གཡུང་དྲུང་བོན་གྱི་དྲྭ་རྒྱ།

བརྒྱུད་པ་བཞི་དང་འབྲེལ་ནས་འཆད་ཐབས་སྙིང་བསྡུས།

འཁོར་འདས་གཉིས་ཀྱི་འབྱུང་གཞི། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། གྲུབ་མཐའ་ཐམས་ཅད་ཀྱི་མཐར་ཐུག  རྒྱུད་རྣམས་ཀུན་གྱི་རྒྱལ་པོ། བཀའ་རྣམས་ཀུན་གྱི་འབྱུང་གནས།  མན་ངག་ཀུན་གྱི་ཉིང་ཁུ། བསྟན་པ་ཀུན་གྱི་སྙིང་པོ། བདེར་གཤེགས་དགོངས་རྒྱུད་དགུའི་ཐུགས་བཅུད། གང་ཟག་ཉི་ཤུ་རྩ་བཞིའི་སྙན་རྒྱུད། གྲུབ་ཐོབ་བླ་མ་རྣམས་ཀྱི་ཉམས་རྒྱུད། སྐལ་ལྡན་རྣམས་ཀྱི་བདུད་རྩི། སྐལ་མེད་རྣམས་ཀྱི་བཙན་དུག་དུ་གྲགས་པའི་སྙིང་པོ་ཐིག་ལེ་ཉག་གཅིག། རང་གྲོལ་རིག་པའི་རྒྱལ་པོ། གསལ་སྟོང་འཛིན་མེད་ཀྱི་རིག་པ། དེ་བཞིན་མཚན་གྱི་རྣམ་གྲངས་དུ་མས་བརྒྱན་པའི་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་ཉིད་ཟབ་མོ་དེ་ཉིད།། རྒྱལ་བ་དགོངས་རྒྱུད་དགུ་ཡི་དུས་སུ། ཚིག་དང་ཡི་གེའི་རིས་སུ་མ་བསྟན་པར་དགོངས་པ་ནས་དགོངས་པར་བྱིན་གྱིས་རླབས་ནས་བརྒྱུད་དེ་གསུངས། འཇའ་ལུས་འཕོ་ཆེན་ཉེར་བཞིའི་དུས་སུ། ཡི་གེའི་རིས་སུ་མ་བསྟན་པར་གཅིག་བརྒྱུད་ཀྱི་ཚུལ་དུ་སྙན་ནས་སྙན་དུ་བརྒྱུད་དེ་གསུངས། སྤྲུལ་སྐུ་དྲིན་ཅན་རྣམ་གཉིས་ཀྱི་དུས་སུ་གྱེར་སྤུངས་ཆེན་པོས། རང་གྲོལ་གྱི་དོན་ཟབ་མོ་དེ་ཉིད་སྟོན་པར་བྱེད་པའི་བཀའ་རྒྱུད་ཀྱི་གདམས་པ་ཟབ་མོ་སྐོར་བཞི་པོ་དེ་རྣམས་རྗེ་སྤྲུལ་པའི་སྐུ་ལས་ཞུས་ནས་དུང་ཤོག་དཀར་པོ་ལ་གཡུ་རིས་སྔོན་པོ་བཏབ་སྟེ་ཕྱི་རབས་རྗེས་འཇུག་རྣམས་ཀྱི་རྟེན་དུ་བཞག དགོངས་རྒྱུད་དགུ་དང་འཕོ་ཆེན་ཉེར་བཞིའི་ཉམས་རྒྱུད་ཀྱི་གདམས་པ་རྣམས་དེ་དུས་ཡིག་ཐོག་ཏུ་བཀོད་མེད་པ་འདྲ། གྱེར་སྤུངས་ཆེན་མོ་ནས་གདམས་པ་འདི་ཡི་བརྒྱུད་པ་འཛིན་པའི་ཞང་ཞུང་སྨར་གྱི་གྲུབ་ཆེན་ཕ་བ་རྒྱལ་གཟིགས་གསས་ཆུང་། དམུ་ཙོག་གེ། དམུ་ཙོ་སྟངས། དམུ་ཤོད་ཏྲམ་ཆེན་མོ། དམུ་རྒྱལ་བ་བློ་གྲོས། དཔོན་ཆེན་བཙན་པོ་དང་དྲུག་བྱུང་། འདིའི་བར་བཀའ་ཉམས་གཉིས་གཅིག་བརྒྱུད་དུ་བྱུང་། དཔོན་བཙན་པོ་ནས་བཀའ་ཉམས་གཉིས་སོ་སོར་བརྒྱུད་དེ། སྨད་རྒྱུད་ཉམས་རྒྱུད་དང་། སྟོད་རྒྱུད་བཀའ་རྒྱུད་སྐོར་བཞིའོ། དང