གཡུང་དྲུང་བོན་གྱི་དྲྭ་རྒྱ།

རི་བོ་གངས་ཅན་པ་མཐོ་སྒང་བསིལ་མོའི་ལྗོངས་ཀྱི་གཡུང་དྲུང་གི་མཚོན་དོན་མདོར་ཙམ་བཤད་པ་སྲིད་པའི་མེ་ལོང་།

བོན་ཉིད་མི་འགྱུར་གཡུང་དྲུང་དབྱིངས་ཀྱི་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ལ་གུ་དུན་ཧྲུན་ནོ།།
ཞང་ཞུང་གི་སྐད་དུ།  དྲུང་མུ། བོད་སྐད་དུ། གཡུང་དྲུང་།  རྒྱ་ནག་སྐད་དུ། (雍仲)ཞེས་ཐད་བསྒྱུར་བྱས་པའམ་ཡང་ན་ཧོསའུ(福 fu)།  རྒྱ་གར་གི་སྐད་དུ། སྲི་ཝ་ཙཱ(Srivatsa)  ཉི་ཧོང་གི་སྐད་དུ།  མན་ཇིའི(まんじmanji)།  དབྱིན་ཇིའི་སྐད་དུ། སེ་ཝ་སེ་ཐི་ཁཱ(swastika)། ཞེས་སོགས་བརྗོད་ཀྱིན་ཡོད་པ་འདྲ།  ཡུལ་ཁམས་དེ་དག་གི་ཁྲོད་དུ་རི་བོ་གངས་ཅན་པ་གནའ་དུས་ཞང་ཞུང་ཞེས་པའི་གནའ་བོའི་ཤེས་རིག་གི་མ་མ་གཡུང་དྲུང་བོན་གྱི་གྲུབ་མཐའི་ངོས་ལ་བཤད་ནས་གཡུང་དྲུང་གི་འགྲེལ་བཤད་རྒྱ་ཆེན་ལ་གཏིང་ཟབ་པ་མང་པོའི་བཞུགས་བའི་ནང་ནས་འདིར་གཡུང་དྲུང་གི་མཚོན་དོན་དང་འབྲེལ་བའི་མཚམས་སྦྱོར་ཉུང་ངུ་ཞིག་ཞུ་འདོད་པ་བྱུང་བས་རྩ་བའི་དོན་ཚན་དྲུག་གི་སྒོ་ནས་གླེང་བར་བྱས་ཏེ།  

   གཡུང་དྲུང་ནི་ནམ་མཁའི་དབྱིངས་དང་ཀློང་ལ་གོ་བའི་ཚུལ་ནི།

དེའང་གཡུང་དྲུང་ནི་དང་པོ་གཡུང་དྲུང་དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་དང།   གཉིས་པ་དེའི་ཀློང་དུ་འོད་ཆེན་གཞའ་ཚོན་རེ་བསྐོར་བའི་ཚངས་རྒྱུང་འཇིག་རྟེན་གྱི་ནམ་མཁའ་དང་བཅས་གཡུང་དྲུང་དང་འབྲེལ་བའི་ནམ་མཁའ་གཙོ་བོའི་ཆ་ནས་གཉིས་སུ་དབྱེས་ཆོག་ལ།  གཡུང་དྲུང་གི་མཚོན་དོན་ངོ་མ་གཏན་ལ་འབེབ་པར་བྱེད་པ་ལ། དང་ཐོག་གཡུང་དྲུང་གི་ངོ་བོའམ་བྱུང་ཁུངས་འཚོལ་རྒྱུ་དེ་གལ་ཆེན་པོ་ཡིན་པས་གཡུང་དྲུང་གི་མཚོན་དོན་ངོ་མ་དེ་གླེང་རྒྱུ་ཡིན།  ༡ དེའང་དང་ཐོག་གཡུང་དྲུང་དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་ཞེས་པ་དེའི་དོན་ནི། ཇི་སྐད་དུ། བོན་ཉིད་མི་འགྱུར་གཡུང་དྲུང་དབྱིངས་དཀྱིལ་དུ། ཞེས་པའི་ཚིག་དེ་བོན་དཔེ་ཁག་ནས་ཡང་ན་ཡང་དུ་གསུངས་པས། བོན་ཉིད་ཅེས་ངོ་བོ་སྟོང་པ་དང་། རང་བཞིན་གསལ་བ། རྣམ་པ་སྟོང་གསལ་དབྱེར་མེད་བཅས་ཁྱད་བོན་གསུམ་ལྡན་གྱི་བོན་ཉིད་དབྱིངས་ཀྱིས་ཀློང་ནས་འཁོར་འདས་ལམ་གསུམ་བོན་ཐམས་ཅད་མཐར་ཐུག་གི་འདུས་སོ་སྟེ། ཀུན་འབྱུང་བའི་གཞི་དང་གང་ཡང་འབྱུང་རུང་མ་འགག་པའི་ངོ་བོའི་རང་གཤིས་དེ་ལ་ཟེར་བ་ཡིན། མི་འགྱུར་གཡུང་དྲུང་ཞེས་དེ་ལྟར་བོན་ཉིད་དང་། སེམས་ཉིད། ནམ་མཁའི་དབྱིངས་ཉིད་བཅས་གསུམ་ནི་རིམ་པར་དོན་དང་། རྟགས། དཔེ་བཅས་གསུམ་ལ་སྦྱར་ཏེ་དེ་གསུམ་སོ་སོར་དབྱེ་རུ་མེད་པའི་མཚུངས་དཔེ་དང་ལྡན་པའི་སྒོ་ནས་དུས་གཏན་དུ་འགྱུར་བ་མེད་པར་མཚོན། དབྱིངས་དཀྱིལ་ཞེས་པ་ནི་ཇི་སྐད་དུ། དཔལ་ཀུན་འབུམ་གོ་འབྱེད་ལས།  དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་། ཞེས་པའི་གཡུང་དྲུང་གི་དབྱིངས་དེ་ནི། མུ་མེད་པ་གཡུང་དྲུང་གི་དབྱིངས། འབྱམས་ཡས་པ་གཡུང་དྲུང་གི་དབྱིངས། རྒྱ་མ་མ་ཆད་པ་གཡུང་དྲུང་གི་དབྱིངས། ཁ་གཏིང་མེད་པ་གཡུང་དྲུང་གི་དབྱིངས། དཔག་ཏུ་མེད་པ་གཡུང་དྲུང་གི་དབྱིངས། ཟད་པ་མེད་པ་གཡུང་དྲུང་གི་དབྱིངས། དོག་པ་མེད་པ་གཡུང་དྲུང་གི་དབྱིངས། བདལ་བ་མེད་པ་གཡུང་དྲུང་གི་དབྱིངས། འགྱུར་བ་མེད་པ་གཡུང་དྲུང་གི་དབྱིངས་བཅས་ལ་གཡུང་དྲུང་དབྱིངས་དགུ་ཞེས་ཁྱད་བོན་དགུ་ལྡན་གྱི་ནམ་མཁའ་དེ་ལ། དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་ཞེས་དང་། མི་འགྱུར་དབྱིངས་ཀྱི་ཡུམ་ཆེན་མོའི་ཀློང་ཞེས་དང་། ཡུམ་ཆེན་བ་གའི་ཀློང་ཞེས་སོགས་མིང་གི་རྣམ་གྲངས་འགའ་ཞིག་ཡོད། དེ་ལྟ་བུའི་གཡུང་དྲུང་གི་དབྱིངས་དེ་ནི་ཚངས་རྒྱུང་འཇིག་རྟེན་ཙམ་མ་ཟད་འཁོར་འདས་ཀྱི་བོན་ཀུན་བྱུང་སའི་གཞི་དེ་ལ་གོ་བས་ཀུན་གྱི་འབྱུང་གཞིའང་ཟེར།  དེ་ནི་ཚངས་རྒྱུང་འཇིག་རྟེན་ཁམས་ཀྱི་ནམ་མཁའ་གཅིག་བུ་ཙམ་ལ་གོ་བ་མིན་པར་ཤེས་དགོས།  དེའང་ཞང་ཞུང་སྙན་རྒྱུད་ལས། དབྱིངས་ནི་འགྱུར་བ་མེད་པ་ལ། འོད་ནག་པོ་ཤར་བ་ལ། ཕྱི་ལྟར་ན་འབྱུང་བ་མུན་པ་ཤར། ནང་ལྟར་ན་འབྱུང་བ་གཏི་མུག་ཉིད་དུ་གྲུབ། གསང་བ་ལྟར་ན་ངོ་བོ་འགྱུར་བ་མེད་པའི་བོན་གྱི་དབྱིངས་སུ་ཤར་རོ། དེ་ལྟར་ཟག་པ་མེད་པའི་ཡེ་ཤེས་སྣང་བ་ལས། ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་ཁམས་ཕྱོགས་མེད་པར་ཤར་ཏེ། དེ་ལྟར་འབྱུང་བ་ལྔ་ཡིས་མ་བསྐྱེད་པ་སྟེ། རྐྱེན་འབྱུང་བ་ལྔ་ཡིས་བཤིག་ཏུ་མེད་པས། ཞེས་དང་། དེའང་དབྱིངས་ཀྱི་ཁམས་ལས། བོན་གཡུང་དྲུང་གི་དབྱིངས་ཐམས་ཅད་སྟེང་འོག་མེད་པར་བདལ་པ་ཆེན་པོ་ཡེ་ནས་སངས་རྒྱས་པའི་ཕྱིར། ཞེས་དང་།  དཔལ་གསང་འདུས་དོན་རྒྱུད་ལས། འོག་མིན་གཡུང་དྲུང་གི་དབྱིངས་ནི་འཕོ་འགྱུར་དང་འཇིག་འབྲལ༔ སྔ་ཕྱི་དང་ཐོག་མཐའ༔ འགྱུར་ནུབ་དང་གསལ་འགྲིབ༔  ཆེ་ཆུང་དང་འབྲི་གང་མེད་པར་གནས་སོ། ཞེས་གསུངས་སོ།

