གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་དགེ་བཤེས་ཚབ་ཚ་འཇིགས་བྲལ་བསྟན་འཛིན་རིན་ཆེན་རྒྱལ་མཚན་མཆོག་བླ་མར་ཁྲི་བཞེངས་མཛད་པ།།

དང་པོའི་ཚེས་བཅོ་བརྒྱད་ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྨན་རིའི་དགེ་བཤེས་འཇིགས་བྲལ་བསྟན་འཛིན་རིན་ཆེན་རྒྱལ་མཚན་མཆོག་དཔལ་གཤེན་བསྟན་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་ལྷ་སྡེ་སེར་སྐྱ་མི་དམངས་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གྲྭ་ས་ཆེན་པོའི་ལམ་སྲོལ་བཞིན་གོང་ཟླའི་བོད་ཚེས་

བཅོ་བརྒྱད་ཉིན་གྱི་ཞོགས་པའི་ཕྱག་ཚོད་༩།༠༠་སྟེང་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གོ་སྒྲིག་འོག་སྤོས་འདྲེན་དང་དུང་རྒྱ་གླིང་པ་བཅས་ཀྱིས་བསུ་མ་ཞུས་ཏེ་སྨན་རིའི་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་གཅན་ལྔས་བཏེགས་པའི་ཁྲི་ལ་བཞུགས་གསོལ་མཛད།

དེ་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་སྡེ་དགོན་ཟུང་གི་ཚོགས་པ་ཆེ་ཕྲ་ཁག་གི་དབུ་འཛིན་རྣམས་ཀྱིས་རིམ་བཞིན་མནྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མང་ཚོགས་ཡོངས་ནས་དར་ཁ་བསྒྲོན་འབུལ་དང་མཇལ་ཁ་ཞུས་ཡོད་པ་རེད།

