གཡུང་དྲུང་བོན་གྱི་དྲྭ་རྒྱ།

གདན་ས་སྨན་རིའི་གླིང་གི་སྐབས་ཉི་ཤུ་བའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པའི་གནས་བསྡུས།

དེ་ཡང་བོད་ལྕགས་བྱི་ལོའི་བོད་ཟླ་༡ཚེས་༦དང་ཕྱི་ཟླ་༢ཚེས་༢༩ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠སྟེང་། རྡོ་ཏིང་དང་ཚོགས་བརྡ་བཏངས་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཚོགས་ཁང་གི་གཡས་གཡོན་ནས་སྤོས་རྒྱ་གླིང་གིས་ཕེབས་བསུ་དང་།
བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་དཀའ་ཆེན་དཀའ་ཆུང་བཅས་འཆམ་རའི་ཤར་ལྷོ་གཉིས་ནས་དུས་གཅིག་ཏུ་ཚོགས་ཁང་མདུན་དུ་ཕེབས་རྗེས་རིམ་ཅན་གྱིས་ཚོགས་ཁང་དུ་ཕེབས་ནས་ཁྲི་ལ་བཞུགས་གསོལ་དང་།འདུས་མང་ཡོངས་ནས་ཀུན་གསལ་བྱམས་མའི་སྔགས་བསྟོད་གྲུབ་རྗེས་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་དང་སྦྲགས་
གཏོང་སྒོ་ཆེན་མོའི་འགྱེད་གྲུབ་རྗེས་ཉིན་གཉིས་པའི་བཀའ་རམས་པ་ཨ་ལ་དྲང་སྲོང་ཡོན་ཏན་ཀུན་བཟང་རྒྱལ་མཚན་དང་། བཀའ་རམས་པ་ཨ་ཚེ་ཚང་དྲང་སྲོང་བསོད་ནམས་རིན་ཆེན་རྣམ་རྒྱལ།བཀའ་རམས་པ་འཇུ་སྐོར་འགབ་ཚང་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་འོད་ཟེར་བཅས་ཚོགས་ཆེན་ཞལ་ངོ་ནས་ཆབ་ཕུལ་མཚམས་༧སྐྱབས་རྗེ་མཁན་སློབ་རྣམས་ལ་མཇལ་ཁ་ཞུས་རྗེས་བསླབ་པ་རྒན་རིམ་ལྟར་སྔ་ཕྱི་བསྟར་སྒྲིག་གིས་རྩེ་ཞྭ་ཕྱག་ཏུ་བསྣམས་ནས་ལུས་གུས་པ་དང་བཅས་བཞེངས་མཚམས།
༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཚིག་བཤད་གསལ་དག་སྙན་གསུམ་གྱིས་དབྱངས་སུ་གྱེར་རྗེས། ཉིན་གཉིས་པའི་བཀའ་རམས་པ་རྣམས་ནས་རྩེ་ཞྭ་དབུ་ལ་གསོལ་ནས་སྔོན་འགྲོའི་ཚིག་བཤད་གཤེན་རབ་སྤངས་རྟོགས་སོགས་གྱེར་གྲུབ་པ་དང་། འདུས་མང་ཡོངས་ནས་བར་ཆད་ལམ་སེལ་གསུངས་ནས་ཚོགས་ཐུན་དང་པོ་གྲོལ་བ་དང་།
ཆུ་ཚོད་༡༡།༣༠སྟེང་རྡོ་ཏིང་ཚོགས་བརྡ་བཏངས་རྗེས་འདུས་མང་ཚོགས་བཞུགས་ཀྱིས་གཏོང་སྒོའི་དམ་ཐུག་གསོལ་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ཡོད་པ་རེད།
ཕྱི་དྲོའི་ཆུ་ཚོད་༢།༣༠སྟེང་གོང་ལྟར་༧སྐྱབས་རྗེ་མཁན་སློབ་གདན་འདྲེན་དང་སྣུམ་འཁུར་གསོལ་ཇ་གྲུབ་རྗེས་ཉིན་གཉིས་པའི་བཀའ་རམས་པ་རྣམས་ནས་བཀྲ་ཤིས་མངའ་དབུལ་གྱི་ཚིག་བཀྲ་དང་བཀྲ་ཤིས་མཆོད་འབྲུ་སོགས་གཏོར་ནས་མཇུག་རྗེ་རྒྱལ་བ་སོགས་སྨོན་ལམ་གྲུབ་ནས་ཚོགས་ཐུན་གསུམ་པ་གྲོལ་ཡོད་པ་རེད།
ཕྱི་དྲོའི་ཆུ་ཚོད་༤།༠༠སྟེང་འདུས་མང་ཡོངས་ནས་སྨོན་ལམ་རྣམ་གསུམ་གསུང་ནས་བཞེས་ཐུག་མཆོད་རྗེས་སྐབས་ཉི་ཤུ་བའི་ཉིན་གཉིས་པའི་དགེ་བཤེས་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

གདན་ས་སྨན་རིའི་གླིང་གི་སྐབས་ཉི་ཤུ་བའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པའི་གནས་བསྡུས།