གཡུང་དྲུང་བོན་གྱི་དྲྭ་རྒྱ།

བར་གླེ་གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོ་སྨན་རིའི་དགེ་བཤེས་དམུ་རིགས་ཉི་མ་ཀུན་ཁྱབ་མཆོག་སྨན་རིའི་གླིང་དུ་བླ་མར་ཁྲི་བཞེངས་མཛད་པ། 

ཕྱི་ལོ་༢༠༢༠་ཟླ་བ་༡ཚེས་༨ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཏི་ཆུ་རོང་བར་གླེ་གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོ་སྨན་རིའི་དགེ་བཤེས་དམུ་རིགས་ཉི་མ་ཀུན་ཁྱབ་མཆོག་བར་གླེ་ཡུལ་གྱི་ལྷ་འབངས་རྣམས་ཀྱིས་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་སྙན་གསེང་ཞུས་དོན་བཞིན།


གྲྭ་ས་ཆེན་པོའི་ལམ་སྲོལ་བཞིན་གོང་ཚེས་ཞོགས་པའི་ཕྱག་ཚོད་༩།༣༠སྟེང་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གོ་སྒྲིག་འོག་སྤོས་འདྲེན་དང་དུང་རྒྱ་གླིང་པ་བཅས་ཀྱིས་བསུ་མ་ཞུས་ཏེ་སྨན་རིའི་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་གཅན་ལྔས་བཏེགས་པའི་ཁྲི་ལ་བཞུགས་གསོལ་མཛད།།

དེ་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་སྡེ་དགོན་ཟུང་གི་ཚོགས་པ་ཆེ་ཕྲ་ཁག་གི་དབུ་འཛིན་རྣམས་ཀྱིས་རིམ་བཞིན་མནྟལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མང་ཚོགས་ཡོངས་ནས་དར་ཁ་བསྒྲོན་འབུལ་དང་མཇལ་ཁ་ཞུས་ཡོད་པ་དང་།གཡུང་དྲུང་ཤུག་ཚལ་དགོན་གཞུང་ནས་ སྨན་རིའི་དགེ་འདུན་འདུས་པ་རྒྱ་མཚོ་ལ་མང་ཇ་དང་སྐུ་འགྱེད་འབྲས་སིལ་དང་གསོལ་ཇ་བཅས་ཕུལ་ཡོད་ཅིང་།

ཉིན་རྒྱབ་གདན་ས་སྨན་རིའི་གླིང་དུ་ལོ་ངོ་ཉེར་གསུམ་རྗེས་ཀྱི་ཆེས་ཐོག་མའི་བཀྲ་ཤིས་པའི་ཁ་བ་བབས་ཡོད་པ་རེད།

དེ་ལྟར་ལྟས་བཟང་གི་མཛད་སྒོ་དེ་ཉིད་དགེ་བའི་ངང་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

བར་གླེ་གཡུང་དྲུང་ཤུལ་ཚལ་དགོན་གྱི་མཁན་པོ་སྨན་རིའི་དགེ་བཤེས་དམུ་རིགས་ཉི་མ་ཀུན་ཁྱབ་ཀྱི་ལོ་རྒྱུས་མདོར་བསྡུས།

གཡུང་དྲུང་ཤུག་ཚལ་དགོན།

བར་གླེ་གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོ་སྨན་རིའི་དགེ་བཤེས་དམུ་རིགས་ཉི་མ་ཀུན་ཁྱབ་མཆོག་༡༩༦༤ ལོར་དོལ་པོ་ཏི་ཆུ་རོང་བར་གླེ་ཞེས་པར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་བོན་སྒོར་ཞུགས་ཤིང་ཡི་གེ་འབྲི་ཀློག་དང་དེ་བཞིན་སྔོན་འགྲོ་འབུམ་དགུ་སོགས་བསགས་སྦྱོང་ཚུལ་བཞིན་གནང་། དེ་རྗེས་རྩ་བའི་བླ་མ་བར་གླེ་རིན་པོ་ཆེས་ལམ་སྟོན་འོག་ཕྱི་ལོ་༡༩༨༢ ལོར་བོན་གྱི་གདན་ས་ཆེན་མོ་རྒྱ་གར་སྨན་རིའི་དགོན་དུ་འབྱོར་ནས་༧ སྐྱབས་རྗེ་སྨན་རིའི་མཁན་སློབ་དྲུང་ནས་རབ་ཏུ་བྱུང་བ་དང་གཡུང་དྲུང་བོན་གྱི་བཤད་གྲྭར་ཞུགས་ནས་མདོ་སྔགས་སེམས་གསུམ་དང་། རིག་པའི་གནས་ལྔ་འདོན་ཆོག་བཅས་ཀྱི་གཞུང་ལུགས་ལ་ཐོས་བསམ་སྦྱངས་པ་ཕུལ་ཕྱིན་མཛད། ཕྱི་ལོ་༡༩༩༤ ལོར་༧དཔལ་གཤེན་བསྟན་སྨན་རིའི་དགོན་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཀྱིས་སེམས་དཔའ་འདུས་སྡེ་རྒྱ་མཚོའི་དབུས་སུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས། དེ་ནས་ཕྱི་ལོ་༡༩༩༥ ནས་བཟུང་༢༠༠༧བར་མི་ལོ་༡༢ རིང་ལ་ཝར་ཎ་མཐོ་སློབ་ཏུ་གཡུང་དྲུང་བོན་གྱི་སྡེ་ཚན་དུ་དགེ་རྒན་གནང་། དེ་རྗེས་རིམ་བཞིན་ཕྱི་རྒྱལ་གྱི་ཡུལ་གྲུ་ཨུ་རུ་སུ། ཨ་རི། མེག་སི་ཀོ་ཡུ་རོབ་སོགས་ལ་མུ་མཐུད་དུ་བསྟན་དོན་གྱི་མཛད་འཕྲིན་སྐྱོང་མུས་དང་། ཕྱི་ལོ་༢༠༠༥ ལོར་དོལ་པོའི་རྫོང་སྡེ་དུང་ཉལ་དུ་དོལ་པོ་གཡུང་དྲུང་བོན་ཚོགས་གླིང་ཞེས་པའི་ཚོགས་པ་ཞིག་གསར་འཛུགས་གནང་སྟེ་དེའི་འཛིན་སྐྱོང་འོག་མཆོད་རྟེན་དང་ལས་ཁུངས་སློབ་གྲྭ་ཁག་བཅས་གསར་བསྐྲུན་གནང་བཞིན་མདོར་ན་ད་བར་སྐུ་ངལ་འཛེམ་མེད་ཐོག་མང་ཚོགས་ལ་ཕན་པའི་བྱ་བ་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་བཅས་ཁོང་གི་ངོ་སྤྲོད་མདོར་བསྡུས་ཙམ་སྨན་རིའི་བཀའ་རམས་པའི་མིང་ཙམ་འཛིན་པ་ཤེས་རབ་དཔལ་ལྡན་ནས།

བར་གླེ་ཏི་ཆུ་རོང་།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

བར་གླེ་གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོ་སྨན་རིའི་དགེ་བཤེས་དམུ་རིགས་ཉི་མ་ཀུན་ཁྱབ་མཆོག་སྨན་རིའི་གླིང་དུ་བླ་མར་ཁྲི་བཞེངས་མཛད་པ།