་པོ་ཉམས་རྒྱུད་ཀྱི་གདམས་པ་དཔོན་བཙན་པོ་ནས་སྨད་ལུགས་བོད་ཀྱི་བླ་མ་དཔོན་ཆེན་ལྷུན་གྲུབ་མུ་ཐུར་ལ་བརྒྱུད། དེས་གཤེན་རྒྱལ་ལྷ་རྩེ། དེས་ལོམ་ཏིང་ལྷ་སྒོམ་དཀར་པོ། དེས་དངོས་གྲུབ་རྒྱལ་མཚན་རིང་མོ། དེས་རྗེ་འོར་སྒོམ་ཀུན་འདུལ་དང་ལྔ་ལ་རིམ་བཞིན་ཉམས་ཐོག་ནས་བརྒྱུད་པ་ལས་ཉམས་རྒྱུད་ཡི་གེར་བཀོད་པ་མེད་དོ། བླ་མ་དེ་ལྔ་ལ་སྨད་ལུགས་བོད་ཀྱི་བླ་མ་ལྔ་ཞེས་གསུངས། གཉིས་པ་སྟོད་རྒྱུད་བཀའ་རྒྱུད་སྐོར་བཞི་པོ་ནི། དཔོན་བཙན་པོས་ས་སྟོད་དུ་གུ་གེ་ཤེས་རབ་བློ་ལྡན་ལ་བརྒྱུད། དེས་པུ་ཧྲང་ཀུན་དགའ་རིང་མོ་ལ་བརྒྱུད། དེས་རྣལ་འབྱོར་གསས་མཆོག་ལ་བརྒྱུད། དེས་བླ་མ་ཁྱུང་བྱིད་མུ་ཐུར་ལ་བརྒྱུད། དེས་བླ་མ་རྩི་བདེ་བ་རིང་མོ་ལ་བརྒྱུད། དེས་བླ་མ་རོང་སྒོམ་རྟོག་མེད་ཞིག་པོ་སོགས་དྲུག་ལ་བྱིན་གྱིས་བརླབས་ནས་རིམ་བཞིན་མྱོང་ཐོག་ནས་འཆད་ཅིང་བརྒྱུད་པའོ། བླ་མ་འདི་རྣམས་ལ་སྟོད་ལུགས་ཀྱི་བླ་མ་དྲུག་ཅེས་གསུངས་སོ། སྟོད་ལུགས་དང་སྨད་ལུགས་ཀྱི་ཁྱད་པར་ནི། སྟོད་ལུགས་ཀྱི་བླ་མ་དྲུག་ནས་རིམ་བཞིན་སྟོད་གུ་གེ་དང་པུ་རང་སོགས་སྟོད་ཀྱི་ས་སྐོར་རྣམས་སུ་དར་ཁྱབ་ཆེ་བ་བྱུང་བ་ལ་སྟོད་ལུགས་དང་། སྨད་ལུགས་ཀྱི་བླ་མ་ལྔ་ནས་རིམ་བཞིན་སྨད་བོད་ཀྱི་ས་སྐོར་དབུས་གཙང་སོགས་སུ་དར་ཁྱབ་ཆེ་བ་བྱུང་བ་ལ་སྨད་ལུགས་སུ་གྲགས་སོ། སྟོད་ལུགས་ཀྱི་བླ་མ་དྲུག་པ་རོང་སྒོམ་རྟོག་མེད་ཞིག་པོ་དང་། སྨད་ལུགས་ཀྱི་བླ་མ་ལྔ་པ་འོར་སྒོམ་ཀུན་འདུལ་གཉིས་ཀྱི་ཞབས་ལ་གཏུགས་ནས་བཀའ་ཉམས་གཉིས་ཀའི་བརྒྱུད་པ་འཛིན་པའི་བཀའ་བབ་ཀྱི་གཤེན་པོ་ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་ཉིད་དོ། སྟོད་ཀྱི་བཀའ་རྒྱུད་དང་སྨད་ཀྱི་ཉམས་རྒྱུད་གཉིས་ཀའི་ཕུགས་དཔོན་རྒྱལ་བཙན་པོ་ལ་ཐུག་ཅིང་། སྟོད་སྨད་གཉིས་ཀྱི་གདམས་པའི་བཀའ་བབ་ཀྱི་མདོ་བཞག་ས་ཡང་སྟོན་ཆེན་པོའོ། ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་ནས་བྱང་རྒྱུད་དང་ལྷོ་རྒྱུད་གཉིས་སུ་གྱེས་པ་སྟེ། དང་པོ་བྱང་རྒྱུད་ཀྱི་བླ་མ་ལུང་སྒོམ་རྟོག་མེད། དེས་འཁྲུལ་མེད་ཞིག་པོ། དེས་གཉག་སྒོམ་རི་པ་ཤེར་ཚུལ། དེས་ཨུ་རི་བསོད་ནམས་རྒྱལ་མཚན། དེས་སྒྲོ་སྙ་བསོད་ནམས་ཡེ་ཤེས། དེས་རྒྱ་སྟོན་ཡེ་ཤེས་རིན་ཆེན། དེས་བྱ་བཏང་ཚུལ་ཁྲིམས་བཟང་པོ་དང་ཚུལ་ཁྲིམས་རྒྱལ་མཚན་སྐུ་མཆེད་གཉིས། དེས་གླེན་སྟོན་བསོད་ནམས་རྒྱལ་མཚན་དང་དགུ་ལ་རིམ་བཞིན་བརྒྱུད་པའོ། བླ་མ་འདི་རྣམས་ལ་བྱང་རྒྱུད་ཀྱི་བླ་མ་དགུ་ཞེས་གསུངས། གཉིས་པ་ཡང་སྟོན་ཆེན་པོ་ནས་བརྒྱུད་པའི་ལྷོ་རྒྱུད་ཀྱི་བླ་མ་དང་པོ་ཡང་སྟོན་དམ་པ་འབུམ་རྗེ། དེས་གཅུང་པོ་བཀྲ་ཤིས་རྒྱལ་མཚན། དེས་དབོན་པོ་ཡེ་ཤེས་རྒྱལ་མཚན། དེས་ཡང་སྟོན་རྒྱལ་མཚན་རིན་ཆེན། དེས་རྟོགས་ལྡན་གཅིག་ཆོད་དད་པ་ཤེས་རབ། དེས་བྲུ་ཆེན་རྒྱལ་བ་གཡུང་དྲུང་། དད་ཤེས་དང་རྒྱལ་བ་གཉིས་ཀས་ལ་སྟོད་རི་པ་ཤེར་བློ། དེས་ཁྱུང་པོ་རང་གྲོལ་བླ་མ་རྒྱལ་མཚན། བྲུ་རྒྱལ་བས་ཨ་ཐོག་ཡེ་ཤེས་རིན་ཆེན། དེས་ཀར་ཚ་བསོད་ནམས་བློ་གྲོས། དེས་སྤྲུལ་སྐུ་བསྟན་རྒྱལ་བཟང་པོ་ལ་མྱོང་ཐོག་ནས་རིམ་གྱིས་བརྒྱུད་པའོ།། ལྷོ་རྒྱུད་ཡང་སྟོན་དམ་པ་འབུམ་རྗེ་ནས་བསྟན་རྒྱལ་བཟང་པོ་ཡན་དང་། བྱང་རྒྱུད་ལུང་སྒོམ་རྟོག་མེད་ནས་གླེན་སྟོན་བསོད་ནམས་རྒྱལ་མཚན་ཡན་ནོ། ལྷོ་བྱང་གི་ཁྱད་པར་ནི། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས། སྟོད་སྨད་གཉིས་ལྷོ་བྱང་གཉིས་དང་བཞི་པོ་དེ་ཡང་། བླ་མ་རྣམས་ཀྱི་ས་གནས་ཀྱི་མཐོ་དམན་དང་། བཞུགས་ཡུལ་གྱི་ཁྱད་པར་ལ་ལྟོས་ནས་དེ་ལྟར་བཤད་པའོ། ཞེས་དང་། སྙན་རྒྱུད་རྒྱས་བཤད་ཆེན་མོ་ལས། ལྷོ་རྒྱུད་དུ་གྲགས་པའི་གཏན་ཚིགས་ནི། རྟོགས་ལྡན་དད་ཤེས་ལྷོ་བྲག་ལས་སོགས་གནས་སྐོར་ལ་བྱོན་དུས། བྲུ་རྒྱལ་བར་སྤེལ་བས་ལྷོ་རྒྱུད་དོ།  བྱང་རྒྱུད་ནི་སྤང་ལ་ནས། ལ་སྟོད་བླ་མ་འཁྲུལ་ཞིག གཉག་སྒོམ་རྟོགས་ལྡན། རྟོགས་ལྡན་ཨུ་རི། དཔོན་གསས་ཁྱུང་རྒོད། ཞང་བློ་གྲོས། ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཡན་ཆད་བརྒྱུད་པ་བྱང་རྒྱུད་དུ་གྲགས་སོ། ཞེས་གསུངས་སོ།  སྙན་རྒྱུད་དང་ཉམས་རྒྱུད་ཀྱི་གདམས་པ་ཟབ་མོ་འདི་རྣམས་གཞན་ལ་ཚུལ་ཇི་ལྟར་འཆད་པར་བྱེད་པ་ལ། བླ་མ་གྲུབ་ཐོབ་བཅུ་ཡི་བཤད་སྲོལ་སོ་སོ་ནས་ཡོད་ཀྱང་། འདིར་སྐབས་སུ་བབས་པ་སྙན་རྒྱུད་འཕོ་ཆེན་ཉེར་བཞིི་ཡི་གདམས་པའི་བཀའ་བབ་གྱེར་སྤུངས་ཆེན་པོ་སྣང་བཞེར་ལོད་པོའི་བཤད་སྲོལ་ཐུན་མོང་མ་ཡིན་པ། རང་འབྱུང་ཡེ་ཤེས་ཀྱི་ལྟ་བ་དཔང་མཐོ་ཡང་།  