༢ དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་དུ་འོད་ཆེན་གཞའ་ཚོན་རེ་བསྐོར་བའི་ཚངས་རྒྱུང་འཇིག་རྟེན་གྱི་ནམ་མཁའ་ནི།  དེའང་མདོ་གཟེར་མིག་གཡུང་དྲུང་ཀློང་རྒྱས་ལེའུ་ལས། སྟོང་གསུམ་འཇིག་རྟེན་ཤར་ཕྱོགས་ནས། དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་། རིན་ཆེན་འབར་པའི་བཅལ་བཀྲམ་ལ། འོད་ཆེན་གཞའ་ཚོན་བསྐོར་པའི་གླིང་། གདན་ཆེན་གཡུང་དྲུང་བཏིང་པའི་སྟེང་། མི་འགྱུར་གདན་ཆེན་གཡུང་དྲུང་གི། གྲུ་ཁུག་ཤར་ཕྱོགས་དཀར་པོ་ལ། ཞེས་སོགས་གཡུང་དྲུང་གི་ཤར་བྱང་ནུབ་ལྷོ་དབུས་བཅས་གསུངས་པས། དེ་ལྟར་གོང་གི་ཁྱད་བོན་དགུ་ལྡན་གྱི་དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་དུ། དགོས་འདོད་ཀུན་འབྱུང་ཡིན་བཞིན་ནོར་བུ་རིན་པོ་ཆེ་བཅལ་དུ་བཀྲམ་པ་ལྟ་བུའི་སྟོང་གསུམ་འཇིག་རྟེན་གྱི་ཁམས་བགྲངས་སུ་མེད་པ་དཔག་ཏུ་མེད་པ་དེ་ལ་ཚངས་རྒྱུང་འཇིག་རྟེན་གྱི་ཁམས་ཆགས་སའི་གཞི་མ་རེ་ལ་འོད་ཆེན་གཞའ་ཚོན་བསྐོར་བའི་གླིང་ཞིག་སྟེ།  གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས།  མངོན་རྫོགས་ལྗགས་ཀྱི་བདར་གོང་ནས། འོད་ཀྱི་འཁོར་ལོ་ཤུགས་ཀྱིས་འཕངས། དངོས་མེད་སྟོང་པའི་མུ་ལས་ཡས། ནམ་མཁའ་ལྔ་ཡི་གསལ་བཏབ་སྟེ། ཞེས་དང་། མདོ་གཟེར་མིག་ལས། འགྲོ་བ་སྤྱི་མཐུན་ལས་ཀྱིས་ནི། འོད་ཀྱི་འཁོར་ལོ་རང་བསྒྱུར་ལས། འབྱུང་བ་བཞི་པོ་རིམ་གྱིས་ཆགས། ནམ་མཁའ་སྟོང་པས་གོ་ཕྱེས་ཏེ།  ཞེས་དང་། རྒྱུད་ཏིང་མུར་གཡུ་རྩེ་ལས། དང་པོ་ཅི་ཡང་མེད་པའི་སྟོང་པ་ལས། ཡོད་མེད་གང་ཡང་མི་མངའ་ལ། ནམ་མཁའ་སྟོང་པ་ལ་འོད་ཀྱི་འཁོར་ལོ་ཁ་དོག་ལྔ་དང་ལྡན་པ་གཅིག་ཏུ་སྲིད། འོད་ཀྱི་འཁོར་ལོ་དེ་ལས་ཟེར་དུ་ཆད། ཟེར་ལས་འབྱུང་བ་ལྔ་ཡི་དྭངས་མ་སྲིད། ཟེར་ལས་རླུང་གི་འཁོར་ལོ། ཞེས་དང་། རྩ་རྒྱུད་སྟོང་རི་ཐོ་ཆེན་ལས། ཀུན་ཏུ་བཟང་པོས་སྣོད་བཅུད་ཆགས་པའི་སྨོན་ལམ་བཏབ་པ་ཡིས། ཞལ་གྱི་ངད་པ་ལས་འོད་ཀྱི་འཁོར་ལོ་རང་བསྒྱུར་ཅིག སྣང་མེད་ནམ་མཁའི་ངང་དུ་བསྲིད། ཞལ་ནས་ཧ་དང་ཧུ་ཡིས་བཏབ་པས། རླུང་གི་འཁོར་ལོ་རབ་ཏུ་བསྐོར་པས། རླུང་ནི་ཕྱེ་མ་ཕྱོད་དུ་སྲིད། ཅེས་དང་།  དཔལ་གསང་འདུས་དོན་རྒྱུད་ལས། ཞལ་གྱི་ངད་པ་ནམ་མཁའ་སྟོང་པའི་ཀློང་དུ་སྤྲོས་པ་ལས། ནམ་མཁའ་ལས་འབྱུང་བ་ལྔའི་བག་ཡོད་པ། ཐུགས་རྗེའི་ཤུགས་ཀྱིས་བཀུག་ནས། ཅི་ཡང་མེད་པའི་སྟོང་པ་ལས། ཅི་ཡང་གསལ་བའི་འོད་གཅིག་ཏུ་བྱུང་། འོད་དེ་ཡོངས་སུ་གྱུར་པ་ལས། འོད་ཀྱི་འཁོར་ལོ་རང་གིས་རང་སྒྱུར་བ་གཅིག་ཏུ་བསྲིད། འཁོར་ལོ་དེ་རང་གིས་རང་བསྒྱུར་བའི་ཤུགས་ལས། རླུང་ཕྱེད་དང་ཕྱོད་བསྲིད། ཅེས་སོགས་བདེར་གཤེགས་ཀྱིས་ཐུགས་རྗེ་དང་སེམས་ཅན་གྱི་ལས་རླུང་གིས་ནུས་མཐུ་ལས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཆགས་ཚུལ་རིམ་པར་འཁོད་ཡོད།  དེ་ལྟ་བུའི་འབྱུང་ལྔའི་ས་བོན་འོད་ཆེན་གཞའ་ཚོན་བསྐོར་བའི་དབུས་སུ་ཚངས་རྒྱུང་གི་འཇིག་རྟེན་གདན་ཆེན་གཡུང་དྲུང་གཏིང་པ་ལྟ་བུའི་སྟེང་ནི། འབྱུང་བ་ནམ་མཁའ་དཀར་པོ་དབུས་ཀྱི་ལྟེ་བ་བྱས་ཏེ་གཡུང་དྲུང་གི་དབྱིབས་སུ་གྲུབ་པའི་ཤར་ཕྱོགས་གྲུ་ཁུག་ནི་ས་སེར་པོ། བྱང་ཕྱོགས་ཀྱི་གྲུ་ཁུག་རླུང་ལྗང་ཁུ། ནུབ་ཕྱོགས་ཀྱི་གྲུ་ཁུག་མེ་དམར་པོ། ལྷོ་ཕྱོགས་ཀྱི་གྲུ་ཁུག་ཆུ་སྔོན་པོ་བཅས་སྦྱར་ཞིང་དེ་ལྟར་ནམ་མཁའ་དང་ས་རླུང་མེ་ཆུ་བཅས་འབྱུང་བ་ལྔ་ཡི་གཡུང་དྲུང་རེ་ལ་ལྷ་ལྟར་ན། ཞིང་ཁམས་ཆུང་ངུ་ཚོ་རེ་དང་། འཇིག་རྟེན་ལྟར་ན་ཚངས་རྒྱུང་རེ་རྩི་ཆོག་ཅིང་། དེའང་དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་དུ་འོད་ཆེན་གཞའ་ཚོན་བསྐོར་པའི་གཡུང་དྲུང་རེ་ལ་ཚངས་རྒྱུང་རེ་དང་། ཚངས་རྒྱུང་འཇིག་རྟེན་སྟོང(༡༠༠༠)ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་དང་། སྤྱི་ཕུད་འཇིག་རྟེན་སྟོང་(༡༠༠༠x༡༠༠༠༠༠༠)ལ་སྟོང་བར་མའི་འཇིག་རྟེན་གྱི་ཁམས། སྟོང་མར་མའི་འཇིག་རྟེན་གྱི་ཁམས་སྟོང་(༡༠༠༠༠༠༠ x ༡༠༠༠༠༠༠༠༠༠)ལ་སྟོང་གསུམ་གྱི་འཇིག་རྟེན་གཅིག་ཡིན་པའི་དེ་ལྟ་བུའི་སྟོང་གསུམ་འཇིག་རྟེན་ནི། སྟེང་འོག་ཕྱོགས་མཚམས་མེད་པར་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ཞིག་ཆགས་ཤིང་ཁྱབ་བདལ་དུ་གནས་ཡོད་པའི་ཚུལ་གསུངས་ཡོད།  དེ་ནི་གཡུང་དྲུང་ཀློང་རྒྱས་ལས་གཡུང་དྲུང་དབུས་ཀྱི་ལྟེ་བ་སེར་པོ་དང་ཤར་ཕྱོགས་དཀར་པོ་ཡིན་པ་གསུངས་མོད་འདིར་དབུས་ལྟེ་དཀར་པོ་ནི་རྒྱ་ཆེན་ཀུན་འབུམ་གོ་འབྱེད་གྱི་ལྷ་དང་འབྱུང་བ་ལ་སྦྱར་བ་ཡིན་ཞིང་དེ་ནི་དཔེ་ཆ་སོ་སོར་ལྷ་ཡི་སྦྱར་ཚུལ་སོགས་ཅུང་མི་འདྲ་བ་ཙམ་ལས།  དོན་དུ་ཀུན་འབུམ་གོ་འབྱེད་དང་གཡུང་དྲུང་ཀློང་རྒྱས་ལས་བྱུང་བའི་འདིའི་སྐོར་ཆགས་ཚུལ་དགོངས་དོན་གཅིག་ཏུ་བབས་ཡོད།  འདི་ལ་ངོ་མཚར་སྐྱེ་འོས་པ་ཞིག་ནི་དེང་གི་ཚན་རིག་སྐར་དཔྱད་རིག་པ་བའི་ཞིབ་འཇུག་གིས་དཔྱད་འབྲས་ལས་བྱུང་བའི་འཇིག་རྟེན་གོ་ལ་ཆ་ཚང་གཅིག་གི་དབྱིབས་ནི་གཡུང་དྲུང་དགའ་འཁྱིལ་ལྟ་བུ་ཡོད་པ་དང་། དེ་དང་འདྲ་བའི་ཕ་མཐའ་ཡས་པའི་སྟོང་གསུམ་འཇིག་རྟེན་རྩིས་དང་བགྲངས་སུ་མེད་པའི་འཇིག་རྟེན་གྱི་ཁམས་ཆགས་ཡོད་པའི་ཚུལ་གྱི་ལྟ་བ་དང་མཐུན་ཡོད་པ་དེ་རེད། འོ་ན། གཡུང་དྲུང་བོན་གྱི་དཔེ་ཆ་ལས་བྱུང་བའི་དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་གི་གཡུང་དྲུང་རེ་རེ་བཞིན་ཏུ། དབུས་ནམ་མཁའ། ཤར་ས། བྱང་རླུང་། ནུབ་ཆུ།  ལྷོ་རུ་མེ་ཡིན་པར་བཤད་པས་དེ་ཚན་རིག་པའི་ལྟ་ཚུལ་དང་མཐུན་ནམ་ཞེ་ན། དེ་ནི་འདི་ལྟར་ཏེ།  གཡུང་དྲུང་གི་ལྟེ་བ་དང་ཡན་ལག་གྲུ་ཁུག་བཞི་བཅས་ལྔ་ནི། ནང་ལྟར་ན་ཞེས་སྲིད་པ་ཡེ་དབང་རིགས་ལྔའི་ཆོ་གའི་བསྐྱེད་སྒོམ་དང་ཐད་སོར་སྦྱར་བའི་བརྡ་ཡིན་ཏེ།  ༡ གཡུང་དྲུང་དབུས་ཀྱི་ལྟེ་བར་འབྱུང་བ་ནམ་མཁའི་ཁམས་དཀར་པོ།  ལྷ་ནི་སྲིད་པ་སངས་པོ་འབུམ་ཁྲི་སྐུ་མདོག་དཀར།  བཟོ་རིག་པ། ༢ གྲུ་ཁུག་ཤར་ཕྱོགས་འབྱུང་བ་ས་ཡི་ཁམས་སེར་པོ།  ལྷ་ནི་ཡེ་དབང་ས་ཡི་རྒྱལ་པོ།  ཕྱི་རིག་པ།  ༣ གྲུ་ཁུག་བྱང་ཕྱོགས་སུ་འབྱུང་བ་རླུང་གི་ཁམས་ལྗང་ཁུ། ལྷ་ནི་ཡེ་དབལ་མཐུ་སྟོབས་རྒྱལ་པོ།  ནང་རིག་པ།  ༤ གྲུ་ཁུག་ནུབ་ཕྱོགས་སུ་འབྱུང་བ་མེ་ཡི་ཁམས་དམར་པོ། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ།  སྒྲ་རིག་པ།  ༥ གྲུ་ཁུག་ལྷོ་ཕྱོགས་སུ་འབྱུང་བ་ཆུ་ཡི་ཁམས་སྔོན་པོ།  ཡེ་རྗེ་སྨན་ལྷའི་རྒྱལ་པོ། གསོ་བ་རིག་པ་བཅས་འབྱུང་བ་ལྔ་ལྷ་ལྔ་རིག་པའི་གནས་ལྔ་བཅས་ནི་ཐད་ཀར་གཡུང་དྲུང་གི་ཡན་ལག་རེ་ལ་སྦྱར་བ་ཡིན། ད་དུང་རྒྱས་པར་བཤད་ནས།  སྣང་བའི་འོད་ལྔ། འབྱུང་བའི་དབྱིངས་ལྔ། བ་གའི་ཀློང་ལྔ། རྟེན་པའི་གཞི་ལྔ།  ཞིང་ཁམས་ལྔ།  ཡི་གེ་ལྔ། སྣོད་ཀྱི་འབྱང་བའི་རྒྱུ་ལྔ། ནང་གི་འབྱུང་བའི་བཅུད་ལྔ།  སྦྱོད་པའི་ཡུལ་ལྔ། རྒྱུ་དུག་ལྔ། རིགས་ལྔ་སོགས་དེ་ལྟར་འབྱུང་བ་ལྔ་ལ་ཐད་སོ་ཐད་སོར་སྦྱར་བའི་ཚུལ་ལྔ་ལྔ་མང་པོ་ཡོད་ཅིང་དེའི་སྐོར་ཞིབ་རྒྱས་འཁོད་ཡོད་ལ། གསང་སྔགས་རྒྱུད་སྡེ་ཁག་ཏུ་དཀྱིལ་ཆོག་སོ་སོའི་ལྷའི་མི་འདྲ་བར་བསྐྱེད་སྒོམ་གྱི་ཆེད་དུ་སྦྱོར་ཚུལ་མི་འདྲ་བ་ཡོད། དེ་བཞིན་རྒྱུ་སྐར་ཉེར་བརྒྱད་པོ་ས་རླུང་མེ་ཆུ་ཕྱེས་ཏེ་ཕྱོགས་བཞིར་བདུན་རེ་བདུན་རེ་བཀོད་ཡོད།  མདོར་ན་དེ་དག་ནི་མཐོང་སྣང་དང་ཉམས་སུ་ལེན་ཚུལ་མི་འདྲ་བ་དབང་གིས་ཕྱི་ནང་གསང་གསུམ་དུ་དབྱེས་ཡོད། འདིར་ཕྱི་ལྟར་ན་ཞེས་ཕྱི་དངོས་པོའི་གྲུབ་ཚོད་ཀྱི་ངོས་ལ་བཤད་པ་སྟེ། དེའང་དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་དུ་འབྱུང་བ་ལྔ་ལས་གྲུབ་པའི་ཚངས་རྒྱུང་འཇིག་རྟེན་གྱི་མཁའ་ནི་རང་བཞིན་གསལ་ཞིང་སྣང་མེད་གོ་འབྱེད་པར་བྱེད་པ་ཀུན་ནི། འབྱུང་བ་ནམ་མཁའ་ལ་ངོས་འཛིན་ཞིང་།  ཡང་ཞིང་གཡོ་བས་ཀུན་འདེགས་པར་བྱེད་པ་དང་སྲོག་འཛིན་པ་ཀུན་ནི། འབྱུང་བ་རླུང་ལ་ངོས་འཛིན།  གསལ་ཞིང་ཚ་བས་དྲོད་འབེབ་པ་དང་སྨིན་པར་བྱེད་པ་ཀུན་ནི། འབྱུང་བ་མེ་རུ་ངོས་འཛིན།  གཤེར་ཞིང་བརླན་པས་ཀུན་གསོ་བ་དང་སྡུད་པར་བྱེད་པ་ཀུན་ནི། འབྱུང་བ་ཆུ་རུ་ངོས་འཛིན།  མངོན་སུམ་སྣང་ཞིང་སྲ་ཞིང་བརྟན་པས་ཀུན་བསྐྱེད་པ་དང་ཆགས་པར་བྱེད་པ་ཀུན་ནི། འབྱུང་བ་ས་རུ་ངོས་འཛིན་བྱེད་པ་བཅས་འབྱུང་བ་གཅིག་གིས་གཅིག་བསྐྱེད་ཅིང་འབྱུང་བ་ལྔ་ལ་རྟེན་མ་བཅས་པའི་འཇིག་རྟེན་གྱི་ཁམས་ཤིག་དང་དངོས་པོར་གྲུབ་པའི་བོན་གཅིག་ཀྱང་མེད་པ་འདི། སངས་རྒྱས་ཀྱི་ཐུགས་རྗེ་དང་། སེམས་ཅན་གྱིས་ལས་རླུང་དབང་གིས་འཇིག་རྟེན་གྱི་ཁམས་འདིར་མཁའ་གསལ་སྣང་མེད་འོད་ཀྱི་གོང་བུའི་ཀློང་དུ་གཡུང་དྲུང་འཁྱིལ་བ་རེ་རེར་གྲུབ་པའི་ཚུལ་གསལ་བར་བསྟན་པ་ཡིན་པས། དེ་ལ་ཚངས་རྒྱུང་འཇིག་རྟེན་ཞེས་བརྗོད་པ་ཡིན། རྒྱུན་ལྡན་དུ་གཡུང་དྲུང་གི་རི་མོ་འབྲི་བའི་སྐབས་སུ་གྲུ་ཁུག་རེ་ལ་ཐིག་ལེ་རེ་འབྲི་བས་འབྱུང་བ་བཞི་དང་དབུས་ཀྱི་ལྟེ་བ་བཅས་འབྱུང་ལྔ་མཚོན་བྱེད་ཡིན་པར་འདོད།  དེ་བཞིན་བོན་གྱི་དཔེ་ཆ་ཁག་ཏུ་ནམ་མཁའ་ལ་ཚོན་དོག་མི་འདྲ་གསུམ་ཏུ་བསྟན་ཡོད་དེ།  བོན་ཉིད་མི་འགྱུར་གཡུང་དྲུང་དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་དང་།  འབྱུང་བ་ལྔ་ཡི་ཡ་གྱལ་ནམ་མཁའི་དཀྱིལ་འཁོར་དཀར་པོ་དང་།  ནམ་མཁའི་མདོག་སྔོ་པོ་བཅས་ནམ་མཁའ་ལ་ཁ་དོག་གསུམ་ཡོད་པའི་ཚུལ་གསུངས་ཡོད་པ་དེའི་རྒྱུ་མཚན་ནི་རིམ་པ་བཞིན་ཏུ་དབྱིངས་ཀྱི་ནམ་མཁའ་མཐའ་ཡས་པ་ཀུན་གྱི་འབྱུང་གཞི།  ཀློང་གི་ནམ་མཁའ་ནི་ཚངས་རྒྱུང་གི་འཇིག་རྟེན་ཀུན་གྱི་གཞི། མཁའ་ཡི་ནམ་མཁའ་ནི་ཆུ་ཡི་འོད་ནམ་མཁའ་ལ་ཕོག་པའི་བར་སྣང་དུ་ང་ཚོས་མཐོང་བཞིན་པའི་ནམ་མཁའ་བཅས་ཁ་དོག་གསུམ་དབྱེས་ཡོད།  ནམ་མཁའི་དབྱིབས་ནི་གོང་དུ་བཤད་པ་ལྟར་གྱི་འོད་ཆེན་གཞའ་ཚོན་སྐོར་བའི་གླིང་ཞེས་པ་དེ་དང་། ནང་ལྟར་ན་ཨ་ལས་ནམ་མཁའི་དཀྱིལ་འཁོར་དཀར་པོ། ཡང་ནམ་མཁའི་དཀྱིལ་འཁོར་མཐིང་ཀའམ་སྔོན་པོ་རྒྱ་ཁྱོན་ཚད་ལ་འདས་པ་ཞེས་བྱུང་བས་དབྱིབས་ཟླུམ་པོ་ལྟ་བུར་མུ་མེད་པ། ཡང་ན་ཕུར་པ་སོགས་ཨེ་ལས་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ་མུ་མེད། ཞེས་པ་རྩ་བ་ཐུར་དུ་ཟུག་པ་ཁ་རྒྱ་ཆེ་བ་གྱེན་ཏུ་བསྟན་པ་རྒྱ་ཚད་མཐའ་ལས་འདས་པ་ཞེས་གསུངས་ཤིང་དེ་ལྟར་གསང་སྔགས་ལྷའི་དཀྱིལ་ཆོག་སོ་སོར་མི་འདྲ་བ་ཡོད།  དེ་ལྟར་དབྱིངས་ཆེན་འབྱམས་ཡས་ནག་པོ་ཞེས་ནམ་མཁའ་ལ་ཁ་དོག་ཡོད་པ་ནི་ཕྱིའི་མཐོང་སྣང་དང་འབྲེལ་བའི་བཏགས་པ་ཙམ་ལས། དོན་དུ་དེ་ལ་མཐའ་དབུས་དང་འགྱུར་ནུབ།  དབྱིབས་གཟུགས་དང་ཁ་དོག  སྟེང་འོག་དང་ཕྱོགས་མཚམས་སོགས་མེད་པའི་སྟོང་ཆེན་གྱི་ཀློང་དུ་ཅིར་ཡང་ཤར་དུ་རུང་ཞིང་ཅིར་ཡང་སྣང་དུ་རུང་བ་ཞིག་གོ །   འདིར་ཕྱི་རིག་པའི་བོན་སྡེ་རྒྱ་ཆེན་ཀུན་འབུམ་གོ་འབྱེད་དང་མདོ་གཡུང་དྲུང་ཀློང་རྒྱས་སོགས་གཙོར་སྟོན་ཞིང་། དབྱིངས་ཆེན་འབྱམས་ཡས་ནག་པོའི་ཀློང་ནས་འོད་ཆེན་གཞའ་ཚོན་བསྐོར་བའི་གཡུང་དྲུང་གི་མཚོན་དོན་ཏེ། ནམ་མཁའི་གོ་ལའམ་ཚངས་རྒྱུང་འཇིག་རྟེན་གྱི་སྐོར་བཤད་ཚུལ་འདི་ནི་དེང་གི་ཚན་རིག་སྐར་དཔྱད་རིག་པ་བའི་ཞིབ་འཇུག་གིས་དཔྱད་འབྲས་ལས་བྱུང་བའི་འཇིག་རྟེན་གོ་ལ་ཆ་ཚང་གཅིག་གི་དབྱིབས་ནི་གཡུང་དྲུང་དགའ་འཁྱིལ་ལྟ་བུ་ཡོད་པ་ངོས་འཛིན་ཚུལ་གྱི་ལྟ་བ་ཕར་ཆེར་མཐུན་པ་ལྟ་བུར་སྣང་མོད།  ཡིན་ནའང་བོན་སྡེ་ཁག་ནས་གསུངས་བའི་རི་རབ་གླིང་མཚོའི་ཉི་ཟླ་གཟའ་སྐར་སོགས་ལ་དབུས་ལྟེ་སུ་ཡིན་དང་ཆེ་ཆུང་དང་བར་ཐག་སོགས་ཆགས་ཚུལ་སོགས་ཀྱི་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་ཡིན་ནོ། །

