གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་རིན་པོ་ཆེ་ལ་བསྟོད་པ་ཀ་ཕྲེང་སེམས་ཀྱི་ལྷ་དར།

ཀ་དག་ཡེ་ཤེས་སྐུར་བརྙེས་དྲན་པའི་ཞབས།།

ཁ་བ་ཅན་དུ་སླར་ཡང་དངོས་བྱོན་ཏེ།།

ག་ནས་སྙིགས་མའི་རྒུད་པ་གསོ་བ་ཅན།།

ང་ཚོའི་མགོན་གཅིག་སྨྲ་དབང་ཡོངས་འཛིན་རྗེ།།

ཅ་ཅོའི་གཏམ་བྲལ་ངེས་དོན་བོན་དབྱངས་འཁྲོལ།།

ཆ་ལུགས་ཞི་དུལ་གཙུག་གཤེན་རྒྱལ་བའི་ཟླ།།

ཇ་ནོར་འདོད་ཡོན་ལམ་ཁའི་རྩྭ་བཞིན་དོར།།

ཉ་རྫོགས་མཚན་དཔེའི་མཛེས་སྐུ་ཡིད་མཁར་བརྗིད།།

ཏ་པི་ཧྲི་ཙ་ཕན་བདེ་ནོར་བུའི་དཔྱིད།།

ཐ་དད་ཤེས་བྱ་རྒྱ་མཚོའི་ཕ་རོལ་ཕྱིན།།

ད་ལྟའི་མཁས་གྲུབ་ཡོངས་ཀྱི་མེས་པོ་སྟེ།།

ན་ཚོད་གོ་ལྔའི་མཛད་བཟང་གླིང་ལྔར་བདལ།།

པ་སངས་མདངས་བཞིན་རབ་དཀར་བྱམས་བརྩེ་ཡིས།།

ཕ་རོལ་སྲིད་གསུམ་སྐྱེ་རྒུར་ལེགས་གཟིགས་ཤིང་།།

བ་སྤུ་ཙམ་ཡང་གཞན་གནོད་ཀུན་ནས་སྤངས།།

མ་གྱུར་འགྲོ་བའི་འདྲེན་མཆོག་ཞབས་བརྟན་གསོལ།།

ཙ་རི་ཙ་གོང་དབེན་གནས་གང་བདེ་རུ།།

ཚ་གྲང་ཁྱད་བསད་སྒྲུབ་ལ་རྟག་གཞོལ་བས།།

ཛ་ཡ་དགྱེས་པའི་མཐའ་བཞི་རྒྱ་གྲོལ་གནད།།

ཝ་ལེར་གསལ་བའི་མཁྱེན་རྟོགས་རླབས་ཀྱིས་འབར།།

ཞྭ་དཀར་གྱེར་བསྟན་འཛིན་པ་མཐའ་དག་གི།

ཟ་མའི་བཅུད་དང་ཁོག་པའི་སྙིང་ལྟ་བུར།།

འ་ཅག་དུས་འདིར་བཀའ་དྲིན་སངས་རྒྱས་ལས།།

ཡ་མཚན་ཆེ་བ་མངོན་སུམ་མིག་གིས་གཞལ།།

ར་བ་གངས་རིའི་ངེས་དོན་རྒྱལ་སྲས་ཞེས།།

ལ་ལུང་ཀུན་ཏུ་གྲགས་པ་རབ་འབར་བས།།

ཤ་མདོག་མི་གཅིག་ཆེ་རྒུ་དུ་མས་ཀྱང་།།

ས་གནས་སེམས་དཔའི་ཏོག་ལྟར་བསྔགས་ལ་བྲེལ།།

ཧ་ལམ་སྲིད་པ་འདི་ན་ཁྱུང་ཆེན་ལྟར།།

ཨ་ཙེ་སྤྱི་བོའི་རྒྱན་དུ་ཐོབ་དཀའ་བའི།།

ཨ་ཇོ་རྒྱལ་ཀུན་འདུས་པའི་ཡེ་ཤེས་གར།།

ཧ་ཅང་ཐུན་མིན་གཙུག་གི་ནོར་བུར་མཆོད།།

ས་བཅུ་ལམ་ལྔའི་ཟག་མེད་ཡོན་ཏན་མཛོད།།

ཤ་གཟུགས་མི་ཡི་རྟེན་ལ་གཟུགས་ཅན་བཞིན།།

ལ་བཟླའི་མཐར་རྫོགས་སྐུ་བཞི་ཤར་རིའི་ཉི།།

ར་འཕྲོད་འཁོར་མཚོ་སྐེམ་པའི་གཉེན་པོར་བཞེངས།།

