གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་དགེ་བཤེས་འབྲི་རུ་བླ་མ་དྲང་སྲོང་གཡུང་དྲུང་འཇིགས་མེད་རྒྱ་མཚོ་མཆོག་བླ་མར་ཁྲི་བཞེངས་མཛད་པ།

དང་པོའི་ཚེས་བཅོ་བརྒྱད་ཉིན་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྨན་རིའི་དགེ་བཤེས་འབྲི་རུ་དྲང་སྲོང་གཡུང་དྲུང་འཇིགས་མེད་རྒྱ་མཚོ་མཆོག་འབྲུ་རུ་རྫོང་གསའ་མདའ་བོན་དགོན་མི་གཡོ་བསམ་གཏན་གླིང་གི་ལྷ་སྡེ་མི་མང་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གྲྭ་ས་ཆེན་པོའི་ལམ་སྲོལ་བཞིན་གོང་ཟླའི་བོད་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པའི་ཕྱག་ཚོད་༡༠།༠༠་སྟེང་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གོ་སྒྲིག་འོག་སྤོས་འདྲེན་དང་དུང་རྒྱ་གླིང་པ་བཅས་ཀྱིས་བསུ་མ་ཞུས་ཏེ་སྨན་རིའི་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་གཅན་ལྔས་བཏེགས་པའི་ཁྲི་ལ་བཞུགས་གསོལ་མཛད།
དེ་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་སྡེ་དགོན་ཟུང་གི་ཚོགས་པ་ཆེ་ཕྲ་ཁག་གི་དབུ་འཛིན་རྣམས་ཀྱིས་རིམ་བཞིན་མནྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མང་ཚོགས་ཡོངས་ནས་དར་ཁ་བསྒྲོན་འབུལ་དང་མཇལ་ཁ་ཞུས་ཡོད་པ་རེད།
འབྲི་རུ་བླ་མ་གཡུང་དྲུང་འཇིགས་མེད་རྒྱ་མཚོ་མཆོག་གི་ལོ་རྒྱུས་སྙིང་བསྡུས།

འབྲི་རུ་བླ་མ་དྲང་སྲོང་གཡུང་དྲུང་འཇིགས་མེད་རྒྱ་མཚོ་མཆོག་ནི་འབྲི་རུ་རྫོང་གསའ་མདའ་བོན་དགོན་མི་གཡོ་བསམ་གཏན་གླིང་གི་ལྷ་སྡེར་གཏོགས་པ་རྙི་གྲོང་ཚོར་སྐུ་འཁྲུངས། ཆུང་ངུན་དུས་སུ་ཨ་ཞང་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གི་དྲུང་ནས་འབྲི་ཀློག་འདོན་གསུམ་སོགས་སྦྱོང་། རྣལ་འབྱོར་བསམ་གཏན་གཙུག་ཕུད་མཆོག་གི་སྐུ་མདུན་ནས་སྔོན་འགྲོ་དང་དངོས་གཞི་སོགས་བློ་སྦྱོང་གི་རིམ་པ་མི་དམན་པར་མཛད། དེ་རྗེས་གསའ་མདའ་བོན་དགོན་མི་གཡོ་བསམ་གཏན་གླིང་གི་དབུ་བླ་ཞུ་གཡས་ཉི་ཟླ་ཚེ་དབང་རིན་པོ་ཆེའི་བཀའ་དགོངས་བཞིན་༧དཔལ་གཤེན་བསྟན་རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་དཔོན་སློབ་ལུང་རྟོགས་བསྟན་པ་རྒྱལ་མཚན་གྱིི་དྲུང་ནས་ཐུན་མིན་ནང་དོན་རིག་པའི་གཞུང་ལུགས་བློ་རྟགས་སྡུད་གསུམ་དང་ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ་སོགས་སྦྱོང་པ་གནང་།

དེ་རྗེས་སྤྱི་ལོ་༢༠༠༥་ལོ་བལ་ཡུལ་དུ་འབྱོར་ནས་སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས་ཤིང་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྒྲིགས་ཁོངས་སུ་ཞུགས། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་སྒྲུབ་གྲྭའི་མཁན་རིན་པོ་སོགས་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་ནས་སྡུད་གྲྭ་དང་རྟགས་རིགས་ཚད་མ་ཐེག་འགྲེལ་ས་ལམ་ཕར་ཕྱིན་དབུ་མ་མཛོད་འདུལ་བ་སོགས་སྦྱོང་པ་གཞན་འདྲིང་མི་འཇོག་བར་གནང་མ་ཟད་སུམ་རྟགས་དག་གསུམ་སྙན་ངག་རྩིས་དཀར་ནག་ཐིག་རྡུལ་ཚོན་སྨན་སོགས་ཐུན་མོང་རིག་པའི་གནས་ཐམས་ཅད་ལ་སྦྱོང་པ་མཐིལ་ཕྱིན་པར་མཛད།
ལྷག་པར་ཏུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡོངས་འཛིན་བསྟན་འཛིན་དག་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྫོགས་པར་ཞུས། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་སྐུ་མདུན་ནས་གསང་སྔགས་དང་རྫོགས་པ་ཆེན་པོ་སྙན་རྒྱུད་བཀའ་བརྒྱུད་སྐོར་བཞི་གཙོས་པའི་སེམས་ཕྱོགས་ཀྱི་བོན་སྡེ་དུ་མར་བོན་ཁྲིད་ཞུ་བའི་བསྐལ་བཟང་ཐོབ། དེ་རྗེས་སྤྱི་ལོ་༢༠༡༥་ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་འབྱོར་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེའི་སྐུ་མདུན་ནས་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་གཙོས་པའི་གསང་སྔགས་ཀྱི་བོན་སྡེ་དང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་གཙོས་པའི་སེམས་ཕྱོགས་ཀྱི་བོན་སྡེ་རྣམས་དབང་ལུང་ཁྲི་གསུམ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་ཞུས་གནང་། དཔལ་གཤེན་སྨན་རིའི་བཤད་སྒྲུབ་མཁན་སློབ་གཉིས་ཀྱི་མདུན་ནས་མ་རྒྱུད་སངས་རྒྱས་རྒྱུད་གསུམ་སོགས་སྔགས་ཕྱོགས་ཀྱི་བོན་སྡེ་མང་པོར་གསན་བསམ་གནང་།  སྤྱི་ལོ་༢༠༢༠་ཟླ༣་ཚེས་༡༠་བོན་འབངས་ཡོངས་ཀྱི་དབུ་ཁྲིད་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་མདུན་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་མཚན་བཏགས་བཞེས།
སྤྱི་ལོ་༢༠༢༠་ཟླ་བ་༣་ཚེས་༡༢་ཉིན་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འབྲི་རུ་རྫོང་མི་གཡོ་བསམ་གཏན་གླིང་གི་བླ་མ་རུ་ཁྲི་བཞེངས་གནང་ཡོད་པ་བཅས་ཀྱི་མཚམས་སྦྱོར་སྙིང་བསྡུས་ཙམ་མོ།།