བརྒྱུད་པ་བཞིའི་རྐྱ་བར་ལ་མ་བཤར་ཅིང་། བླ་མ་གསུམ་གྱི་ངོས་འཛིན་མ་ཤེས་ན། ཤིང་སྡོང་ཁོག་རུལ་པ་དང་འདྲ། ལུང་གི་ཆེ་བ་ལ་བསྟེན་ནས་ལྟ་བ་སློབ་པ་ནི། བྱེ་མའི་རི་ལ་མཁར་བརྩིགས་པ་དང་འདྲ་སྟེ། སོ་མི་ཐུབ་སྟེ། འཇིག་པར་འགྱུར་རོ། ཞེས་གསུངས་སོ།

 ཡེ་ཤེས་སྐྱེ་བ་ཚིག་གི་བརྒྱུད་པ་ལ། གཞུང་གཞན་གྱི་ལྷད་མ་ཞུགས་པར་བཤད་པའི་ཚུལ།

ཡེ་ཤེས་སྐྱེ་བ་ཚིག་གི་བརྒྱུད་པ་ལ། གཞུང་གཞན་གྱི་ལྷད་མ་ཞུགས་པར་བཤད་ཅེས་པའི་གོ་དོན་ནི། ཡེ་ནས་རང་གི་རྒྱུད་ལ་རང་ཆས་སུ་ཡོད་པའི་རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པ་འདི་ཉིད། རྒྱལ་བ་དགོངས་རྒྱུད་དགུ་ནས་དགོངས་པ་ཐུགས་ཀྱི་སྒོ་ནས་བརྒྱུད་པ་ཡིན་ལ། གང་ཟག་ཉི་ཤུ་རྩ་བཞིའི་རིང་ཚིག་གི་སྒོ་ནས་སྙན་ནས་སྙན་དུ་བརྒྱུད་པའོ། སྐྱེ་བ་ནི། ལ་བཟླའི་གཤེན་པོ་ལྔ་དང་། དོན་དྲུག་གནད་དུ་བསྣུན་པའི་བླ་མ་དྲུག གདམས་དགུ་ལྷུག་པར་སྟོན་པའི་བླ་མ་དགུ། མན་ངག་དབུ་རྒྱན་བཞི་ཡི་བླ་མ་བཞི་སྟེ་འཇའ་ལུས་འཕོ་ཆེན་ཉེར་བཞི་རྣམས་ཀྱི་རིང་། རྒྱུད་ལུང་མན་ངག་གི་ཟམ་མ་ཆད། ཐུགས་རྗེ་བྱིན་རླབས་ཀྱི་ན་བུན་མ་ཡལ། དབང་དང་དངོས་གྲུབ་ཀྱི་ཉག་ཐག་མ་ཆད་པར། བླ་མ་གོང་མའི་གསུང་སྒྲོས་ལ་བརྟེན་ནས། འོག་མ་འོག་མའི་རྒྱུད་ལ་སྙན་རྒྱུད་ཀྱི་ལྟ་དགོངས་དང་ཉམས་རྟོགས་ཁྱད་པར་ཅན་རང་རྒྱུད་ལ་འཕོ་བ་ཡིན་ནོ། ཚིག་གི་བརྒྱུད་པ་ཞེས་པ་ནི། ཡི་གེ་རིས་སུ་མ་བསྟན་པར་ཚིག་ཐོག་ནས་བརྒྱུད་པས་ནའོ། དེ་ལྟ་བུའི་སྙན་རྒྱུད་ཀྱི་དགོངས་པ་ཟབ་མོ་དེ་ཉིད་གཞན་ལ་འཆད་ན། གཞུང་གཞན་གྱི་ལྷད་མ་ཞུགས་པའི་སྒོ་ནས་འཆད་དགོས་ཞེས་གསུངས་པ་ཡིན་ནོ། གཞུང་གཞན་གྱི་ལྷད་མ་ཞུགས་པར་འཆད་པའི་ཚུལ་ནི། དཔེར་ན་མུན་པའི་སྨག་རུམ་སེལ་བའི་སྒྲོན་མེ་ལ། གསལ་བྱེད་གཞན་གྱི་དགོས་པ་མེད་པ་བཞིན།  སྙན་རྒྱུད་ཀྱི་གདམས་པ་ཟབ་མོ་འདི་རྣམས། རང་གཞུང་ཐུན་མོང་མ་ཡིན་པའི་སྙན་རྒྱུད་གཞུང་གི་འཆད་ཐབས་དང་འབྲེལ་ནས་འཆད་དགོས་པ་ལས། གཞུང་གཞན་དང་མཉམ་བསྲེས་བྱས་ནས་འཆད་པ་ལ་དགོས་པ་མེད་པའི་ཕྱིར་རོ།  