གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གླིང་གི་སྔགས་རྫོགས་འཛིན་གྲྭའི་ཉིན་རེའི་སྒོམ་ཐུན་དང་མར་ངོའི་སྒྲུབ་པའི་སྐོར་གྱི་གནས་བསྡུས།

དེ་ཡང་དཔལ་གཤེན་བསྟན་སྨན་རིའི་གླིང་འདི་ནི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གིས་སྲོལ་འབྱེད་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་རི་བོ་གངས་ཅན་ལྗོངས་སུ་དར་རྒུད་རིམ་པར་བྱུང་བའི་སྐབས། སྔ་དར་བསྟན་པའི་གསལ་བྱེད་གདུང་སོབ་མུ་ཆོ་ལྡེམ་དྲུག་དང་། འཛམ་གླིང་མཁས་པ་རྒྱན་དྲུག  ལོ་ཙཱ་བ་མཁས་པ་མི་བཞི། བླ་ཆེན་དྲན་པ་ནམ་མཁའ་སོགས་དང་།

བསྟན་པ་ཕྱི་དར་གྱི་སྐབས་སུ་ཡང་གཏེར་སྟོན་བརྒྱ་རྩའི་གཙོ་བོ་གཤེན་ཆེན་ཀླུ་ཡི་དབང་པོ། བསྟན་པའི་སྲོལ་འཛིན་བྲུ་ཞུ་སྤ་རྨེའུ། གཡས་རུའི་མཁས་གྲུབ་སྟོན་པ་བཅོ་བརྒྱད་སོགས་གངས་ཅན་བསྟན་པའི་གསལ་བྱེད་འཕྲེང་བར་བརྒྱུས་པའི་གྲས་ནས། དུས་རབས་བཅུ་བཞིའི་ནང་ཕྱི་ལོ་༡༣༥༦ལོར་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཤར་རྒྱལ་མོའི་རོང་དུ་སྐུ་འཁྲུངས་ཤིང་དགུང་གྲངས་ལྔ་བཅུའི་ཐོག་བཀྲ་ཤིས་སྨན་རིའི་དགོན་ཕྱག་བཏབས་པ་ནས་རྒྱལ་བའི་བཀའ་དང་བཀའ་བརྟེན་རྣམས་དང་། རྗེ་བཙུན་ཡར་མེ་བའི་བཀའ་རྟེན་སྡེ་ལྔ་སོགས་བཀའ་དང་བཀའ་རྟེན་གྱི་དགོངས་འགྲེལ་བརྩམས་ནས་ཟླ་བ་ཡར་ངོ་ལ་ཐོས་བསམ་འཆད་ཉན་དང་།

མར་ངོ་ལ་སྒོམ་སྒྲུབ་ཉམས་ལེན་མཛད་པས་སྲོལ་བཟང་ཕྱེས་པ་ནས་བཟུང་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་གདན་སའི་སྡེ་བསྐྱངས་པ་ཡིན་ལ། དེ་ཡང་འཕགས་ཡུལ་དཔལ་གཤེན་བསྟན་སྨན་རིའི་གླིང་འདི་ཉིད་བསྟན་སྲིད་གོད་ཆག་ལྷུ་འཐོར་སྐབས་བོན་གྱི་སྐྱེས་ཆེན་དུ་མ་ཞིག་བཙན་བྱོལ་དུ་ཕེབས་པ་ནས་རང་བསྟན་རང་སྐྱོང་གི་ཐུགས་འདོད་བསྐྱངས་ནས། རིམ་བཞིན་གཞིས་ས་ཉོ་སྒྲུབ་ཀྱིས་བོན་གཞིས་ཐོབ་རྒྱལ་གསར་པ་གསར་འཛུགས་དང་།
ཕྱི་ལོ་༡༩༦༨ལོར་གཡུང་དྲུང་གླིང་གི་མཁན་ཆེན་སྐྱབས་རྗེ་ཤེས་རབ་བསྟན་པའི་རྒྱལ་མཚན་དང་། ཡོངས་འཛིན་སངས་རྒྱས་བསྟན་འཛིན། ཡོངས་འཛིན་བསྟན་འཛིན་རྣམ་དག་གཙོས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་བླ་སྤྲུལ་རྣམས་ཀྱིས་བོན་སྐྱོང་གནད་སྐུལ་ཐོག་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་རྟགས་རིལ་སྒྲིལ་ནས་མདོ་སྨད་ཤར་ཟིང་ཆུའི་ཡུལ་དུ་སྐུ་འཁྲུངས་པའི་དགེ་བཤེས་སངས་རྒྱས་བསྟན་འཛིན་རྟགས་རིལ་བབས་ནས་༡༩༦༩ལོའི་ཕྱི་ཟླ་༡༡ཚེས་༥ཉིན་གསེར་ཁྲིར་འཁོད་ཅིང་། ༡༩༧༠ལོར་བོན་གཞིས་ཐོབ་རྒྱལ་གསར་པའི་གནས་སུ་དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་པ་ཕྱག་བཏབས་ནས་གྲྭ་ས་གོང་མའི་ཕྱག་སྲོལ་མ་ཉམས་པར་འཆད་ཉན་སྒོམ་སྒྲུབ་སོགས་རིམ་བཞིན་རྒྱུན་བསྐྱངས་། ༡༩༧༨ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་བཙུགས་ནས་ད་ལྟའི་བར་ཟླ་བ་ཡར་ངོ་འཆད་ཉན་དང་མར་ངོ་སྒོམ་སྒྲུབ་ཅེས་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གཙོས་ཐ་སྙད་རིག་གནས་རྩིས་དཀར་ནག དཀྱིལ་འཁོར་ཐིག་རྩ་སྨན་དང་བཅས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཀུན་སྦྱངས་པ་མཐར་སོན་གྱི་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་མཛད།