གཡུང་དྲུང་ནི་སངས་རྒྱས་དགོངས་དབྱིངས་མཐར་ཐུག་དང་ཐེག་ཆེན་པའི་སེམས་ཀྱིས་དམ་བཅའ་ལ་མཚོན་པའི་ཚུལ། 

༡ དེའང་སངས་རྒྱས་ཀྱི་དགོངས་པ་གོང་དུ་བཤད་པ་བཞིན་ཏུ་བོན་ཉིད་མི་འགྱུར་མི་འགྱུར་གཡུང་དྲུང་དབྱིངས་དཀྱིལ་དུ། ཞེས་བྱུང་བ་བཞིན་འཇིག་རྟེན་འཁོར་བའི་གནས་ལུགས་ཀྱི་ངོ་བོའམ་རང་བཞིན་མཐར་གཏུགས་ས་དེ་ཡིན་ལ། སངས་རྒྱས་ཀྱི་མཐར་ཐུག་གི་དགོངས་པ་མཐར་ཐུག་གི་ངོ་བོ་དང་ཆ་མཚུངས་པར་བསྟན་ཡོད། དེའང་འདིར་དཔེར་མཚོན་ཙམ་ལུང་ཚིག་འགའ་ཞིག་དྲངས་ནས། གཡུང་དྲུང་ཀློང་རྒྱས་ལས། དངོས་པོ་ཁ་དོག་དབྱིངས་སུ་གྲུབ་པ་རྣམས། ངེས་པའི་དོན་དུ་བསྟན་པ་མ་ཡིན་པས། བོན་ཉིད་སེམས་ཉིད་ནམ་མཁའི་དབྱིངས་ཉིད་རྣམས། དངོས་པོ་མེད་པའི་ཐིག་ལེ་དབྱིངས་སུ་བསྐྱོད། གཏན་ཏུ་དེ་ལྟ་བུ་ཡང་མ་ཡིན་མི་བཟུང་སྟེ། དངོས་པོ་མཚན་མ་སྣང་བའི་སེམས་ཅན་རྣམས། འཁོར་བའི་གནས་ནས་ཐར་པར་དྲངས་བའི་ཕྱིར། དེ་དང་མཐུན་པར་བསྟན་པར་ཡང་དྲངས་འཚལ། ཞེས་དང་། བོན་ཉིད་སེམས་ཉིད་ནམ་མཁའི་དབྱིངས་ཉིད་གསུམ། ཡེ་ནས་སྐྱེ་བ་མེད་པ་སྐྱེ་བའི་ཆོ་འཕྲུལ་འབྱུང་།  དོན་དུ་སྐྱེ་བ་མེད་པས་སྐྱེ་བ་འབྱུང་། སྐྱེ་བ་ཉིད་ལ་སྐྱེ་བ་མེད། དེའི་ཕྱིར་ན་མི་སྣང་བའི་སྣང་བ་ཚོགས་ཞེས་བྱའོ།  ཡོན་ཏན་དེ་ལྟར་དང་ལྡན་ནས་སྡོད་འགྲོ་བའི་དོན་ནུས་ཏེ། སེམས་ཅན་གྱི་རྒྱུ་དུག་ལྔའི་ས་བོན། རྩི་རྣམ་པ་ལྔ་རུ་གྱུར་ཏེ། ཞེས་གསུངས་པ་དང་། དེ་བཞིན་གོང་གི་གཡུང་དྲུང་གི་དབྱིངས་དགུ་ནི་སངས་རྒྱས་ཀྱི་དགོངས་པ་དང་གཡུང་དྲུང་བོན་ལ་ཐད་ཀར་སྦྱར་ཡོད་ལ།  སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོགས་དང་འཁོར་འདས་ལམ་གསུམ་གྱི་བོན་ཐམས་ཅད་ཟད་པ་མེད་པ་གཡུང་དྲུང་གི་དབྱིངས་སུ་སངས་རྒྱས་པའི་ཚུལ་མདོ་སྔགས་སེམས་གསུམ་ཀུན་ལ་ཟབ་རྒྱས་སུ་བསྟན་ཡོད།  འདིར་དཔེར་མཚོན་ཙམ་ལུང་འདྲེན་བྱས་ན་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ལས། བོན་སྐུ་ཐིག་ལེ་ཉག་གཅིག་ཀུན་ཏུ་བཟང་། བོན་ཉིད་འགྱུར་བ་མེད་པ་གཡུང་དྲུང་དབྱིངས། བདེ་ཆེན་ངང་ལས་མི་གཡོ་རྣམ་རྟོག་མེད། དབྱིངས་ཀྱི་རང་བྱུང་ཡེ་ཤེས་ཆེན་པོ་དང་། དོན་གྱི་རང་རིག་ཡེ་ཤེས་དྲི་མེད་འདྲེས། དུས་གསུམ་དུས་མེད་ཀ་དག་མངོན་དུ་གྱུར། ཐིག་ལེ་ཉག་གཅིག་གཡུང་དྲུང་སྐུ་མངའ་བ། བོན་སྐུ་བདེ་བ་ཆེན་པོའི་ངང་དུ་བཞུགས། ཞེས་གསུངས་སོ།

༢ དེ་བཞིན་ཐེག་པ་ཆེན་པོའི་གང་ཟག་ལ་གཡུང་དྲུང་སེམས་དཔའ། གཡུང་དྲུང་སེམས་མ། གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བརྗོད་ཅིང་དེ་ལ་ཞང་ཞུང་གི་སྐད་དུ། གྱེར་དྲུང་མུའི་ཁྲི་པ་དང་། གྱེར་དྲུང་མུའི་ཁྲི་པའི་ཁྲི་པ་ཆེན་པོ་ཞེས་བརྗོད་ཡོད། དེ་ནི་རང་ཉིད་གཅིག་བུ་ཙམ་མ་ཡིན་པ་གཡུང་དྲུང་གི་ཀློང་ལྟར་ནམ་མཁའི་མཐའ་དང་མཉམ་པའི་ཁམས་གསུམ་དུ་གནས་པའི་སེམས་ཅན་ཀུན་སངས་རྒྱས་ཀྱི་འབྲས་བུ་མ་ཐོབ་ཀྱི་བར་དུ་དེའི་དོན་མཛད་པའི་སེམས་རབ་ཏུ་དཔའ་བ་དེ་ཉིད་འགྱུར་བ་མེད་པའི་དམ་བཅའ་ཆེན་མོའི་དོན་ཡིན་པས་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་མོ་ཞེས་བརྗོད་པ་ཡིན་ནོ། ། དེ་ལྟར་བོན་ལུགས་ཀྱི་ངོས་ལ་བཤད་ནས་མི་འགྱུར་བའི་གཡུང་དྲུང་དབྱིངས་གཅིག་བུ་འདི་ལ། ཕྱི་ལྟར་ན་ཁམས་གསུམ་འཁོར་བའི་སེམས་ཅན་གྱི་སྣང་ངོར་འཇིག་རྟེན་གྱི་ཁམས་དང་། ནང་ལྟར་ན་གཡུང་དྲུང་ས་བཅུའི་གཡུང་དྲུང་སེམས་དཔའི་སྤྱོད་ཡུལ་གྱི་མཁའ་སྤྱོད་གནས་དང་སངས་རྒྱས་ཀྱི་དག་པའི་ཞིང་ཁམས། གསང་བ་ལྟར་ན་སེམས་ཉིད་རིག་པའི་གནས་ལུགས་ཀྱི་དགོངས་པ་བཅས་བརྗོད་བྱ་ངོ་བོའི་གནས་ལུགས་ཀྱི་ལྟ་བ་གཏིང་ཟབ་ཏུ་ཟབ་ཏུ་སོང་བས་དེ་ལྟར་གནས་སྟངས་ཀྱི་ངོས་ལ་མཐོང་ཚུལ་མི་འདྲ་བའི་དབང་གིས་རྗོད་བྱེད་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་འགའ་ཞིག་ཡོད་པ་ཡིན་མོད་མཐར་ཐུག་གི་དགོངས་པ་གཅིག་ཏུ་བབས་ཡོད་པ་ཡིན་ནོ། །

གཡུང་དྲུང་བོན་དང་གཡུང་དྲུང་བོན་ལུགས་སུ་གཡུང་དྲུང་རི་མོ་ནི་གྲུབ་མཐའི་མཚོན་དོན་གྱི་སྐོར།
༡ སྤྱིར་གཡུང་དྲུང་བོན་ཞེས་བཏགས་དོན་ནི་གོང་དུ་བསྟན་པ་ལྟར་མི་འགྱུར་བ་དབྱིངས་ཀྱི་དགོངས་དོན་ཇི་བཞིན་ཉིད་དེ་ཡིན་ཞིང་། སྒོས་སུ་ད་ལྟ་འཇིག་རྟེན་གྱི་ཁམས་སུ་གཡུང་དྲུང་གི་རི་མོ་ཐོག་མར་དར་བའི་ཚུལ་ལོ་རྒྱུས་ཀྱི་ཁུངས་ནི།  མདོ་འདུས་ལས། དེ་ནས་སྟོན་པ་གཤེན་རབ་ལ། ཐུགས་སྲས་རྨ་ལོ་གཡུ་ལོ་ཡིས།  ཨེ་མ་སྟོན་པ་ཐམས་ཅད་མཁྱེན།  ནམ་མཁས་ཁྱབ་པའི་འགྲོ་བ་ལ། སྟོན་པའི་ཐུགས་རྗེ་ཅི་ལྟར་ཤར།  གཤེན་རབ་ཡབ་ཀྱིས་བཤད་དུ་གསོལ།  ཅེས་ཞུས། སྟོན་པས་བཀའ་བསྩལ་པས།  ཀྱེ་མ་འདུས་པའི་འཁོར་རྣམས་ཉོན།  མུ་རྒྱུང་ཆགས་པའི་དང་པོ་ལ།  ཏིང་ནམ་མུར་ཟངས་སྟེང་དུ་ནི། གསེར་གྱི་པད་མ་འདབ་མ་སྟོང་།  གཡུ་ཡི་གཡུང་དྲུང་བཀྲ་བ་བརྡོལ།  དེ་ལ་གནས་གཙང་ལྷ་རྣམས་ཀྱིས།  བསྐལ་པ་འདི་ནི་བཟང་པོའོ།  འགྲོ་བ་འདྲེན་པའི་དོན་གྱི་ཕྱིར། བདེ་བར་གཤེགས་པ་སྟོང་རྩ་བརྒྱད།  འབྱུང་བའི་སྔ་ལྟས་ཆེན་པོའོ། དགེའོ་དགེའོ་རབ་ཏུ་དགེའོ།  ཨེ་མ་ངོ་མཚར་ཆེ་ཞེས་བརྗོད། ཅེས་གསུངས་ཤིང་མདོར་ན་བསྐལ་པ་འདི་དང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་ཐོག་མར་ཆགས་པའི་སྐབས་སུ་བཀྲ་ལྟས་བཟང་པོ་དེ་ལྟར་བྱུང་བས།  ད་ལྟའི་གོ་ལའི་ཡུན་གྱི་བསྐལ་པ་འདི་ནི་མུ་རྒྱུང་ཞིང་གི་བསྐལ་པ་བཟང་པོ་ཞེས་དང་།  དེའི་རིང་དུ་འདུལ་བྱེད་སྟོན་པ་ནི་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་དང་།  བསྐལ་བཟང་སངས་རྒྱས་རྣམས་ཀྱི་ནང་ནས་ད་ལྟའི་སྟོན་པ་གཤེན་རབ་མི་བོའི་བསྟན་པ་གཅིག་བུ་ཙམ་མིན་པ་དེ་ཀུན་གྱི་བསྟན་པ་ལ་གཡུང་དྲུང་བོན་ཞེས་བརྗོད་པ་ཡིན་པས།  དེ་ལྟར་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་ཀྱི་ནང་ནས་རྣམ་འདྲེན་བརྒྱད་པ་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་རྩིས་པའི་སངས་རྒྱས་རབས་བརྒྱད་བྱོན་ཚར་བས་གཡུང་དྲུང་འདི་ལོ་རྒྱུས་ཧ་ཅང་རིང་པོ་ཡིན་པར་འདོད་དོ།།  བསྐལ་བཟང་སངས་རྒྱས་བྱོན་ཚུལ་སྐོར་གྱི་གསུངས་ཚུལ་འདི་དང་ཆ་འདྲ་བས་བོད་བརྒྱུད་ཐུབ་བསྟན་གྱིས། ཆོས་འབྱུང་རིན་གཏེར་དང་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ཤེས་བྱ་རབ་གསལ་སོགས་ལོ་རྒྱུས་འགའ་ཤས་ལ་ལུང་འདྲེན་བྱས་ཏེ་དེའི་ཁུངས་ནི་སྙིང་རྗེ་པདྨ་དཀར་པོ་ལ་ཡིན་ཚུལ་གསུངས་འདུག་ཀྱང་། འཕགས་པ་སྙིང་རྗེ་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཁོ་བོས་བཙལ་བས་མ་རྙེད་དོ།།

