གཡུང་དྲུང་བོན་གྱི་དྲྭ་རྒྱ།

བལ་ཡུལ་༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ

དེ་ཡང་ཕྱི་ཚེས་༢༠༢༠ལོའི་༠༡ཚེས་༢༥དང་བོད་ཟླ་༡༢ཚེས་༡་ཉིན་བལ་ཡུལ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་༢༥འཁོར་བའི་དུས་སྟོན་མཛད་སྒོ་གཟབ་རྒྱས་ཚོགས་ཡོད་པ་དང་།

དེ་ཡང་གོང་ཚེས་ཉིན་མཛད་རིམ་གསལ་གསལ་བསྒྲགས་སྔོན་སོང་ལྟར་ཞོགས་པ་ཆུ་ཚོད་༨།༠༠སྟེང་ལྷ་སྡེ་མི་མང་འདུ་འཛོམས་ཐོག་བསང་གསོལ་གསུངས་རྗེས། ༧སྐྱབས་རྗེ་མཁན་བསྟན་པ་གཡུང་དྲུང་མཆོག་དང་། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་གི་སྐུ་ཚབ་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་སྒྲུབ་སློབ་དཔོན་རྣམ་གཉིས་ནས་གཡུང་དྲུང་བོན་གྱི་བརྡ་དར་རུ་བསྒྲེངས་ཀྱིས་ཡོངས་ནས་གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ནས་སྔོན་འགྲོའི་མཛད་རིམ་གྲུབ་པར་བྱས་ཡོད་འདུག


དེ་རྗེས་དངོས་གཞིའི་མཛད་རིམ་དུ་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ཚོགས་མགོན་དུ་གདན་ཞུས་ཀྱིས་སྐུ་མགྲོན་གཙོ་བོ་༧ཞྭ་དཀར་གཡུང་དྲུང་བོན་གྱི་དབུ་ཁྲིད་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེ་མཆོག་གི་སྐུ་ཚབ་སྨན་རིའི་བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་མཆོག་ད྄ང་། བུད་མེད་དང་བྱིས་པ་སྤྱི་ཚོགས་བདེ་དོན་གྱི་བློན་ཆེན་པར་བྷཏ་འགུ་རུང་ Parbat Gurung, Minister of Women, Children and Social Welfare མཆོག་བཅས་རྣམ་པ་གསུམ་ནས་སྣང་གསལ་སྒྲོན་མེ་སྤར་ཏེ་མཛད་སྒོ་དབུ་འབྱེད་གནང་ནས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་༧སྐྱབས་རྗེ་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་དུས་དྲན་ངོ་སྤྲོད་དང་འབྲེལ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་སྐུ་ཚེ་གང་བོར་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ངལ་བསྐྱོན་སྟངས་སྐོར་ནས་གསུང་བཤད་ཟབ་རྒྱས་གནངས་རྗེས་རིམ་བཞིན་དཔོན་སློབ་ཚངས་པ་མཆོག་དང་བཤད་སྡེའི་ཚོགས་གཙོ་བཅས་ནས་གསུང་བཤད་གྲུབ་མཚམས། བཤད་སྡེའི་གཟེངས་ཐོན་སློབ་མ་ཁག་ཅིག་ལ་གཟེངས་རྟགས་གནང་བའི་མཛད་རིམ་བསྐྱངས་ཡོད་པ་དང་།  དེ་ནས་བལ་ཡུལ་དབུས་གཞུང་གི་བློན་ཆེན་ཟུར་པ་ན་ར་འབའ་དྷུར་བྷུ་ར་ཐོ་ཀི་ Nara Bahadur Budathoki, former minister མཆོག་ནས་གསུང་བཤད་གནང་།
དེ་རྗེས་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་ཨཙརྱ་ནོར་བུ་ཤར་པ་ Acharya Norbu Sherpa, President of Bouddha Maha Sangha མཆོག་ནས་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་བུད་མེད་དང་བྱིས་པ་སྤྱི་ཚོགས་བདེ་དོན་བློན་ཆེན་པཱར་བྷཏ་འགུ་རུང་ Parbat Gurung, Minister of Women, Children and Social Welfare མཆོག་ནས་ཉེར་ལྔའི་དྲན་དེབ་དབུ་འབྱེད་དང་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་དང་།

