གཡུང་དྲུང་བོན་གྱི་དྲྭ་རྒྱ།

བཀའ་རམས་པ་དབྲ་སྲས་དྲང་སྲོང་ཤེས་རབ་འོད་ཟེར་གྱི་དགེ་བཤེས་ཆེད་དེབ་རྨི་བ་ལམ་ཁྱེར་གྱི་འགྲེལ་བ་ཚིག་དོན་རབ་གསལ་སེམས་ཀྱི་མེ་ལོང་དཔེ་སྐྲུན་གྲུབ་པ།

སྔོན་གླེང་།
ཐོག་མར་ཁོ་བོས་འདི་ཉིད་འབྲི་དགོས་པའི་ཀུན་སློང་ཅུང་ཙམ་གླེང་བར་འདོད་དེ། དེང་གི་དུས་འདིར་མི་གང་མང་ཞིག་གིས་དགེ་བ་སྒྲུབ་པ་ལ་ངེས་པར་དུ་རྒྱུ་དང་དཔལ་འབྱོར་ཁོ་ན་འགྲོ་སོང་གཏོང་དགོས་པའི་བསམ་ཚུལ་ཡང་འདུག་མོད། འོན་ཀྱང་དགེ་བ་ཡང་དག་པ་ཞིག་བསྒྲུབ་འདོད་ན་གཙོ་བོ་རྒྱུན་དུ་ཀུན་སློང་བཅོས་མིན་གྱི་སྒོ་ནས་རང་ལས་གཞན་པའི་མི་དང་འགྲོ་བ་སུ་ལའང་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་འབད་བརྩོན་བྱ་དགོས་པ་ཞིག་ཡིན་པ་ལས་ངེས་པར་དུ་རྒྱུ་ནོར་གྱི་འགྲོ་སོང་གཏོང་དགོས་པ་ཞིག་མ་རེད། དེ་བས་ཀྱང་ཁ་འདོན་བཟླས་བརྗོད་རྐྱང་རྐྱང་བྱས་ནའང་ཀུན་སློང་ལོག་དམན་འཆལ་གསུམ་གྱི་དབང་དུ་གྱུར་བ་དང་།
རང་ཉིད་ཆེ་འདོད་གྲགས་འདོད་ཀྱི་ཆེད་དུ་དམིགས་ན་དགེ་བ་ཡང་དག་པ་ཞིག་ཏུ་མི་འགྱུར་བས། དགེ་བའི་རྩ་བ་ནི་གཞན་ལ་ཕན་སེམས་ཀྱིས་ཀུན་ནས་བསླང་བའི་བྱ་བྱེད་ལས་གསུམ་ཐམས་ཅད་དགེ་བ་ཡིན་ལ། གཞན་ལ་གནོད་པའི་རིགས་ཐམས་ཅད་སྡིག་པ་ཡིན་པ་ལས་ལག་ཏུ་འཕྲེང་བ་ཡོད་མེད་ཙམ་གྱིས་དགེ་སྒྲུབ་སྡིག་སྤང་གི་ཁྱད་པར་འབྱེད་ནུས་པ་ཞིག་ཀྱང་གཏན་ནས་མིན། སྤྱིར་དགེ་བར་བརྩོན་ན་དུས་ཚོད་ངེས་ཅན་ཞིག་ལོགས་སུ་བཀར་བའི་དགོས་པ་མེད་དེ། དཔེར་ན་ཟ་ཉལ་འགྲོ་འདུག་གང་ལའང་དགེ་བའི་ཕྱོགས་སུ་འབད་རུང་བས། སྐབས་འདིར་རྨི་བ་ལམ་དུ་ཁྱེར་བར་འགྲེལ་བཤད་ཅུང་ཙམ་བྱས་པ་འདི་ཉིད་ལུས་ཀྱི་སྤྱོད་ལམ་རྣམ་བཞིའི་ནང་ཚན་གཙོ་བོ་ཉལ་བའི་དུས་སུ་དགེ་བའི་ཕྱོགས་སུ་བརྩོན་སྟངས་ཀྱི་ཐབས་ལམ་ཞིག་ཡིན་པར་མ་ཟད། ལམ་འདི་ཉམས་སུ་བླང་ན་རྨི་ལམ་ལ་རང་དབང་འཐོབ་པར་འགྱུར་བའི་ཐབས་དང་ལྷག་པར་དུ་འདི་ནས་ཚེ་འཕོས་ཏེ་བར་དོ་ལ་འཇིགས་སྔངས་སྐྱེ་མི་དགོས་པར་འཁྲུལ་སྣང་རང་ངོ་འཕྲོད་པར་བྱེད་པའི་ཐབས་ལམ་གྱི་གནད་ཆེན་པོ་ཞིག་ཡིན། སྤྱིར་ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོས་གསུངས་བའི་མ་རྒྱུད་ཐུགས་རྗེ་ཉི་མ་ལམ་མངོན་སངས་རྒྱས་པའི་རྒྱུད་ལས་རྨི་བ་ལམ་དུ་ཁྱེར་བའི་གཞུང་འདི་ཉིད་རང་རེ་ཁ་བ་གངས་ཅན་གྱི་བགོ་སྐལ་དུ་ལོ་ངོ་སྟོང་ཕྲག་དུ་མའི་གོང་ནས་ཡོད་མོད། འོན་ཀྱང་ནོར་བུའི་ནོར་ངོས་མ་ཟིན་པ་ལྟ་བུར་ལྷག་ཏེ་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་དུ་དེ་ཙམ་རྒྱ་ཁྱབ་དང་དར་སྤེལ་བྱེད་མ་ནུས་པའི་སྐྱོན་ཞིག་མཐོང་། མི་ཡུལ་གྱི་འདྲེན་པ་ཆེན་པོ་རྒྱལ་གཤེན་མི་ལུས་བསམ་ལེགས་དང་ཀུན་མཁྱེན་ཤར་རྫ་བ་སོགས་ཀྱིས་མཛད་པའི་རྨི་བ་ལམ་ཁྱེར་གྱི་འགྲེལ་བའི་ནང་དུ་དྲང་བའི་རྨི་བ་ལམ་ཁྱེར་གྱི་གཞུང་ཚིག་མི་མཐུན་སའང་རེ་འགའ་སྣང་བར་མ་ཟད། རྒྱལ་གཤེན་གྱིས་མཛད་པའི་རྨི་བ་ལམ་ཁྱེར་གྱི་འགྲེལ་བཤད་ནང་དུ་དྲངས་བའི་རྨི་བ་ལམ་ཁྱེར་གྱི་གཞུང་དང་།
ལམ་མངོན་སངས་རྒྱས་པའི་རྒྱུད་ལས་གསལ་བའི་རྨི་བ་ལམ་ཁྱེར་གྱི་གཞུང་ཚིག་མི་མཐུན་ས་རེ་འགའ་ཡང་འདུག་པས་དེ་དག་རང་སོར་འཇོག་པ་ལས་གཞན་ཐབས་གང་ཡང་མ་མཆིས། འདིར་ཁོ་བོར་སྐྱེས་སྦྱང་གི་ཤེས་རབ་ཞན་པས། གཞུང་ཆེན་འདི་ལྟ་བུ་ལ་འགྲེལ་གདབ་པའི་ཤེས་ཚད་མེད་པར་རང་བློ་རང་ལ་ལྐོག་ཏུ་མ་གྱུར་ཀྱང་། མི་ལོ་མང་པོར་གཞུང་ཆེན་ཁག་ལ་སྦྱང་བརྩོན་བྱས་པའི་དགོས་པ་དང་། རང་བས་བློ་དམན་རྣམས་ལ་ཅུང་ཟད་ཕན་ལ་རེ་བའི་བསམ་བློའི་འདུ་ཤེས་གཙང་མ་ཞིག་གིས་ཀུན་ནས་བསླངས་ཏེ་རང་བློས་ལྕོགས་ཚོད་ཀྱིས་ཚིག་དོན་གཉིས་ཀ་ཟུང་དུ་འབྲེལ་ཏེ། ཁ་གསལ་གོ་བདེའི་ཚུལ་དུ་བསྟན་ཅི་ཐུབ་གྱི་ཕྱོགས་སུ་འབད་བརྩོན་བགྱིས་པ་ཡིན་ལ། མངོན་བརྗོད་དང་བརྡ་རྙིང་གིས་བཅིང་སྟེ་གོ་དཀའ་བ་དང་། སྐབས་སུ་བབས་པའི་བརྗོད་བྱ་དང་འབྲེལ་བ་ཡོད་མེད་ལ་མི་བསམ་པར། རྒྱལ་བའི་བཀའ་དང་འཕགས་པའི་ལུང་གནད་དུ་འབབ་མི་འབབ་སྣ་ཚོགས་ཀྱིས་བརྒྱན་ཏེ་བམ་ག་མཐུག་པོར་གཏོང་བ། གཏན་ཚིགས་དང་རིག་ལམ་གྱི་སྒོ་ནས་སྒྲུབ་བྱེད་དུ་མ་བཀོད་དེ་སྒྲུབ་པ་སོགས་མ་ཡིན་པར། གོ་དཀའི་ཚིག་དོན་རྣམས་གོ་བདེའི་ལམ་ནས་དྲངས་ཅི་ཐུབ་བྱས་པ་ཞིག་ཡིན་པས་ཀློག་པ་པོ་རྣམས་ལ་ཐུགས་ཕན་སོས་པའི་རེ་བ་དང་།མཐའ་དོན་ཁོ་བོའི་ཚིག་དོན་གྱི་གནད་མ་ཁྲོལ་བ་སོགས་ལྷག་ཆད་ནོར་གསུམ་གྱི་སྐྱོན་གང་མང་ཞིག་སྲིད་ངེས་ཡིན་པས་མཁྱེན་རྒྱ་ཡངས་པའི་དཔྱོད་ལྡན་ཀློག་པ་པོ་རྣམས་ལ་སེམས་ནས་བཟོད་གསོལ་ཞུ་ཞུ།། །།