༢ དེ་ལྟར་གཡུང་དྲུང་བོན་ཞེས་པའི་ཚིག་འགྲེལ་ནི།  གཤེན་རབ་མཛད་མདོ་གཟེར་མིག་ལས། གཡུང་ཞེས་བྱ་བ་དོན་ལས་མི་ཡེངས་པ། དྲུང་ཞེས་བྱ་བ་རྟགས་ལས་མི་འགྱུར་བ།  བོན་ཞེས་བྱ་བ་དབྱིངས་ཉིད་བདལ་བའི་ཀློང། ཞེས་དང་།  གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། ཁྱད་པར་སྲིད་པ་སྐོས་ཀྱི་ཆག་ཤིང་ནི། སྡེ་སྣོད་བཅོ་བརྒྱད་གསལ་བའི་གཤེན་རབ་ཀྱིས།  གཤེན་རབ་བདག་བཞིན་ཕྱག་ཏུ་བརྟན་བྱས་ཤིང།  བསྟན་པ་ཀུན་གྱི་ཀླད་དུ་འདི་བསྐོར་ན། གཡུང་དྲུང་བོན་གྱི་རྒྱལ་མཚན་བཙུགས་ནས་ཀྱང།  རྟག་ཆད་ལོག་ལྟ་ཐེ་ཚོམ་ཟིལ་གྱིས་གནོན། ཞེས་སོགས་དེ་བཞིན་གཡས་གཡོན་ལ་གཡུང་དྲུང་གཉིས་དང་བར་གྱི་ལྕུམ་གཞོག་ཏུ་པད་མའི་རི་མོ་ཡོད་པ་ཕྱག་ཏུ་བསྣབས་པའི་གཡུང་དྲུང་ཆག་ཤིང་ཞེས་སྟོན་པ་འཆི་མེད་གཙུག་ཕུད་དང་། སྟོན་པ་གཤེན་རབ་སོགས་བོན་ལྷ་མང་པོ་ཡོད། དེ་བཞིན་གཡུང་དྲུང་བོན་མདོ་སྔགས་སེམས་གསུམ་སོགས་མཚོན་དོན་གྱི་སྐོར་ཞིབ་པར་སྐྱབས་རྗེ་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གིས་གསུངས་འབུམ་ལས་སྟབས་བདེ་གསལ་བས་འདིར་སྤྲོས་པ་སྐྱུངས་བ་ཡིན། མདོར་ན་གཡུང་དྲུང་བོན་ལུགས་སུ་གཡུང་དྲུང་གི་བྱུང་ཁུངས་དང་མཚོན་དོན་ནི་དེ་ལྟར་ཞིག་ཏུ་ངེས་པ་ཡིན་ལ། གཡུང་དྲུང་གི་རི་མོ་ནི་བྱུང་ཁུངས་དང་རྒྱུ་མཚན་ངེས་ཅན་ཞིག་ལ་བསྟེན་ཏེ་གཏན་ལ་ཕབས་ཡོད་པ་ནི་སེམས་ལ་ངེས་དགོས།  དེ་ལྟར་ཡུལ་ཁམས་གང་སར་གཡུང་དྲུང་རི་མོ་ནི་འགྱུར་བ་མེད་བ་དང་བཀྲ་ཤིས་པའི་མཚོན་བྱེད་བརྩི་བཞིན་པ་ནི་རྒྱུ་མཚན་འདི་ལ་ཐུག་ཡོད་ངེས་ཡིན། གཞན་དུ་ན་ཁུངས་ལུང་གང་ཡང་མེད་པའི་རི་མོ་ཞིག་ལ་དེ་ལྟར་རྩ་ཆེན་རྩི་དོན་མེད།   མཁས་པ་འགའ་ཤས་ཀྱིས་གཡུང་དྲུང་གི་རི་མོ་ནི་ཉི་མའི་རི་མོ་ལ་འགྱུར་བ་ཐེབ་ཅིང་མཐར་གཡུང་དྲུང་གི་རི་མོར་གྲུབ་ཚུལ་ཤོད་མཁན་འདུག་མོད།  དེ་ནི་གཡུང་དྲུང་བོན་ལུགས་ལྟར་ན་ཉི་ཟླ་སྐར་གསུམ་ནི་བཀྲ་ཤིས་པའི་མཚོན་བྱེད་དང་གནས་སྐབས་འགྱུར་བ་མེད་པའི་མཚོན་བྱེད་ཙམ་ལས་གཏན་དུ་འགྱུར་བ་མེད་པའི་གཡུང་དྲུང་གི་དབྱིངས་དགུའི་ཁྱད་བོན་དེ་འདི་ལ་སྦྱར་མེད་ཅིང་མ་ཟད་ཉི་ཟླ་སྐར་གསུམ་ནི་ཚངས་རྒྱུང་འཇིག་རྟེན་གྱི་ཁམས་རེ་རེའི་ནང་གི་ཆ་ཤས་རེ་ཡིན་པས་སོ། །

   མཐོ་སྒང་ནས་ཡུལ་གཞན་དུ་གཡུང་དྲུང་གི་རི་མོ་དར་ཁྱབ་སོང་པའི་ཚུལ།
དེ་ལྟར་གཡུང་དྲུང་གི་རི་མོ་འདི་ནི་ཆེས་གནའ་བོའི་དུས་སུ་མཐོ་སྒང་གངས་ཅན་བསིལ་མོའི་ལྗོངས་སུ་དར་ཞིང་གཡུང་དྲུང་བོན་གྱི་གྲུབ་མཐའི་མཚོན་བྱེད་ཅིག་ཡིན་པ་ནི་གོང་དུ་བཤད་པ་བཞིན་ཡོངས་གྲགས་སུ་ཆགས་ཡོད།  གནའ་བོའི་རི་མོ་དང་གནའ་ཤུལ་ཁྲོད་ནས་རྙེད་སོན་བྱུང་ཞིང་ད་ལྟ་ང་ཚོས་མཐོང་བཞིན་པའི་གཡུང་དྲུང་གི་རི་མོ་རྙིང་ཤོས་ནི། མཐོ་སྒང་ཞང་ཞུང་ངམ་བོད་ཡུལ་སྟོད་སྨད་འབྲེལ་བའི་ས་ཆ་གང་སར་གནའ་བོའི་རྡོ་བརྐོས་ཀྱི་རི་མོ་སོགས་དང་།  དེ་བཞིན་གནའ་དཔྱད་རིག་པ་བས། དབྱི་རན་གྱི་ཨ་ཆི་སི་ཐན་དང་། ཨུ་རུ་སིའི་ཝུའུ་ལར་རི་བོའི་ལྷོ་ཁུལ་གྱི་ཞིན་ཏཱ་ཞོ་ཐ། མོ་ཧེ་ཇོ་དར་རོ་དང་། ཧ་ར་པའི་གནའ་ཤུལ་སོགས་ཆུ་བོ་སིན་དྷུའི་རྒྱུད་ནས་རྙེད་པའི་མནའ་རྫས་ཁག་ལ་གཡུང་དྲུང་གི་རི་མོ་དེ་འདྲ་རྙེད་སོན་བྱུང་ཡོད་པར་བརྗོད་ཅིང་ཁོ་ཚོས་བཤད་པ་ལྟར་ན། གཡུང་དྲུང་གི་རི་མོ་ནི་རྡོ་ཆས་གསར་མའི་དུས་རབས་སུ་བྱུང་བར་མངོན་ཞེས་བརྗོད།  དེ་ལྟར་གཡུང་དྲུང་གི་རི་མོ་འདི་ཐོག་མར་མཐོ་སྒང་གངས་ཅན་བསིལ་མོའི་ལྗོངས་ནས་དར་ཞིང་དེ་ནས་ཆུ་བོའི་རྒྱུད་ཀྱི་རིག་གནས་དར་ཁྱབ་དང་མིའི་རིགས་འཕོ་སྐྱས་ཀྱི་ཤེས་རིགས་འཕེལ་ཕྱོགས་ལ་བརྟེན་ནས་གཡུང་དྲུང་གི་རི་མོ་གང་སར་ཁྱབ་ཅིང་འཕེལ་ཡོད་པའི་ཚུལ་ནི་གཡུང་དྲུང་གི་མཚོན་དོན་ཙམ་གྱིས་གོ་བར་ནུས་པ་ནི་ཟུར་ལྟས་ལེབ་མཐོང་ཡིན་པས་འདིར་རྒྱས་སྤྲོས་མི་བྱ།   མདོར་ན་གནའ་བོའི་དུས་སུ་མཐོ་སྒང་བསིལ་མོའི་ལྗོངས་ནས། ཆུ་བོ་སིན་དྷུ་དང་། གང་གཱའི་རྒྱུད་ནས་དར་བ་དང་། དེ་བཞིན་ཨརྱ་ཎའི་མི་བརྒྱུད་གང་ལ་སླེབས་པའི་ཡུལ་ཁམས་དེ་དག་ལ་གཡུང་དྲུང་གི་རི་མོ་དར་ཡོད་པ་སྟེ། གནའ་བོའི་པར་སིག་གི་རིག་གནས་དང་། གནའ་བོའི་གྷི་རི་སི།  ཨེ་ཅིབ། རྒྱ་གར། ཀྲུང་གོའི་མཱ་ཅཱ་ཡའོ་སོགས་གནའ་བོའི་རྒྱུན་སྲོལ་རིག་གནས་ཀྱི་ཁྲོད་དུ་གཡུང་དྲུང་གི་རི་མོ་སྔ་མོའི་དུས་སུ་ཡུལ་ཁམས་དེ་དག་ལ་དར་ཁྱབ་བྱུང་ཡོད།  ཞིབ་འཇུག་པས། ཉི་ཧོང་དང་། ཧྥུན་ལན། འཇར་མན་སོགས་ཀྱི་གཡུང་དྲུང་གི་རི་མོ་དག་ནི་དུས་ཕྱིས་སུ་དར་བར་འདོད།  དེ་ལྟར་ཨརྱ་ཎའི་མི་རིགས་ཀྱི་རིག་གནས་ཁྲོད་དུ་གཡུང་དྲུང་གི་རི་མོ་དང་། རྫ་མ། ཐོག་ལྕགས། གཟི་སོགས་ལ་དགའ་པོ་བྱེད་པའི་ཚུལ་བརྗོད་པ་ལྟར་ན།  གནའ་དཔྱད་རིག་པ་བ་ཚོས་དེའི་ཁུངས་ཡང་དག་ཅིག་འཚོལ་ཐུབ་ནས་ཨ་རྱ་ཎའི་མི་རིགས་དང་དེའི་ཤེས་རིགས་ཀྱི་བྱུང་ཁུངས་སོགས་ཁ་གསལ་པོར་ཆགས་ངེས་སུ་ཡིན་སྙམ།   གཡུང་དྲུང་གི་རི་མོ་ནི་དར་སའི་ཡུལ་ཁམས་ཁག་གིས་རི་མོ་འདི་བཀྲ་ཤིས་པ་དང་འགྱུར་མེད་སྲ་ཞིང་བརྟན་པའི་མཚོན་བྱེད་དུ་རྩི་བའི་ངོས་འཛིན་བྱེད་ཚུལ་ནི་ཕར་ཆེར་འདྲ་མཚུངས་སུ་ཡོད་པར་སྣང་མོད། སོ་སོའི་རིག་གནས་དང་། གྲུབ་མཐའ། མི་རིགས་སོགས་དུས་རབས་ཀྱིས་འཕོ་འགྱུར་མི་འདྲ་བ་བྱུང་བའི་ཁྲོད་དུ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱང་དེ་དང་འབྲེལ་བའི་སྒོ་ནས་གཡུང་དྲུང་ལ་འགྲེལ་བཤད་ཅུང་ཙམ་མི་འདྲ་བ་རེ་བྱུང་ཡོད་པ་ནི་སྨོས་མེད་རེད།  ཡིན་ནའང་དེང་སྐབས་ཞིབ་འཇུག་པས་གཡུང་དྲུང་གི་སྐོར་གྱི་དཔྱད་རྩོམ་མང་པོ་མཐོང་རྒྱུ་འདུག་ཅིང་དེ་ཚོའི་ནང་དུ་ལྟས་ནས་ཞིབ་འཇུག་པ་ཕར་ཆེ་བ་དེས་བོན་གྱི་གཡུང་དྲུང་གི་མཚོན་དོན་གྱི་སྐོར་འགྲེལ་བཤད་དོན་མཐུན་ཞིག་རྒྱག་ཐུབ་མི་འདུག་པས།  ཡུལ་ཁམས་གཞན་གྱི་ཡུལ་དུ་དར་བའི་གཡུང་དྲུང་གི་རི་མོ་ལ་འཛིན་པའི་ལྟ་བ་དང་མཚོན་དོན་ལ་ཁོ་ཚོས་འགྲེལ་བཤད་དོན་མཐུན་ཞིག་རྒྱག་ཐུབ་ཨ་ཡོད་ན་སྙམ་པས་འདིར་ལུང་འདྲེན་མང་པོ་བྱས་མེད།། ཡིན་ནའང་གཡུང་དྲུང་བོན་ལུགས་སུ་གཡུང་དྲུང་གི་སྐོར་ཞིབ་རྒྱས་སུ་འཁོད་ཅིང་གསལ་བ་ལྟར།  ཡུལ་ཁམས་གཞན་དག་དུ་གཡུང་དྲུང་གི་མཚོན་དོན་གྱི་འགྲེལ་བཤད་ནི་ཕྱོགས་ཙམ་ལས་ཁུངས་ཐུབ་ཅིག་མེད་པ་ནི་ལུང་རིགས་གཉིས་ཀས་དཔོག་ནུས་པ་ཡིན་ནོ།།

