གི་རི་མོའི་འགྲན་ཞུགས་ཁྲོད་ཐོབ་པའི་ལག་འཁྱེར་ཁག


༢༠༡༨ལོར་རྒྱ་གར་རྒྱལ་ཡོངས་དྲ་ལམ་རི་མོའི་འགྲན་བསྡུར་ཁྲོད་ཨང་དང་པོའི་ཕྱག་འཁྱེར།
༢༠༡༩ལོར་PANJABཔེན་ཇ་པེ་གཙུག་ལག་སློབ་ཆེན་བེམ་གཟུགས་པར་རིས་འགྲན་བསྡུར་ཁྲོད་ཨང་དང་པོའི་ཕྱག་འཁྱེར།
ན་གཞོན་དང་ཕ་མེས་རིག་གཞུང་གཅེས་ནོར་མཛད་སྒོ་ཐེངས་རེ་གཅིག་པའི་GURU NANAKགུ་རུ་ཎ་ཎ་ཁི་རྒྱལ་ཡོངས་མཐོ་སློབ་བེམ་གཟུགས་པར་རིས་འགྲན་བསྡུར་ཁྲོད་ཨང་དང་པོའི་ཕྱག་འཁྱེར།
Chandigarh Lalit Kalaཅན་རྡི་སྒར་ལཱ་ལེ་ད་གཱ་ལར་གཙུག་ལག་སློབ་ཆེན་སྒྱུ་རྩལ་གསབ་སྦྱོང་ལག་འཁྱེར།
2019ལོར་ཅན་རྡི་སྒར་གཞུང་འཛིན་སྒྱུ་རྩལ་མཐོ་སློབ་ཀྱི་ལོ་འཁོར་སྒྱུ་རྩལ་འགྲེམ་སྟོན་ཁྲོད་ཨང་གཉིས་པའི་ཕྱག་འཁྱེར།
2017ལོར་ཅན་རྡི་སྒར་གཞུང་འཛིན་སྒྱུ་རྩལ་མཐོ་སློབ་ཀྱི་ལོ་འཁོར་སྒྱུ་རྩལ་འགྲེམ་སྟོན་ཁྲོད་གཟེངས་ཐོན་ཕྱག་འཁྱེར། 

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

ན་གཞོན་སྒྱུ་རྩལ་པ་ནོར་བུ་དབང་རྒྱལ་དང་ཁོང་གི་བརྩམས་ཆོས་གླེང་བ།