དེ་ཡང་ཕྱི་ལྟ་བ་སྤྱི་གཅོད་ཐེག་པ་སྤྱི་འགྲོས་ཀྱི་ཚུལ་དུ་བཤད་པ་དང་། ནང་མན་ངག་དམར་ཁྲིད་སྒྲོན་མ་དྲུག་གི་གནད་དང་འབྲེལ་ནས་བཤད་པ་དང་། གསང་བ་རིག་པ་གཅེར་མཐོང་མན་ངག་བརྒྱད་དང་འབྲེལ་ནས་བཤད་པ་དང་། ཡང་གསང་གནས་ལུགས་ཕུགས་ཆོད་གཟེར་བུ་ཉེར་གཅིག་གི་གནད་དང་བསྟུན་ནས་འཆད་དགོས་པ་དང་། དེ་ཡང་ཐུན་མིན་སྙན་རྒྱུད་གཞུང་གི་འཆད་ཐབས་ཟུར་དུ་བཞུགས་པ་ཇི་བཞིན་འཕྲིན་ལས་ཀྱི་གོ་རིམ་དང་བསྟུན་ནས་འཆད་པར་བྱ་དགོས། ཁྱད་པར་དུ་ལྟ་དགོངས་དང་འབྲེལ་ནས་འཆད་དགོས་པ་ཡིན་ཏེ།  བསྟན་པའི་རྣམ་བཤད་ལས།  སེམས་ཕྱོགས་འཆད་ན་ལྟ་དགོངས།  གསང་སྔགས་ཕྱག་བཞེས།  མཚན་ཉིད་བརྒལ་ལན། འདུལ་བ་སྤྱོད་ལམ་དང་བསྟུན་ནས་འཆད་པའོ།  ཞེས་གསུངས་སོ།   གཞུང་གཞན་དང་བསྲེས་ལྷད་བཅུག་ནས་བཤད་པར་མི་བྱ་སྟེ། དགོས་པ་མེད་ཅིང་མི་རུང་བས་སོ། གཞུང་གཞན་དང་བསྲེས་ནས་བཤད་ན་བཤད་ལུགས་ཀྱི་ཉེས་པ་ཆེན་པོ་འབྱུང་བའི་ཚུལ་ནི་འདི་ལྟར་ཏེ། ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་ལས། ད་བཤད་ལུགས་ཉེས་པའི་སྐྱོན་བརྒྱད་དེ། སྔགས་དང་མཚན་ཉིད་ཀྱི་ཐེག་པ་བསྲེས་ནས་བཤད་ན། སྔགས་ཁྱད་པར་ཅན་གྱི་དོན་ལས་གོལ་བས། ཁྱུང་ཐང་ལ་བབས་པའི་བཤད་པ། སྔགས་ཕྱི་ནང་བསྲེས་ནས་བཤད་ན། བསྙེན་སྒྲུབ་ཟབ་མོའི་དོན་ལས་གོལ་བས། འབྲོག་འཆོལ་བའི་བཤད་པ། མངོན་པར་རྟོགས་པའི་གོ་རིམ་སྡེབ་མ་ཤེས་ན། བདུད་རྩི་རོ་ཉམས་ཀྱི་བཤད་པ། རྒྱུད་འཁྲུགས་པའི་དོན་སྡེབ་མ་ཤེས་ན། རིན་པོ་ཆེ་གཏེར་འཆོལ་གྱི་བཤད་པ། རྟོག་གེ་ཐེ་ཚོམ་གྱི་གག་སེལ་མ་ཤེས་ན། མཛངས་པ་ལྕེ་རྡུམ་གྱི་བཤད་པ། མི་མཐུན་པ་ཚིག་གི་དོན་སྡེབ་མ་ཤེས་ན། ཤེས་རབ་ལོང་བའི་བཤད་པ། ལུང་རིགས་འབྲེལ་ཚུལ་གཉིས་དང་མི་ལྡན་ན། ཐོ་ཆོ་བསྙོན་ཚིག་གི་བཤད་པ། སྤྱི་དང་ཁྱད་པར་གྱི་དགོས་ཆེད་འབྱེད་མ་ཤེས་ན། དོན་མེད་ཕྱལ་བའི་བཤད་པའོ། ཞེས་གསུངས་པ་ལྟར་རོ། སྙན་རྒྱུད་སྐོར་བཞིའི་གདམས་པ་ཟབ་མོ་རྣམས་འཆད་པའི་ཚེ། སྙན་རྒྱུད་རང་གཞུང་གི་ཐུན་མོང་མ་ཡིན་པའི་འཆད་ཐབས་དང་བསྟུན་ནས་འཆད་ན་ཁྱད་པར་དུ་འཕགས་པ་དང་བྱིན་ཆེ་བ་ཡིན་ནོ། ཐེག་པ་འོག་མའི་གཞུང་དང་བསྲེས་ནས་བཤད་མི་རུང་བ་ཅི་སྨོས། རྫོགས་ཆེན་གྱི་གཞུང་གཞན་རྣམས་དང་ཡང་བསྲེས་ལྷད་མི་བྱའོ།