གཡུང་དྲུང་གི་བེད་སྤྱོད།
 གཡུང་དྲུང་གི་རི་མོ་དེ་ལ་གཡས་སྐོར་དང་གཡོན་སྐོར་གཉིས་སུ་ཡོད་པ་དེ་ནི།  ད་ལྟ་མི་ཚོས་གཤེན་བསྟན་གཡུང་དྲུང་བོན་སྐོར།   ཐུབ་བསྟན་དམ་པའི་ཆོས་སྐོར་དུ་ངོས་འཛིན་བྱེད་མོད་དོན་དུ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནི་དེ་ལྟར་ཞིག་མིན་ཏེ།   གཡུང་དྲུང་སོགས་གཡས་སྐོར་ནི་ཐབས་ཀྱི་རང་བཞིན་ཕོ་ཡི་ཆ་དང་། གཡོན་སྐོར་ནི་ཤེས་རབ་ཀྱི་རང་བཞིན་མོ་ཡི་ཆ་རུ་བརྩི་བ་ཡིན་པས། དེ་ལྟར་གཡུང་དྲུང་གི་འཁོར་སྟངས་དེ་ཕོ་མོའམ་གཡས་གཡོན་ནམ་ཕྱི་ནང་གི་མཐོང་ཚུལ་ཁྱད་པར་ཙམ་ལས་དོན་དུ་ཁྱད་པར་མེད་ལ། གནའ་བོའི་བྲག་བརྐོས་དང་རྡོ་བརྐོས་རི་མོ་སོགས་གཡུང་དྲུང་རི་མོ་དེ་དག་གི་ཁྲོད་དུ་གཡུང་དྲུང་རི་མོ་གཡས་སྐོར་དང་གཡོན་སྐོར་གཉིས་ཀ་ཡོད་པས། གནའ་བོའི་གངས་ཅན་བསིལ་མོའི་ལྗོངས་སུ་གཡུང་དྲུང་བོན་པོའི་གྲུབ་མཐའ་འཛིན་མཁན་རྐྱང་པ་ཡིན་པའི་སྐབས་སུ་དེ་ལྟར་གཡས་བསྐོར་དང་གཡོན་བསྐོར་ནི་བོན་བསྐོར་དང་ཆོས་བསྐོར་གྱི་ཁྱད་པར་མིན།  ཕྱིས་སུ་དུས་རབས་བརྒྱད་པའི་སྐབས་སུ་བོད་འདིར་ཐུབ་བསྟན་དར་སྤེལ་གཏོང་བ་དང་དུས་མཚུངས།  བོད་མིའི་འཚོ་བའི་ཁྲོད་དུ་གཡུང་དྲུང་གི་རི་མོ་འདི་གང་སར་བེད་སྤྱོད་བྱེད་དགོས་པས་རི་མོ་འདི་མེད་ཐབས་མེད་པ་ཞིག་ཆགས་ཡོད་པའི་ཆ་ནས།  བོན་པོ་དང་བན་དེ་ཚོས་སོ་སོའི་བསྐོར་བ་སྐོར་ལུགས་ནང་བཞིན་གཡུང་དྲུང་གཡས་སྐོར་དང་གཡོན་སྐོར་ལ། གཡུང་དྲུང་བོན་སྐོར་དང་གཡུང་དྲུང་ཆོས་སྐོར་ཞེས་སོ་སོས་བདག་འཛིན་བྱས་པ་ཞིག་ཡིན་ངེས།  གཡུང་དྲུང་རི་མོ་ནི་བོད་མི་རིགས་ཀྱི་ཆོས་ལུགས་དང་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་རུ་གལ་ཆེན་ཞིག་ཡིན་པས།  གཡུང་དྲུང་གི་རི་མོ་འདི་ཡར་སྣེའི་ཡར་གཞིའི་དཀྱིལ་འཁོར་རམ་གཞལ་ཡས་ཁང་དང་། དགོན་པའི་སྐུ་གསུང་ཐུགས་རྟེན་ནས་བླ་མའི་ཁྲི་སོགས་ནས་མར་སྣེའི་སྒོ་ཡི་ཐེམ་པ་ཡན་ཆད་དུ་གཡུང་དྲུང་རི་མོས་ཁྱབ་ཡོད་ལ། ཁྱིམ་པའི་ཁྲོད་དུ་ཡར་སྣེའི་སྡོད་སའི་སྦྲ་གུར་དང་ཁང་པའི་རི་མོ་ནས་མར་སྣེའི་བག་མའི་འབབ་གདན་ཡན་ཆོད་དང་བཅས་པ་འཚོ་བའི་དགོས་མཁོ་ཕར་ཆེ་བ་དེར་གཡུང་དྲུང་གི་རི་མོའི་ཁྱབ་ཡོད།  མདོར་ན་བཀྲ་ཤིས་དགའ་སྟོན་གྱི་བྱ་བའི་རིགས་དང་མི་འགྱུར་རྟག་བརྟན་རྒྱས་འདེབས་ཀྱི་བྱ་ལས་ཀྱི་རིགས་ལ་གཡུང་དྲུང་གི་རི་མོ་བེད་སྤྱོད་གཏོང་སྲོལ་ཡོད། དེ་ལྟར་བེད་སྤྱོད་བྱེད་པའི་ཁྲོད་དུ་གཡུང་དྲུང་ཆག་ཤིང་། གཡུང་དྲུང་ལག་སྦྲེལ། གཡུང་དྲུང་རྭ་བ།  གཡུང་དྲུང་སྣོལ་མ། གཡུང་དྲུང་རྒྱ་གྲམ།  གཡུང་དྲུང་དགའ་འཁྱིལ་སོགས་གཡུང་དྲུང་གཡས་སྐོར་དང་གཡོན་སྐོར་གཉིས་ཀས་བྲིས་པའི་རི་མོ་སྣ་ཚོགས་ཡོད་ལ། གཡུང་དྲུང་གི་རི་མོ་འདི་བོད་མི་རིགས་ཁྲོད་དུ་ཆོས་ལུགས་དང་འཚོ་བའི་ཐད་དུ་མེད་ན་མེད་ཐབས་མེད་པའི་རྟག་བརྟན་མི་གཡོ་མི་འགྱུར་བའི་བཀྲ་ཤིས་པའི་རི་མོ་ཞིག་ཆགས་ཡོད། མདོར་ན་གནའ་བོ་དུས་སུ་མེས་པོ་ཚོས་གཡུང་དྲུང་གི་རི་མོ་འདི་ཧ་ཅང་དགའ་པོ་བྱེད་བཞིན་ཡོད་པ་ལྟར་ད་ལྟ་བོད་རིགས་ཀྱི་སྡོད་ཁུལ་ཀུན་ལ་གནའ་བོའི་བྲག་བརྐོས་དང་བརྡོ་རྐོས་རི་མོ་གང་སར་ཁྱབ་ཅིང་དེ་བཞིན་གནའ་ཤུལ་ཁག་ནས་ཐོན་པའི་གཡུང་དྲུང་གི་རི་མོ་མང་པོ་མཐོང་རྒྱུ་ཡོད་པས་བོད་ཀྱི་རི་མོའི་ཁྲོད་དུ་རྩ་ཆེ་ཤོས་དེ་གཡུང་དྲུང་གི་རི་མོ་ཡིན་པ་སུས་ཀྱང་ཤེས་ནུས་པ་ཡོད། །