མདོ་སྨད་ཚབ་ཚའི་བླ་རབས་༡༧་པ་སྨན་རིའི་དགེ་བཤེས་འཇིགས་བྲལ་བསྟན་འཛིན་རིན་ཆེན་རྒྱལ་མཚན་མཆོག་གི་ལོ་རྒྱུས་མདོར་བསྡུས།
མདོ་སྨད་ཚབ་ཚའི་བླ་རབས་༡༧་པ་འཇིགས་བྲལ་བསྟན་འཛིན་རིན་ཆེན་རྒྱལ་མཚན་མཆོག་ནི་གངས་རི་ར་བས་བསྐོར་བའི་ཡུལ་ལྗོངས་བོད་ཆེན་པོའི་ཤར་ཕྱོགས་མཁས་གྲུབ་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པའི་གནས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་བརྒྱུད་འཛིན་དར་སྤེལ་བྱས་པའི་ཡུལ་ལོ་རྒྱུས་ཡུན་རིང་ལྡན་པའི་’’ ཟིང་ཆུ་ནག་རིང་མཁའ་འགྲོ་འུག་གདོང་མ། ཞེས་ཡོངས་སུ་གྲགས་པའི་གནས་མཆོག་ཁྱད་པར་ཅན་གྱི་འཁྲིས་སུ་གདུང་རྒྱུད་བྱིན་གྱིས་བརླབས་པ་དམ་པ་ཁྱུང་ནག་ཚབ་ཚའི་གདུང་ལས་ཡབ་ཁྱུང་ཚ་བསྟན་པ་གོང་འཕེལ་དང་ཡུམ་ཧོར་བཟའ་བོན་གོ་གཉིས་ཀྱི་སྲས་སུ་མེ་སྟག་ལོ་ཕྱི་ལོ་༡༩༨༦་ལོའི་ཟླ་༦་ཚེས་༡༡་ཉིན་སྐུ་འཁྲུངས། དགུང་ལོ་༦་ནས་ཡབ་ཀྱི་དྲུང་ནས་ངེས་ལེགས་ཡོན་ཏན་གྱི་གཞི་མ་འབྲི་ཀློག་སྦྱངས་པ་ནས་བཟུང་རིམ་བཞིན་དགའ་མལ་དགོན་དང་བྲག་གཡུང་དྲུང་ཁ་ནས་འདོན་ཆོག་ཆོ་ག་སོགས་ལ་སློབ་གཉེར་བྱས། དགུང་ལོ་དགུ་ནས་’’་ཕ་ཡུལ་སྤང་བ་རྒྱལ་སྲས་ལག་ལེན་ཡིན་’’ ཞེས་པ་ལྟར་ཡབ་ཡུམ་གྱི་མཐུན་རྐྱེན་བཟང་པོ་ལ་བརྟེན་ནས་དགུང་ལོ་༡༣་བར་རྔ་བ་སྣང་ཞིག་དགོན་ནས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་ཨ་ཁུ་སྣང་གོ་ཁུ་དབོན་གཉིས་ཀྱི་དྲུང་ནས་སློབ་གཉེར་གནང་། དགུང་ལོ་༡༥་ནས་༡༨་བར་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་དུ་གྲུབ་དབང་ཤར་རྫ་བའི་ཕྱག་སྲོལ་ལྟར་སྒྲུབ་གྲྭ་ལོ་གསུམ་བཞུགས། དེའི་རིང་དུ་གཡུང་དྲུང་གླིང་དགེ་སློང་ཤེས་རབ་བསྟན་འཛིན་མཆོག་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར་སྒྲུབ་སློབ་ལྷུན་གྲུབ་བསྟན་འཛིན་སོགས་ཀྱི་དྲུང་དུ། སྔོན་འགྲོ་དང་དངོས་གཞི་གཏུམ་མོ་རྩ་ལུང་ཞག་བརྒྱ་ལན་གཉིས། བཅུད་ལེན། འོད་གསལ་མུན་མཚམས་སོགས་བཞུགས་ཤིང་ཉམས་སུ་བླངས། ཕྱི་ལོ་༢༠༠༦་ཟླ་༡་ཚེས་༢༡་ཉིན་འཕགས་ཡུལ་བྱེས་ཀྱི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་འབྱོར་བྱུང་སྟེ་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རིའི་མཁན་ཆེན་༸ཁྲི་འཛིན་༣༣་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་གསེར་ཞལ་མཇལ་བ་དང་རྟགས་དང་རྟེན་འབྲེལ་ལེགས་པ་ཉིན་དེར་བླ་མེད་རྫོགས་པ་ཆེན་པོའི་ཡིད་དམ་ཞང་ཞུང་མེ་རིའི་བཀའ་དབང་ཐོབ།
ཚེས་༢༢་ཉིན་༧རྗེ་སྨན་རི་བ་མཁན་ཆེན་ཁྲི་འཛིན་༣༣་པ་ཆེན་པོ་མཆོག་དང་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་དྲུང་དུ་རབ་ཏུ་བྱུང་ནས་ཉིན་བཟང་དེར་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། དེ་ནས་བཟུང་གྲྭ་ས་སྨན་རིའི་ཕྱག་སྲོལ་བཞིན་སྡུད་གྲྭ་ནས་རྫོགས་ཆེན་བར་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་ལ་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསལ་དེ་ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་སྨིན་པའི་སློབ་གཉེར་ཚུལ་བཞིན་གནང་མཐར། བོད་ལྕགས་བྱི་ལོར་ཕྱི་ལོ་༢༠༢༠་ཟླ་༣་ཚེས་༡༠་ཉིན་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་ཕྱག་འཁྱེར་བཞེས། སློབ་གཉེར་གྱི་ཞོར་དུ་དགོན་པ་གྲྭ་ཚང་ལ་ཞབས་ཕྱི་རབས་དང་རིམ་པ་ཞུས་པ། ༢༠༡༣་ནས་༡༥་བར་ལོ་གསུམ་རིང་སྨན་རིའི་གྲྭ་ཚང་སྤྱི་གཉེར་ཆེན་མོའི་ལས་འགན་བཞེས། ཕྱི་ལོ་༢༠༠༩་ནས་བཟུང་༢༠༡༧་ཟླ་༩ཚེས་༡༤་བར་རྩ་བའི་བླ་མ་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣་པ་རིན་པོ་ཆེའི་སྐུ་མདུན་ནས་སྐུ་སྒེར་དྲུང་ཡིག་དང་སྨན་རིའི་བླ་བྲང་གི་ཕྱི་ནང་གི་ལས་དོན་དུ་མའི་ཐུགས་འགན་བཞེས་ཤིང་མཉེས་པ་གསུམ་གྱིས་རྩ་བའི་བླ་མར་ཞབས་ཏོག་བསྒྲུབས། ༢༠༡༦་དང་༢༠༡༧་ནང་རྩ་བའི་བླ་མའི་ཞབས་ཕྱི་ཁོ་ནའི་ཆེད་ཨ་རིར་ལན་གཉིས་ཕེབས། ཁྱད་པར་དུ་༢༠༡༧་ལོར་རྩ་བའི་བླ་མ་ཞིང་དུ་གཤེགས་ནས་ཞེ་དགུའི་ནང་ཚུད་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནས་གཙང་བཀྲིས་སྨན་རི་དགོན་དུ་༧སྐྱབས་རྗེ་ཞིང་ཁམས་པའི་སྐུ་གདུང་བཞེངས་གསོལ་གནང་སྐབས་ནང་རྟེན་དུ༌གདུང་རུས་ན་བཟའ་སོགས་བསྣམས་ནས་བོད་དུ་ཕེབས།

 

དེ་བཞིན་༢༠༡༨་ལོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་དང་དཔོན་སློབ་རིན་པོ་ཆེ་ཟུང་གི་བཀའ་ཕེབས་ལྟར་རྩ་བའི་བླ་མ་ཞིང་ཁམས་པའི་སྐུ་ང་འདྲ་མ་དང་གསེར་གདུང་ཆེ་ཆུང་གཉིས་བཞེངས་པའི་ཐུགས་འགན་བཞེས། ཁོང་གིས་བསྟན་པ་དགོན་པར་ལྷག་བསམ་དང་མཐུ་དཔུང་སྡོང་གྲོགས་རྒྱ་ཆེན་མཛད་པ་སྐྱེས་ཆེན་དུ་མའི་ཐུགས་དགྱེས་ཤིང་བསྔགས་བརྗོད་ཡང་ཡང་གནང་། ༢༠༢༠/༣/༡༢་ཉིན་དཔལ་གཤེན་བསྟན་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་ལྷ་སྡེ་སེར་སྐྱ་མི་དམངས་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གྲྭ་ས་སྨན་རིའི་གླིང་དུ་བླ་མར་ཁྲི་བཞེངས་མཛད་པ་བཅས་མདོར་ཙམ་བརྗོད་པ་འདི་ནི། སྨན་རིའི་སློབ་གཉེར་བ་བསོད་ནམས་རབ་བརྟན་ནས་བཀོད་པའོ།