གཡུང་དྲུང་བོན་གྱི་དྲྭ་རྒྱ།

གདན་ས་སྨན་རིའི་གླིང་དུ་རྗེ་མཉམ་མེད་ཆེན་མོའི་འཁྲུངས་མཆོད་དང་སྐབས་ཉི་ཤུ་བའི་དགེ་བཤེས་མཛད་སྒོ་ཆེན་མོ་དབུ་འཛུགས་གནང་བ།

རྒྱལ་བ་གཤེན་གྱི་འབྱུང་ལྡན་༣༠༡བོད་ལྕགས་བྱི་ལོའི་བོད་ཟླ་དང་པོའི་ཚེས་ལྔ་ཉིན་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༠༢ ཚེས་ ༢༨ ཉིན་༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རྗེ་མཉམ་མེད་ཆེན་པོའི་དུས་ཆེན་དང་། སྐབས་ཉི་ཤུ་པའི་དགེ་བཤེས་མཛད་སྒོ་བཅས་དབུ་འཛུགས་གནང་ཡོད་པ་དང་།


སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པ་རུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཆེན་མོ་༧རྣམ་འདྲེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་མི་ལོ་༦༦༤འཁོར་བའི་དུས་ཆེན་ཁྱད་པར་ཅན་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་ཉི་ཤུ་བའི་དགེ་བཤེས་མཛད་སྒོ་ཆེན་མོ་བཅས་དབུ་འཛུགས་གནངས་ཡོད་པ་རེད།

དེ་ཡང་སྔ་དྲོའི་ཆུ་ཚོད་བཅུ་པ་ནས་འདུས་མང་ཡོངས་རྒྱལ་བ་མཉམ་མེད་ཆེན་པོའི་གོས་སྐུ་སེར་ཕྲེང་དང་རྣམ་དག་འདུལ་བའི་གསོ་སྦྱོང་གྲུབ་རྗེས།

གླིང་སྐོར་སེར་ཕྲེང་དང་འཆམ་རར་གཤེན་རབ་མཆོད་ལྔའི་མཆོད་པ་ཕུལ་མཚམས་ཚོགས་ཁང་ཆེན་མོའི་ནང་དུ་བླ་མ་མཆོད་པ་སོགས་གསུངས་ཡོད་པ་དང་།

དེ་རྗེས་འདུས་མང་ཡོངས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆད་ར་ཐོས་བསམ་དགའ་ཚལ་གླིང་དུ་འཛོམས་ནས་རྟེན་འབྲེལ་རྟགས་གསལ་གཏོང་གནང་མཛད་ཡོད་པ་རེད།

དེ་ཡང་གོང་ཚེས་སྔ་དྲོའི་ཆུ་ཚོད་༩།༣༠སྟེང་གདན་ས་སྨན་རིའི་གླིང་གི་སྐབས་༢༠པའི་དགེ་བཤེས་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང་།

དེ་ཡང་ཉིན་ལྟར་སྔ་དྲོར་སྔོན་འགྲོའི་གཞུང་བཤད་དང་། ཉིན་གུང་གཏོང་སྒོ་ཆེན་མོ། ཕྱི་དྲོར་བཀྲ་ཤིས་གསོལ་རྒྱུ་དང་། བོད་ཚེས་བཅུ་གཉིས་ཉིན་ནས་རིམ་བཞིན་སྔ་དྲོར་ངག་རྒྱུགས་དམ་བཅའ་དང་། ཕྱི་དྲོར་རྩོད་རྒྱུགས་དམ་བཅའ་ཆེན་མོ་ཡིན་པ་དང་།

     དགེ་བཤེས་མཛད་སྒོའི་ཉིན་དང་པོའི་བཀའ་རམས་པ་ཏ་མང་དྲང་སྲོང་གཡུང་དྲུང་ཉི་མ་ཀུན་གསལ།
བོད་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་པ་ནས་བཀྲ་ཤིས་དམ་བཅའ་དང་། ཕྱི་དྲོར་མཚན་བརྗོད་པར་དཀའ་བ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པའི་མདུན་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་ཕྱག་འཁྱེར་བཞེས་རྒྱུ་དང་ཕྱི་དྲོར་སྐལ་བཟང་ཁྲི་སྟོན་མཛད་སྒོ་སྤེལ་རྒྱུ་ཡིན་པ་བཅས་སོ།།
               སྨན་རིའི་གླིང་གི་སྐབས་ཉི་ཤུ་བའི་བཀའ་རམས་པ་རྣམས།
བརྙན་ལེན་པ་ཁྱུང་ཁྲི་རྒྱལ།