  ཞར་བྱུང་རྒྱ་ནག་གི་ཡུལ་དུ་གཡུང་དྲུང་དར་ཚུལ་གྱི་དཔྱད་གཞི།

རྒྱ་ནག་གི་གཡུང་དྲུང་དང་ཧོས་ (yong  zhong雍仲-fo 佛)ཀྱི་འབྱུང་ཁུངས་ལ་ཅུང་ཙམ་དཔྱད་ན།
༡ གཡུང་དྲུང་(雍仲)རི་མོ་ནི་ནང་སར་རྒྱ་ནག་ཁུལ་དུ་གཡུང་དྲུང་མིང་ཚིག་ནི་དང་ཐོག་ཧོསའུ(福 fu )ཞེས་འབྲི་བའི་ཚུལ་དང་། དེ་ནས་ཐང་སེན་བླ་མའི་སྐབས་སུ་དེའི(de 德)བསྒྱུར་བ་དང་།   དེ་ནས་རྒྱལ་མོ་ཝུན་ཙེ་ཐེན་གྱི་སྐབས་སུ་ཝན(wan 万)ཞེས་དག་བཅོས་བྱས་ཏེ་གཏན་ཁེལ་བྱས་པའི་ཚུལ་བཤད།  ཡིན་ནའང་རྒྱ་ཡིག་གི་མིང་ཚིག་དེ་ཚོ་གཡུང་དྲུང་གི་རི་མོ་ལ་སྦྱར་ནས་གོ་རྒྱུ་དེ་ཙམ་མེད་པ་ཡིན་ནམ་ཅི་ཤེས། གང་ལྟར་དེང་དུས་སུ་མི་ཕར་ཆེ་བ་དེས་བོད་སྐད་ལྟར་གཡུང་དྲུང་(雍仲)ཞེས་ཐད་སྒྱུར་བྱེད་བཞིན་ཡོད་པ་འདྲ།  རི་མོ་འདི་ནི་ཀྲུང་གོའི་མཱ་ཅཱ་ཡའོ་སོགས་གནའ་བོའི་རྒྱུན་སྲོལ་རིག་གནས་ཀྱི་ཁྲོད་དུ་གཡུང་དྲུང་གི་རི་མོ་ཡོད་པའི་ཚུལ་ལྟར་ན་ནང་སར་སྔ་མོའི་དུས་སུ་བྱུང་ཡོད་པར་སྣང་། ཁོ་ཚོས་རི་མོ་འདི་བཀྲ་ཤིས་ཕུན་སུམ་ཚོགས་པའི་དོན་ཡིན་པར་བརྗོད།  ལྷག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུའི་ཐུགས་ཁར་གཡུང་དྲུང་གི་རི་མོ་འབུར་དོད་བརྒྱན་སྲོལ་བྱུང་འདུག་པ་འདི་ནི་ཁོ་ཚོས། ཐེག་ཆེན་ཁོ་ན་ལས་ཐེག་ཆུང་ནི་སངས་རྒྱས་ཀྱི་ཐུགས་དགོངས་ངོ་མའམ་ཐུགས་ཁར་མི་ཟིན་པར་འདོད་པས། མདོར་ན་གཡུང་དྲུང་རི་མོ་བརྒྱན་པའི་ལྷ་སྐུ་དེ་དག་ཐེག་ཆེན་པའི་སངས་རྒྱས་དང་བྱང་སེམས་ཡིན་པ་མཚོན་ཐུབ་པར་འདོད་ཅིང་། ལྷ་སྐུའི་ཐུགས་ཀར་གཡུང་དྲུང་བོན་བསྐོར་འབུར་འདོད་བརྒྱན་སྲོལ་ནི་གནའ་ནས་ད་བར་དུ་རྒྱ་ནག་གི་རྒྱུན་སྲོལ་ཞིག་ཡིན་ནོ། །
༢ ཧོས་(fo 佛)ཞེས་པའི་མིང་ཚིག་དང་ཡིག་འབྲུ་འདི་ནང་སར་ཐོག་མར་ག་དུས་བེད་སྤྱོད་བྱས་མིན་མ་ངེས་མོད་འདི་ནི་ཧོས་佛ཞེས་སངས་རྒྱས་དང་། ཧོས་ཅིང་佛经སངས་རྒྱས་ཀྱི་བཀའ་དང་། ཧོས་ཅོག་佛教ཅེས་སངས་རྒྱས་ཀྱི་ཆོས་ལུགས་ལ་གོ་བར་སྣང་།   སངས་རྒྱས་ཀྱི་གྲུབ་མཐའ་ནི་རྒྱ་ནག་ཏུ་ཐོག་མར་ཧན་ཤར་མའི་རྒྱལ་རབས་བཅུ་བཞི་བྱུང་བའི་གོང་མ་གཉིས་པ་ཧན་མིན་རྟི་ལིའུ་ཀྲོང(སྲིད་ལོ་༥༨-༧༥བར)ཁྲི་ལོ་གསུམ་པ(བརྒྱད་པར༦༥)བང་ཆེན་པ་ཝང་ཙུན་ཞེས་པས་ཞིག་རྒྱ་གར་གྲུབ་མཐའ་འཚོལ་ཏུ་གཏོང་བས། དེ་སྐབས་རྒྱ་གར་ནས་ཀྱང་དུས་ལ་བབས་པར་ཤེས་ནས་འོད་སྲུང་གི་རིགས་ལས་དགྲ་བཅོམ་པ་མ་ཏངྒོ་དང་པཎྜི་ཏ་ཧྥ་ལན་(མ་གང་གེ་དང་གོ་བྷར་)གཉིས་རྟ་དཀར་པོ་གཅིག་ལ་སྟོན་པའི་བྲིས་ཐང་གཅིག་དང་། རིང་བསྲེལ་བུམ་པ་གང་།  ཐེག་པ་ཆེ་ཆུང་གི་མདོ་གླེགས་བམ་འགའ་ཞིག་བཀལ་ཏེ་བྱོན་པ་དང་(མཆན། ཏ་ཡུའེ་ཧྲིའི་རྒྱལ་ཁབ་(大月氏国 བང་ཆེན་ཚོའོ་དབྱིན།  ཆིང་ཐེ་(蔡音  秦泰)ཡིན།   ༦༥ལོར་དམ་ཆོས་ཞུ་བར་ཆས།  དགྲ་གཅོམ་པ་ཧྲི་མོ་ཏང་།  ཀྲོའོ་ཧྥ་ལང་(摄摩腾、竺法兰)ཡིན། )པེ་མཱ་སི་༦༨ལོར་བཏབ་ཟེར་ཅིང་ནང་བསྟན་དབུ་བརྙེས་པར་གྲགས་པ་དང་།  ཡང་ཏ་ཡུའེ་ཧྲིའི་རྒྱལ་ཁབ་(大月氏国) ལོ་ཆེན་འཇིག་རྟེན་བདེ་བ(Lokaksema)འམ། ཁྲི་ལོའུ་ཅེན་ཁྲེན། (Zhi Lou Jia Chen 支娄迦谶 )ཞེས་བྱ་བ་ཁོང་ནང་སར་ཕེབས་ཤིང་ཕྱི་ལོ་༡༧༩ལོར་《ལམ་གཤེགས་ཤེར་ཕྱིན》ནམ《ལམ་སྤྱོད་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་》 ཞེས་པའི་གདོད་མའི་ཡུམ་བརྒྱད་སྟོང་པ་སོགས་ལོ་བཅུ་ལྷག་ཙམ་གྱི་རིང་ཆོས་དཔེ་རྒྱ་ནག་སྐད་དུ་བསྒྱུར་ཚར་རྗེས་སུ་གར་སོང་ཆ་མེད་དུ་གྱུར་བ་ཡིན་ཞེས་མཁས་པ་ཚོས་བཞེད། དེའི་སྐབས་སུ་རྒྱ་ནག་གི་རྒྱལ་པོ་འདི་ཞེས་མ་གསལ། མདོར་ན་རྒྱ་གར་དུ་ཐེག་ཆེན་གྱི་གྲུབ་མཐའ་མ་དར་གོང་དུ་རྒྱ་ནག་ཏུ་ཐེག་པ་ཆེན་པོའི་གྲུབ་མཐའ་ནི་སྤྱི་ལོའི་དུས་རབས་དང་པོའི་སྐབས་སུ་དར་ཟིན་པ་ཡིན། དེ་ལྟར་དོན་དངོས་ཀྱི་ལོ་རྒྱུས་བྱུང་རིམས་དང་སྡུར་ནས་རྒྱ་ནག་གི་ནང་ཆོས་ཐོག་མ་དབུ་བརྙེས་པའི་ཚུལ་འདི་དང་།  ལྷའི་ཐུགས་ཁར་ཐེག་ཆེན་མཚོན་བྱེད་གཡུང་དྲུང་གི་རི་མོ་དང་།  ཧོས་(fo 佛)མིང་ཚིག་དང་།   རབ་བྱུང་གི་ན་བཟའ་བཅས་རྩ་བའི་བདེན་དཔང་ལྔའི་ཐོག་ནས་གཡུང་དྲུང་བོན་པོ་དང་ཆ་འདྲ་བ་མང་པོ་མཐོང་གིན་འདུག་པས། མ་འོངས་པར་ཞིབ་འཇུག་གི་དཔྱད་གཞིའི་ཚུལ་དུ་ཚིག་ཁ་ཤས་ཞུས་ནས་སྙམ་པ་ཡིན།
༡ དེའང་ཇི་སྐད་དུ་སྟོན་པ་བཅོམ་ལྡན་འདས་ཀྱིས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།  མི་སྨྲ་ནགས་ཀྱི་ཁོངས་སུ་གནས་པར་བྱ། ཞེས་གསུངས་པ་འདི་ནི་ལྷོ་བྱང་གཉིས་ཀས་ཞལ་མཐུན་པའི་ཚུལ་གསུངས་པར་ཁོང་གིས་མི་ཡུལ་ལ་ཐེག་ཆེན་གྱིས་ཆོས་མ་གསུངས་པའི་ཚུལ་བརྗོད།   རྒྱ་ནག་གི་ཐེག་ཆེན་གྱི་གྲུབ་མཐའ་ཐོག་མར་ལེན་ས་ནི་རྒྱ་ནག་ལོ་རྒྱུས་ལྟར་ན་ཏ་ཡུའེ་ཧྲི་(ཐོ་དཀར་ཡིན་ཚོད་སྣང་)ཞེས་པའི་ཡུལ་ནས་ཡིན་པར་བཤད། འོ་ན་དགེ་འདུན་པ་དེ་གཉིས་ནི་རྒྱ་གར་ནས་ཀྱང་དུས་ལ་བབས་པར་ཤེས་ནས་འོད་སྲུང་གི་རིགས་ལས། ཞེས་དང་། རྟ་དཀར་པོ་གཅིག་ལ་སྟོན་པའི་བྲིས་ཐང་གཅིག་དང་རིང་བསྲེལ་བུམ་པ་གང་།  ཐེག་པ་ཆེ་ཆུང་གི་མདོ་གླེགས་བམ་མང་པོ་བཀལ་ཞེས་འཁོད་པས་ཅི་ལྟར་རམ་ཞེ་ན།  དེ་དུས་སུ་རྒྱ་གར་དུ་ཐེག་ཆེན་དར་མེད་པས་དགེ་འདུན་པ་དེ་རྒྱ་གར་ནས་ཡིན་ཐབས་མེད། མ་ཟད་འོད་སྲུང་རིགས་ཞེས་གསལ་བས། སངས་རྒྱས་འོད་སྲུང་གི་རྗེས་འཇུག་ཡིན་པར་བསྟན་འདུག་པས་སོ།  དེ་ནི་ཐུབ་བསྟན་ལྟར་ན། སངས་རྒྱས་འོད་སྲུང་། མར་མེ་མཛད་ནི། བོན་ལྟར་ན་སྟོན་པའི་སྒྲོན་མེ།  སྟོན་པ་མ་རིག་མུན་སེལ་སྒྲོན་མེ་ཞེས་བྱུང་བ་དེ་ནི་སྟོན་པ་གཤེན་རབ་མི་བོའི་མཚན་གྱི་རྣམ་གྲངས་ཤིག་ཡིན། མདོར་ན་ཏ་ཡུའེ་ཧྲི་རྒྱལ་ཕྲན་ཆགས་ས་དེ་ཐོ་དཀར་གྱི་ས་ཁོངས་སུ་ཁེལ་བ་ལྟ་བུར་སྣང་བས། དེ་ནི་དེའི་སྐབས་སུ་བོན་གྱི་ལོ་རྒྱུས་ལྟར་ན་ཞང་ཞུང་ཕུགས་པའི་ནུབ་ངོས་ཀྱི་ས་ཁོངས་ཤིག་རེད། དེའང་ཆེས་གནའ་བོའི་དུས་སུ་བ་ར་ཏི་དང་། བྲུ་ཤ།  ཧོས་སམ་ལི་ཡུལ། ཐོ་དཀར་སོགས་ནི་ཞང་ཞུང་ཕུག་པའི་ཡུལ་དང་། ཨོ་རྒྱན། ཟ་ཧོར།  གར་ཤ།  ཁ་ཆེ་བཅས་ནི་ཞང་ཞུང་བར་པའི་མངའ་ཁོངས་སུ་ཡིན་མོད། ཡིན་ནའང་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་གཞིག་ནས་ཨོ་རྒྱན། ཟ་ཧོར།  གར་ཤ།  ཁ་ཆེ་སྟེ་ཞང་ཞུང་བར་པའི་ཡུལ་ཁམས་མང་དག་ཅིག་ཕྱི་ལོའི་གོང་གི་དུས་རབས་བཞི་པའི་གཡས་གཡོན་ལ་གྷི་རིགས་རོམ་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱས་ཏེ་ཁོ་ཚོས་ཚོད་འཛིན་བྱེད་སར་ཞིག་ཏུ་གྱུར་བ་དང་། དེ་ནས་རིམ་པར་རྒྱ་གར་གྱི་མངའ་ཁོངས་སུ་གྱུར་ཞིང་། དེ་ནས་བཟུང་ཡུལ་ཁམས་དེ་དག་ལ་རོམ་དང་། ཏ་ཟིག  རྒྱ་གར་སོགས་ཀྱི་ཆོས་ལུགས་དང་་རིག་གནས་ཕར་ཚུར་མཉམ་འདྲེས་བྱས་ཏེ་ས་གནས་དེ་དག་ལ་བོན་བསྟན་ཉམས་འགོ་ཚུགས་ཤིང་ཕྱིས་སུ་དབྱེར་མེད་མཉམ་དུ་ཐིམ་ཡོད་པ་ལྟ་བུར་འདུག ཡིན་ནའང་ཕྱི་ལོའི་དུས་རབས་བཅུ་གསུམ་གྱི་སྐབས་སུ་བྱོན་པའི་རང་གྲོལ་བླ་མ་རྒྱལ་མཚན་གྱི་རྣམ་འགུར་ལས་ས་ཆ་དེ་དག་ལ་ད་དུང་བོན་པོ་ཡོད་པའི་ཚུལ་གསལ།  །
༢ གཡུང་དྲུང་གི་སྐོར་གོང་དུ་ཞུས་ཟིན་པ་དེ་དག་དང་།
༣ བོན་གྱི་ལོ་རྒྱུས་ཁག་ལས་བཤད་ནས་རྒྱ་ནག་ཏུ་ཐོག་མར་སྟོན་པ་གཤེན་རབ་ཀྱི་སྐབས་སུ་བོན་བསྟན་དབུ་བརྙེས་པའི་ཚུལ་དང་ཁོངས་གིས་སྲས་ཀོང་ཚ་འཕྲུལ་བུས་རྒྱ་ནག་གི་རྒྱལ་པོ་ཧ་ཤང་དེ་བ་ལ་གབ་རྩེ་སུམ་བརྒྱ་དྲུག་བཅུ་བསྟན་ཞིང་དེའི་སྲས་རྒྱུད་ཀྱིས་རྒྱུད་མཐུད་ནས་རྒྱ་ནག་རི་བོ་རྩེ་ལྔ་སོགས་ལ་བོན་པོའི་གནས་ཆེན་ཡིན་པར་བཤད་ཡོད།  ཧ་ཤང་དེ་བ་ཞེས་ལྷ་ཡི་བཙུན་པ་ཞེས་པའི་དོན་ཡིན་ཞིང་རྒྱ་ནག་གི་རྒྱལ་པོ་དྷི་ལྔའི་བཞི་པར་དྷི་ཡའོ(di yao 帝尧)ཡིན་པར་འདོད།   དེའི་རྗེས་སུ་རྒྱ་ནག་གི་སྐད་ཡིག་སོགས་ལ་མཁས་པའི་བོན་པོ་ལེགས་ཏང་རྨང་པོ་ཞེས་པས་རྒྱ་ནག་རི་བོ་རྩེ་ལྔ་དང་རྒྱ་ཡི་མཆོད་རྟེན་དཀར་པོ་སོགས་ལ་བོན་སྡེ་དང་གསོ་དཔྱད་སོགས་རིག་གནས་ཀྱི་སྐོར་ལ་བསྒྱུར་ཞིང་འཆད་རྩོམ་སོགས་གནང་བ་དང་།  ཞང་ཞུང་ཕུགས་པའི་སྐད་ཡིག་སྟེ། དག་པ་ལྷ་ཡི་ཡི་གེའི་ཐོག་ཏུ་བྲིས་པའི་ཐེག་པ་ཆེན་པོའི་བོན་སྡེ་མང་པོ་ཞིག་རྒྱ་ཡི་མཆོད་རྟེན་དཀར་པོ་ལ་སྦས་པ་དང་ཕྱིས་སུ་བོན་པོའི་གཏེར་སྟོན་གཤེན་སྲས་ལྷ་རྗེས་བོན་སྡེ་དེ་དག་རྙེད་ཅིང་བོད་ཡིག་ཏུ་ཕབས་ཡོད་ལ། དེ་དང་མཉམ་དུ་བཤང་ཁྲི་ལོ་གནམ་གྲགས་གཙོས་པའི་རྟེན་མང་དུ་ཐོན་ཚུལ་གསུངས་ཡོད། གཤང་ཁྲི་ལོ་གནམ་གྲགས་ནི་ད་ལྟ་གཤེན་ཚང་གི་ཕྱག་ཏུ་ཡོད། ངོ་མཚར་ཆེན་པོ་ཞིག་ནི་གཤང་ཁྲི་ལོ་གནམ་གྲགས་ཞེས་གཤང་དཀྲོལ་རྒྱུ་དེའི་མིང་དུ་ཡིན་པ་མ་ཟད། ཡེ་གཤེན་གཡུང་དྲུང་སེམས་དཔའ་བཅུ་གསུམ་གྱི་ཡ་གྱལ་ཡེ་གཤེན་གཤང་ཁྲི་ལོ་གནམ་གྲགས་ཞེས་བོན་གྱི་དགེ་འདུན་པའི་མཚན་ལ་གཤང་ཁྲི་ལོ་གནམ་གྲགས་ཞེས་བྱུང་ཡོད།  དེ་ནི་ཁྲི་ལོའུ་ཅེན་ཁྲེན། (Zhi Lou Jia Chen 支娄迦谶 )ལོ་ཙཱ་བ་དེའི་མཚན་ལ་ཕན་ཚུན་དཔྱད་རིན་ཡོད། །
༤ ཧོས་(fo 佛)ཞེས་པའི་ཡིག་འབྲུ་འདི་གཡུང་དྲུང་གཡས་སྐོར་དང་གཡོན་སྐོར་གྱི་རི་མོ་ལས་གྲུབ་པར་ཤོད་མཁན་འདུག་ཀྱང་དེ་ནི་ངེས་བརྟན་ཞིག་ཡིན་མིན་མ་ངེས་མོད།  གལ་ཆེ་ཤོས་ཤིག་ནི་ཧོས་ཞེས་པའི་སྒྲ་དེ་རེད།  དེ་ནི་མདོ་འདུས་ལས། གྱེར་ཆེན་སྒོ་བཞི་མཛོད་དང་ལྔ། ཧོས་སྒོ་ཐེག་པ་རིམ་དགུར་དབྱེ། ཞེས་དང་། ཧོས་སྒོ་བརྒྱད་ཁྲི་བཞི་སྟོང་ནི། མདོ་འབུམ་རྒྱུད་མཛོད་སྡེ་བཞི་ལས། ཞེས་དང་། ཧོས་སྒོ་མཛོད་ལྔ་བྱུང་བའོ། ཞེས་དང་། མདོ་ཀ་བ་གླིང་དགུ་ལས། བཀའ་སྒྲོམ་བཞི་བཅུ་རྩ་གཉིས་ནི། ཧོས་སྒོ་ཆེན་པོ་རེ་རེ་བསྟན། ཞེས་གསུངས་པ་དང་། བོན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཚོས་གཡུང་དྲུང་བོན་གྱི་བཀའ་ཡི་དབྱེ་སྒོའི་སྐབས་སུ། ཧོས་ཞེས་བྱ་བ་ནི། ཡེ་སྲིད་གཡུང་དྲུང་བོན་གྱི་གསང་མཚན་ལྟ་བུ་ཡིན། ཞེས་འགྲིན་གཅིག་ཏུ་གསུངས་ཡོད་ལ།  རྒྱ་ནག་གི་བོན་སྐོར་རྣམ་རྒྱལ་ལས། སྣོད་བཅུད་ཐབས་ཤེས་དར་རྒྱས་ལ།  སྲིད་པ་ཧོས་ཀྱི་བྱིན་ཆེན་ཕོབ། ཅེས་གསུངས་པ་སོགས་ལ་གཞིག་ནས་ཧོས་ཞེས་པའི་སྒྲ་དེ་རྒྱ་ནག་གི་བོན་སྐོར་ལ་འབྲེལ་བ་དམ་ཟབ་ཡོད་པ་རྟོགས་ཐུབ།  མདོར་ན་ཞང་ཞུང་ཕུག་པ་ཡེ་སྲིད་ལྷ་ཡི་སྐད་དུ། ཧོས།  ཞང་ཞུང་སྨར་གྱི་སྐད་དུ། དྲུང་མུ་གྱེར།  བོད་སྐད་དུ། གཡུང་དྲུང་བོན་ཞེས་པ་སོགས་མིང་གི་རྣམ་གྲངས་ཤིག་ཡིན་ལ།  ཞང་ཞུང་ཕུག་པ་རྟག་གཟིགས་འོལ་མོ་ལུང་རིང་གི་སྐད་དང་། རྒྱ་ནག་གི་སྐད་ནི་ཆ་ཙམ་མཐུན་པ་ཡིན་ཞེས་རྒྱལ་བའི་བཀའ་འབུམ་ཞེས་པ་ལས་གསུངས་ཡོད།  གཡུང་དྲུང་བོན་ཞེས་པའི་དོན་སྟབས་བདེ་བར་བརྗོད་ནས་དུས་ཀུན་ཏུ་འགྱུར་བ་མེད་པའི་ཐར་པའི་ས་བོན་བཟང་པོ་ཞེས་པའི་དོན་ཡིན་ནོ། །