ཡ་མཚན་མཛད་པའི་ཆ་ཤས་རེ་རེས་ཀྱང་།།

འ་ཅག་གཏན་བདེར་འཁྲིད་པའི་དོན་ཡོད་ཀྱི།།

ཟ་འོག་མདངས་འཛིན་མན་ངག་རྒྱས་བཏབ་སྟེ།།

ཞྭ་དཀར་བསྟན་ལ་སྐུ་དྲིན་འཁོར་མེད་མཛད།།

ཝ་ལེར་དགག་སྒྲུབ་བྲལ་བའི་གཞི་དབྱིངས་སུ།།

ཛ་ཡའི་དགོངས་པ་སྟོང་གཟུགས་རིག་པའི་གདངས།།

ཚ་ཟེར་ཐུགས་རྗེ་གསལ་སྟོང་ཟུང་འཇུག་ཅན།།

ཙ་རི་ཁྲི་བརྟན་གླིང་ནས་འགྲོ་ལ་བསྒྲགས།།

མ་རིག་བདག་འཛིན་ནད་བརྒྱ་གཞིལ་བའི་སླད།།

བ་རུ་བཞི་སྦྱོར་ལྟ་བུའི་གསུང་འབུམ་ཚོམ།།

ཕ་ནོར་རྗེས་བཞག་འཛིན་མས་ཐེག་དཀའ་བ།།

པཀྵུའི་ཀླུང་བཞིན་ས་གསུམ་དཔལ་དུ་འཇོ།།

ན་འཆི་སྐྱེ་རྒའི་གཡང་ལས་སྐྱོབ་པ་ལ།།

ད་ཀོ་ཁྱེད་ལས་འདྲེན་པ་གཞན་མེད་ན།།

ཐ་མལ་ཚུར་མཐོང་བདག་སོགས་འདྲེན་པའི་ཕྱིར།།

ཏ་མིང་ཁྲི་ལ་བསྐལ་བརྒྱར་བཞུགས་གསོལ་འདེབས།།

ཉ་ཟླའི་ཟེར་ཞགས་ལུང་རིགས་འཕྲུལ་འཁོར་གྱིས།།

ཇ་མདོག་ངུར་སྨྲིག་འཆང་བ་བསྟན་འཛིན་སྡེ།།

ཆ་འཇོག་བཤད་དང་སྒྲུབ་པར་འཇུག་བྱས་ནས།།

ཅ་དག་ཤེས་ལྡན་སྐྱོང་ལ་འགྲན་མེད་གྱུར།།

ང་ནི་བླུན་པོའི་ནང་གི་བླུན་པོ་སྟེ།།

ག་ཞའི་བསྟོད་ཚིག་འབྲི་བར་བློ་ཕྲ་ཡང་།།

ཁ་མིན་སྙིང་ན་མཛེས་པའི་རྗེ་བླ་མར།།

ཀ་ཕྲེང་མཆོད་སྤྲིན་མི་ཕྱེད་དད་པས་འབུལ།།

ཞེས་པ་འདི་ཡང་གཡུང་དྲུང་བོན་མཉམ་འབྲེལ་ལྷ་ཚོགས་ཀྱིས་གོ་སྒྲིག་ལྟར། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་སློབ་དཔོན་ཡོངས་འཛིན་སྨྲ་བའི་དབང་པོའི་སྐུ་ཚེ་ཞབས་པད་བསྐལ་བ་རྒྱ་མཚོའི་ཡུན་དུ་བརྟན་པའི་བརྟན་བཞུགས་མཛད་སྒོ་སྤོས་ངད་ལྡན་པའི་ཁྲིན་འདུ་གྲོང་ཁྱེར་ལ་སྤེལ་བ་དང་སྟབས་བསྟུན་བོན་ལྷན་ཚོགས་ཀྱི་ཚོགས་གཙོའི་མིང་ཙམ་འཛིན་པ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་འབོད་པས་སྒོ་གསུམ་གུས་པ་ཆེན་པོས་དཔལ་ལྡན་བླ་མའི་བྱིན་རླབས་རང་རྒྱུད་ལ་འཇུག་པའི་རྒྱུ་རུ་གྱུར་བའི་སྨོན་པ་དང་བཅས། ༢༠༢༠/༡/༡༡ཉིན་ལ་ཕུལ་བའོ།།