 སྒྲོ་འདོགས་གཅོད་པ་དོན་གྱི་བརྒྱུད་པ་ལ་ཡིག་ཆུང་གི་ལྷད་མ་ཞུགས་པར་བཤད་པའི་ཚུལ།

སྒྲོ་འདོགས་གཅོད་པ་དོན་གྱི་བརྒྱུད་པ་ལ་ཡིག་ཆུང་གི་ལྷད་མ་ཞུགས་པར་བཤད་ཅེས་པའི་གོ་དོན་ནི། གདམས་ངག་ཚིག་ཏུ་ཟིན་ཞིང་རྒྱུད་ཐོག་ཏུ་མ་འབྱོར་བ། ཐ་སྙད་ཀྱི་ཚིག་ཕྱིར་འབྲེང་བའམ་ཚིག་མཐར་ཤོར་བ་དེ་ནི་སྒྲོ་འདོགས་ཡིན་ལ། དེ་ཉིད་གཅོད་དགོས་པ་ཡིན། ཁྱད་པར་དུ་གྱེར་སྤུངས་ཆེན་པོས་སྙན་རྒྱུད་ཀྱི་གདམས་པ་ཟབ་མོ་འདི་རྣམས་ཉམས་སུ་བླངས་པས་ལུས་ཀྱི་སྒྲོ་འདོགས་ཆོད། ཕ་ཝ་རྒྱལ་ཏིག་གསས་ཆུང་གིས་ཉམས་སུ་བླངས་པས་བྱ་ཆ་འབད་རྩོལ་གྱི་སྒྲོ་འདོགས་ཆོད། དམུ་ཙོ་གེས་ཉམས་སུ་བླངས་པས་ཕྱི་སྣང་བ་ལ་ལོག་རྟོག་གི་སྒྲོ་འདོགས་ཆོད། དམུ་ཙོ་ཏང་གིས་ཉམས་སུ་བླངས་པས་རེ་དོགས་ཀྱི་མཐའ་ལས་གྲོལ་ནས་འཁོར་བ་དོང་ནས་སྤྲུག་པས་སྒྲོ་འདོགས་ཆོད། དམུ་ཤོད་ཁྲམ་ཆེན་པོས་ཉམས་སུ་བླངས་པས་བརྗོད་བྱ་ཚིག་གི་སྒྲོ་འདོགས་ཆོད། དམུ་རྒྱལ་བ་བློ་གྲོས་ཀྱིས་ཉམས་སུ་བླངས་པས་འཁྲུལ་དང་མ་འཁྲུལ་གྱི་ཐག་ཆོད། དཔོན་བཙན་པོས་ཉམས་སུ་བླངས་པས་སྣང་བ་སྒྲོ་འདོགས་ཆོད། དཔོན་མུ་ཐུར་གྱིས་ཉམས་སུ་བླངས་པས་འཁྲུལ་པའི་སྒྲོ་འདོགས་ཆོད། བླ་མ་གཤེན་རྒྱལ་ལྷ་རྩེས་ཉམས་སུ་བླངས་པས་སེམས་ཀྱི་སྒྲོ་འདོགས་ཆོད།  བླ་མ་ལྷ་སྒོམ་གྱིས་བྱ་བྲལ་རྗེས་མེད་དུ་གཏན་ལ་ཕབས་ནས་སྒྲོ་འདོགས་ཆོད་པའོ། དེ་ལྟ་བུའི་སྒྲོ་འདོགས་རྣམས་ཆོད་ནས་དོན་གྱི་བརྒྱུད་པ་ཡི་གེ་མེད་པའི་རྒྱུད་ཅེས་པ། ལྟ་བའི་ངོས་ནས་བཤད་ན། སངས་རྒྱས་ཀྱི་དགོངས་པ་བྱ་བ་ནི། སྒྲ་ཚིག་ཡི་གེ་ཐམས་ཅད་ལས་འདས་པ་ཞིག་ཡིན་ཏེ། ཉམས་རྒྱུད་ནོར་བུའི་ཕྲེང་བ་ལས། ཡི་གེ་མེད་པས་སྒྲ་ལས་འདས། སྒྲ་དང་སྒྲ་མཐའ་སྟོང་པ་ཡིན། ཞེས་གསུངས་པ་ལྟར་རོ། དོན་གྱི་བརྒྱུད་ཚུལ་ནི། དགོངས་རྒྱུད་དགུ་ཡི་སྐབས་སུ་སྙན་རྒྱུད་ཀྱི་གདམས་སྐོར་རྣམས་ཚིག་དང་ཡི་གེ་གཉིས་ལས་འདས་ཏེ་བརྒྱུད་པ་དང་། འཕོ་ཆེན་ཉེར་བཞིའི་སྐབས་སུ་ཚིག་གིས་སྙན་དུ་བརྒྱུད་ཀྱང་ཡི་