༥  སྤྱིར་བོན་པོའི་འདུལ་བའི་ན་བཟའ་ཆས་དྲུག་དང་རིན་ཆེན་རྫས་ལྔ་ཡོད་ཅིང་དེའི་ནང་དུ་རྨད་གོས་དང་མཁར་བསིལ་སོགས་ཡོད་པ་ཐུབ་བསྟན་དང་ཆ་འདྲ་བ་ཙམ་ཡིན་མོད།  དེའི་ནང་དུ་རྒྱ་ནག་གི་དགེ་འདུན་པའི་ན་བཟའི་ཚོན་མདོག་དང་ཐང་སན་བླ་མའི་དབུ་ཞྭར་པད་ཞུ་ལྟ་བུ་དེ་བོན་པོ་དང་མཐུན་ཤས་ཆེ་སྙམ།  དེའང་གོང་དུ་གསལ་བ་ལྟར།  གསེར་གྱི་པད་མ་འདབ་མ་སྟོང་།  གཡུ་ཡི་གཡུང་དྲུང་བཀྲ་བ་བརྡོལ། ཞེས་པ་དེ་དང་། མཛོད་སྒྲ་འགྲེལ་ལས། གཤེན་རབ་ཀྱིས་རྫུ་འཕྲུལ་གྱི་སྐུ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་པས། བོན་པོ་གོས་ལག་སྔོན་པོར་བྱེད་པ་ཡང་། གཡུང་དྲུང་གི་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་གཞག་གོ། ཞེས་གསུངས་ཤིང་གནའ་བོའི་དུས་བོན་པོ་ཚོས་ན་བཟའ་སྔོན་པོ་ཤས་ཆེར་གསོལ་བའི་ཚུལ་ཡོད་ཅིང་ཁ་རྒྱུན་དུ། བོན་པོ་སྔོན་པོ་གོས་སྔོན་པོ། ཞེས་བརྗོད་ཅིང་དེ་བཞིན་དུ་པད་ཞུ་ནི།  སུལ་བུ་ཉེར་ལྔ་སྤྱི་བོར་ཚངས་བུག་ཅན། དཀྱིལ་སྤུངས་པ་ལྟ་བུ། མཐའ་པད་མ་བཞིན་གྱེས་པའི་བོན་པོ་ཚོས་གསོལ་བཞིན་པའི་འདུལ་བའི་ཞྭ་མོ་ནི་ཐེག་ཆེན་གྱི་ཁྱད་བོན་ལས་ཐེག་ཆུང་གི་མིན་པའི་ཚུལ་ནི།  མདོ་དྲི་མེད་ལས། པད་ཞུ་རྒྱུ་འབྲས་གཉིས་མེད་པར། བླ་མེད་ཐེག་པ་ཆེན་པོའི་ཚུལ།  ཞེས་གསུངས་ཡོད་པས་མདོར་ན་དུས་རབས་གསུམ་པ་བཞི་པ་ཙམ་ནས་བཟུང་རྒྱ་ནག་གི་ནང་བསྟན་ཕར་ཆེ་བ་དེ་རྒྱ་གར་དང་སིང་གཱ་ལ་ནས་བླངས་པ་ནི་ཡོངས་གྲགས་སུ་ཡིན་མོད། ཡིན་ནའང་དེའི་གོང་དུ་ཏ་ཡུའེ་ཧྲིའི་རྒྱལ་ཁབ་(大月氏国)ཞེས་པའི་ས་ཁོངས་དང་འབྲེལ་བའི་གནའ་བོའི་རྒྱ་ནག་ཏུ་ཧོས་ཆོས་བླངས་ཏེ་དར་བའི་ཚུལ་དེ་ནི་གཡུང་དྲུང་བོན་གྱི་གྲུབ་མཐའ་དང་ཕན་ཚུར་སྡུར་ནས་ཆ་མཚུངས་བ་མང་པོར་མཐོང་རྒྱུ་འདུག་པས་དེ་ཚོ་ལ་དཔྱད་རིན་ཧ་ཅང་ལྡན་པར་སྙམ་ཞིང་གཡུང་དྲུང་གི་མཚོན་དོན་གྱི་འགྲེལ་བཤད་ཉུང་ངུ་དང་མཉམ་དུ་ཞར་བྱུང་དུ་ཐོག་མའི་དཔྱད་གཞི་འདི་བྲིས་ཏེ་སྤེལ་བ་ཡིན་ནོ།།  དཔལ་ཞང་ཞུང་ཁྱུང་ལུང་དངུལ་མཁར་བའི་གནས་སུ་རྒྱ་སྒོམ་ཤེས་རབ་ཕུན་ཚོགས་ཀྱིས་བྲིས་པའོ།།༢༠༢༠-༣-༣ཉིན།།    ཐ་ཚན་མུ་ཙུག་སྨར་རོ།།