དེ་བཞིན་དུས་འགྱུར་སྐབས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཉར་ཚག་གནང་མཁན་ཉག་རོང་དབལ་ཁྱུང་དགོན་གྱི་གལ་ཆེའི་མི་སྣ་དང་། གཡུང་དྲུང་གླིང་གི་མཁན་ཆེན་ཁྲི་ཐོག་ ༡༡ རིན་པོ་ཆེ། རྒྱལ་བ་གཤེན་རིན་པོ་ཆེ། ཁྲི་འཛིན་ ༣༤ རིན་པོ་ཆེ་བཅས་ལ་གཟེངས་བསྟོད་དུ་སྐུ་གསུང་ཐུགས་གསུམ་གྱི་རྟེན་དོད་ཕུལ། དེ་མཚམས་འོམ་གློ་བོན་ཚོགས་ཀྱིས་ཤོན་གྱི་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མཆོག་ཉིད་ཀྱི་གསུང་འབུམ་པོད་གྲངས་ ༢༢ ཅན་དང་། ཞལ་གདམ་ཕྱོགས་བསྒྲིགས་དེབ་ཆེ་ཆུང་གཉིས་བཅས་དབུ་འབྱེད་དང་འབྲེལ་སྐུ་ཚེ་གང་པོར་བསྟན་དོན་ཁུར་དུ་བཞེས་པའི་ལོ་རྒྱུས་སྙིང་བསྡུས་དབྱིན་བོད་གཉིས་ཐོག་ནས་གསུང་བཤད་བཀའ་དྲིན་ཆེར་བསྩལ་ཀྱིས་གསོལ་ཚིགས་དང་གཞས་སྣ་གཟིགས་འབུལ་གྱིས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ཡོད་པ་དང་།

ཕྱི་དྲོའི་ཕྱག་ཚོད་ ༠༢།༣༠ ནས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། རྩོམ་སྒྲིག་འགན་འཛིན་ཝ་ཎའི་དགེ་རྒན་དགེ་བཤེས་ཕུན་ཚོགས་ཉི་མ་ཟུང་ནས་རིག་གཞུང་སློབ་དེབ་<<ཧི་མ་ལ་ཡི་འོད་སྣང་>>དེབ་བརྒྱད་དབུ་འབྱེད་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ནས་ཉིད་ཀྱི་གསུང་འབུམ་དེབ་གསུམ། ཁྲི་འཛིན་ ༣༤ པའི་སྐུ་ཚབ་སྨན་རིའི་བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་ནས་སྔར་སྲོལ་གསོ་རིག་འབུམ་བཞིའི་ལོ་དེབ་<<དཔྱད་བུ་ཁྲི་ཤེས་>>འདོན་ཐེངས་གཉིས་པ་ཅན་དང་། སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག་ནས་<<བགྲེས་པོའི་འབེལ་གཏམ་>>ཕྱོགས་བསྒྲིགས་དེབ་ལྔ་བཅས་དབུ་འབྱེད་གནང་ཡོད་པ་དང་། གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་ནས་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས། སྐབས་ཉེར་ལྔ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་འགྲོ་མགོན་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་ལགས་ནས་བཤད་སྒྲུབ་འདུས་སྡེའི་ཉིན་རེའི་སློབ་སྦྱོང་སྐོར་གསུང་བཤད་གནང་སྟེ་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་མཚམས་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པའི་སྐུ་ཚབ་བཤད་སྒྲུབ་སྨན་རིའི་སློབ་དཔོན་དགེ་ལེགས་རྒྱ་མཚོ་མཆོག་ནས་བོན་བསྟན་གྱི་གནས་བབ་དང་འབྲེལ་བའི་སྐོར་ནས་བཀའ་སློབ་ཟབ་རྒྱས་གནང་། ཕྱྭ་སྲས་ཀེང་ཙེའི་སློབ་གྲྭ་དང་། ཏ་པི་ཧྲི་ཙའི་སློབ་གྲྭ ཌོ་ལན་ཇིའི་སློབ་ཟུར་ཚོགས་པ་སོགས་ཀྱིས་བྲོ་གླུ་གཞས་གསུམ་གྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། མཇུག་ཏུ་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ནས་དགོང་དྲོའི་གསོལ་ཚིགས་གྲུབ་པ་དང་ཉེར་ལྔའི་མཛད་སྒོ་མཇུག་ཡོངས་སུ་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲ་ཚིགས་གཙོ་སྒྲུབ་པས་མདོར་བསྡུས་ཚུལ་དུ་བཏུས་སྤེལ་བྱས།
པར་པ་དགེ་བཤེས་སྐལ་བཟང་ཕུན་ཚོགས།