དེ་ཡང་༧སྐྱབས་རྗེ་ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་༣༣མཆོག་དང་༧སྐྱབས་རྗེ་ སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་དགོངས་ལྟར་ ༢༠༠༤ནས་བཟུང་སྔགས་རྫོགས་འཛིན་གྲྭའི་སློབ་གཉེར་བ་རྣམས་ནས་ཞོགས་ཚོགས་གྲོལ་ནས་ཆུ་ཚོད་ཕྱེད་ཀའི་རིང་སྒོམ་ཐུན་དང་། འཛིན་རིམ་དགུ་པ་འདུལ་བ་གཞུང་ཁྲིད་རྫོགས་ནས་གསང་བ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་བྱེད་པར། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་གཞུང་ལྟར་སྔོན་འགྲོ་འབུམ་དགུའི་བསགས་སྦྱང་དང་ཁྲོ་བོའི་ཚོགས་མཆོད་རྒྱས་འབུལ་དང་།

དེ་རྗེས་དངོས་གཞིའི་སྐབས་བྲུ་ཡི་ཕྱག་ཁྲིད་ལྟར་སེམས་ངོ་ཨ་གཏད། མ་རྒྱུད་ཁྲིད་གཞུང་སྔོན་འགྲོར་མ་རྒྱུད་ཚོགས་མཆོད་རྒྱས་འབུལ་དང་འཕོ་སྦྱངས། རྫོགས་ཆེན་ཁྲིད་གཞུང་སྔོན་འགྲོར་ཞང་ཞུང་མེ་རིའི་ཚོགས་མཆོད་རྒྱས་འབུལ་བྱས་རྗེས་གཞི་ནས་གཞུང་ཁྲིད་དབུ་འཛུགས་ཆོག་པ་ཡིན།

བདུན་ཕྲག་གཅིག་རིང་གི་མར་ངོའི་སྒྲུབ་ཆེན་ཁག

བོད་ཟླ་དང་པོ།   ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ།

བོད་ཟླ་གཉིས་པ། དབལ་གསས་ཞི་དྲག་གཉིས་ཀྱི་སྒྲུབ་པ།

བོད་ཟླ་གསུམ་པ། རྩ་གསུམ་བོན་སྐྱོང་བཞི་སྦྲགས་ཀྱི་སྒྲུབ་པ།

བོད་ཟླ་བཞི་པ། ཡི་དམ་རིག་འཛིན་འདུས་པའི་སྒྲུབ་པ།

བོད་ཟླ་ལྔ་པ། ཀུན་གསལ་བྱམས་མ་ཆེན་མོའི་སྒྲུབ་པ།

བོད་ཟླ་དྲུག་པ། གཤེན་རབ་རྣམ་པར་རྒྱལ་བའི་སྒྲུབ་པ།

བོད་ཟླ་བདུན་པ། རྣམ་དག་པད་མ་ཀློང་ཡངས་ཀྱི་སྒྲུབ་པ།

བོད་ཟླ་བརྒྱད་པ། གེ་ཁོད་གསང་བ་དྲག་ཆེན་གྱི་སྒྲུབ་པ།

བོད་ཟླ་དགུ་པ། ཡི་དམ་སྟག་ལ་མེ་འབར་གྱི་སྒྲུབ་པ།

བོད་ཟླ་བཅུ་པ། ཡི་དམ་ཁྲོ་བོ་དབང་ཆེན་གྱི་སྒྲུབ་པ།

བོད་ཟླ་བཅུ་གཅིག་པ། ཡི་དམ་དབལ་ཕུར་ནག་པོའི་སྒྲུབ་པ།

བོད་ཟླ་བཅུ་གཉིས་པ། ཡི་དམ་ཁྲོ་ཕུར་གཉིས་ཀྱི་སྒྲུབ་པ།

ཟླ་ལྷག་ཡོད་ཚེ། ཁྲོ་བོ་ལྷ་རྒོད་ཐོག་པའི་སྒྲུབ་པ།
གཡུང་དྲུང་བོན་གྱི་བཤད་སྡེའི་གཞུང་ཆེན་ཁག་དང་རིག་གནས་ཁྲིད་གཞུང་རེའུ་མིག




གོང་གི་གཞུང་ཆེན་ཁག་གི་ཁྲིད་གཞུང་མཚན་ཐོ་དག་དཔལ་ལྡན་སྨན་རིའི་བླ་སྤྱིའི་ཡིག་ཚང་གི་མ་ཡིག་གཞིར་བཞག་བྱས་ནས་བཀོད་ཡོད།

བརྙན་ལེན་པ། ཁྱུང་ཁྲི་རྒྱལ།

གཡུང་དྲུང་བོན་གྱི་བཤད་སྡེའི་གཞུང་ཆེན་ཁག་དང་རིག་གནས་ཁྲིད་གཞུང་རེའུ་མིགPDFཅན་འདིར་མནན་ནས་ཕབ་ལེན་བྱས་ཆོག

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

སྨན་རིའི་གླིང་གི་སྔགས་རྫོགས་འཛིན་གྲྭའི་ཉིན་རེའི་སྒོམ་ཐུན་དང་མར་ངོའི་སྒྲུབ་པའི་སྐོར་གྱི་གནས་བསྡུས།