གེའི་རིས་སུ་མ་སྤེལ་ནས་མྱོང་ཐོག་ནས་དྲངས་ཏེ་བརྒྱུད་པ་དང་། དེ་བཞིན་ཉམས་རྒྱུད་ཀྱི་བླ་མ་བཅུ་ཡི་རིང་ལ་ཡང་། ཉམས་རྒྱུད་ཀྱི་གདམས་སྐོར་རྣམས་ཡི་གེའི་རིས་སུ་མ་སྤེལ་ནས་མྱོང་ཐོག་ཏུ་བརྒྱུད་པའོ། ཡིག་ཆུང་གི་ལྷད་མེད་པར་བཤད་ཅེས་པ་ནི། མིང་ཚིག་ཡི་གེ་སྒྲ་ཚིག་ཐམས་ལས་འདས་པའི་རང་གྲོལ་ཀུན་བཟང་གི་དགོངས་པ་འདི་ཉིད་ལ། གདོད་མ་ཉིད་ནས་ཚིག་དང་ཡི་གེའི་ལྷད་བཞུགས་མ་མྱོང་། དེ་བཞིན་བཀའ་རྒྱུད་རིན་པོ་ཆེ་སྐོར་བཞིའི་གདམས་པ་ཟབ་མོ་འདི་རྣམས་ལ། དགོངས་རྒྱུད་དགུ་དང་འཕོ་ཆེན་ཉེར་བཞིའི་སྐབས་རྣམས་སུ་གདམས་ངག་ཡིག་ཐོག་བཀོད་ནས་སྤེལ་མ་མྱོང་། དེ་བཞིན་བླ་མ་གྲུབ་ཐོབ་བཅུ་ཡི་རིང་ཉམས་རྒྱུད་ཀྱི་གདམས་སྐོར་རྣམས་བླ་མ་སོ་སོའི་ཐུགས་ལ་གབ་པ་དེ་རྣམས། སྐལ་ལྡན་གྱི་བུ་ལ་ཉམས་ཐོག་ནས་གོ་བརྡ་སྤྲད་ནས་གསུང་པ་ལས་དཔེ་ཆ་ལ་བསྟེན་མ་མྱོང་། དུས་ཕྱིས་ཡང་སྟོན་ཆེན་པོས་ཕྱི་རབས་རྣམས་ཀྱི་ཆེད་ཉམས་རྒྱུད་ཀྱི་གདམས་སྐོར་རྣམས་འོར་སྒོམ་ལས་ཞུས་ནས་ཡིག་ཐོག་ཏུ་བཀོད་པ་ཡིན་ཏེ། སྙན་རྒྱུད་རྣམ་ཐར་ལས། སྐུ་ཚེའི་གཞུག་ལ་མདོ་ཁམས་ཀྱི་ཁམས་པ་གཉིས་ཀྱིས་དཔེ་ཞུ་བྱས་པས། བླ་མའི་ཞལ་ནས་སྒྲོ་འདོགས་གཅོད་པ་དོན་གྱི་བརྒྱུད་པ་ལ། ཡིག་ཆུང་གི་ལྷད་མ་ཞུགས་པ་ཡིན་པས། བླ་ཡི་གེ་འབྲི་རུ་མེད་པ་ལ། ཡང་སྟོན་གྱིས་ཞུ་བ་ཕུལ་ནས། ངེད་གཉིས་ཀྱི་བརྗེད་ཐོ་བཀོད་པ་མ་ཡིན་པའི། ང་ལ་ཡི་གེ་ཁྱི་ལྕེ་ཙམ་རེ་ཡོད་རེ་གསུངས་ནས་དབུ་བསྙུངས་བཞེས་པས། དེ་ལ་ཁམས་པ་ཡིད་ཆེས་ནས། བྲིས་མཁན་གསུམ་གྱིས་བླ་མའི་ཐུགས་ནས་བྲིས་པས། ཞག་ཉི་ཤུའི་ཁོངས་སུ་གསུམ་བཏུབ་མ་བཅུ་གསུམ་འཕྲིང་ཤོག་གུ་བརྒྱ་ཉི་ཤུ་ཙམ་བྱུང་། དེ་མན་ཆོད་དབོན་སྲས་རྣམས་ཀྱིས་ཀྱང་། བརྗེད་ཐོ་ཡིག་ཆུང་ཐན་ཐུན་ཞུས་སོ། ཞེས་སོ། རབ་བྱུང་ན་བཀའ་ཉམས་ཀྱི་གདམས་སྐོར་འདི་རྣམས་འཆད་ཚེ། བླ་མ་གོང་མའི་དོན་རྒྱུད་ཀྱི་གདམས་པ་རང་རྒྱུད་ལ་ཤར་ཏེ། ཉམས་རྟོགས་ཀྱི་དབང་ཕྱུག་ཏུ་གྱུར་ནས། བླ་མ་གོང་མའི་གསུང་སྒྲོས་དང་། རང་གི་ཉམས་ཐོག་གི་མྱོང་བ་དང་། གསུང་རབ་གཞུང་གི་དགོངས་པ་རྣམས་དབྱེར་མེད་རོ་གཅིག་ཏུ་འདྲེས་ནས། སྣོད་ལྡན་གྱི་སློབ་བུ་ལ་གདམས་པ་འཆད་ཅིང་། ཀུན་བཟང་གི་དགོངས་པ་བཅུག་ཐུབ་པ་ཞིག་དགོས་པ་འདུག དཔེར་ན་ཡང་སྟོན་བཀྲ་ཤིས་རྒྱལ་མཚན་གྱིས་རྟོགས་ལྡན་དབོན་པོ་ལ་ཡི་གེ་ཁྱི་ལྕེ་ཙམ་ལ་རགས་མ་ལས་པར། སྙན་རྒྱུད་ཀྱི་གདམས་པ་རྫོགས་པར་གནང་བའི་ལོ་རྒྱུས་ངོ་མཚར་ཅན་སྙན་རྒྱུད་ཀྱི་རྣམ་ཐར་ཆེན་མོའི་ནང་མཇལ་རྒྱུ་ཡོད་པ་དེ་བཞིན་ནོ། ཡིག་ཆུང་གི་ལྷད་བཅུག་ན། གདམས་ངག་ཚིག་ཐོག་དང་ཡིག་ཐོག་ཏུ་ལས་པའི་སྐྱོན་ཡོད་གསུངས། རང་ལ་མྱོང་བ་མེད་པར་དཔེ་དོན་ལུང་ཕྱིར་འབྲེང་བ་དང་། ཐ་སྙད་ཀྱི་ཚིག་ཕྱིར་འབྲེང་བ་ལ་སོགས་པས་གྲོལ་བ་ཐོབ་པར་མི་ནུས་པ་ནི། ཞང་ཞུང་སྨར་གྱི་གྲུབ་ཆེན་དྲུག་གི་ནང་ནས་དམུ་རྒྱལ་བ་བློས་གྲོས་ཀྱི་ཞལ་སྔ་ནས། ལོ་གཅིག་ནས་མཚོན་པ་ཚིག་ཕྱིར་འབྲེང་ནས་མ་གྲོལ། ལོ་གཅིག་དཔེ་དོན་ལུང་ཕྱིར་འབྲེང་ནས་མ་གྲོལ། དེ་ནས་ཟླ་བ་གཅིག་ནས་བླ་མའི་གདམས་ངག་གི་རྗེས་ལ་རྟོགས་པ་བཅུག་ནས་སྒོམ་པས་གྲོལ་གསུངས་པ་ལྟར་རོ། མདོར་ན་སྒྲོ་འདོགས་གཅོད་པ་དོན་གྱི་བརྒྱུད་པ་འདི་ལ་ཡི་གེ་མི་གཙོ། གོང་མའི་གསུང་སྒྲོས་དང་། རང་གི་ཉམས་མྱོང་དང་།  རང་གི་མྱོང་ཁྲིད་གསུམ་གཙོ་ཆེ་བར་སྣང་ངོ་། ཁྱད་པར་དུ་བཀའ་ཉམས་གྱི་གདམས་སྐོར་རྣམས་སུ་ཡིག་ཆུང་བཏགས་པ་དང་མཆན་བུ་འགོད་པ་སོགས་ཀྱང་ཡིག་ཆུང་གི་ལྷད་བཅུག་པའི་ཁོངས་སུ་གཏོགས་པས་མི་རུང་ངོ་སྙམས།

 ཉམས་སུ་མྱོང་བ་མན་ངག་གི་བརྒྱུད་པ་ལ། མི་ཚིག་གི་ལྷད་མ་ཞུགས་པར་བཤད་པའི་ཚུལ།

ཉམས་སུ་མྱོང་བ་མན་ངག་གི་བརྒྱུད་པ་ལ། མི་ཚིག་གི་ལྷད་མ་ཞུགས་པར་བཤད་ཅེས་པའི་གོ་དོན་ནི། བླ་མ་གོང་མའི་དགོངས་ཉམས་རང་རྒྱུད་ལ་འཕོ་ནས་ཉམས་སུ་མྱོང་བའོ། མན་ངག་གི་བརྒྱུད་པ་ལ་ཞེས་པ་ནི།  བླ་མ་གོང་མ་རྣམས་ཀྱི་ཉམས་ཀྱི་མན་ངག་འོག་མ་རྣམས་ཀྱིས་ཉམས་སུ་བླངས་པས་ཉམས་རྟོགས་རང་རྒྱུད་ལ་ཤར་བ་ཡིན་ལ། ཁྱད་པར་དུ་གྱེར་སྤུངས་ཆེན་པོའི་ཉམས་ཀྱི་མན་ངག་ཕ་ཝ་རྒྱལ་ཏིག་གསས་ཆུང་གིས་ཉམས་སུ་བླངས་པས་ལོ་གཅིག་ནས་གྲུབ་པ་ཐོབ། ཕ་ཝ་རྒྱལ་ཏིག་གསས་ཆུང་གི་ཉམས་ཀྱི་མན་ངག་དམུ་ཙོ་གེས་ཉམས་སུ་བླངས་ཏེ་ཟླ་བ་ལྔ་ནས་གྲོལ་ཏེ་གདེང་ཐོབ། དམུ་ཙོ་གེའི་ཉམས་ཀྱི་མན་ངག་དམུ་ཙོ་སྟངས་ཀྱིས་ཉམས་སུ་བླངས་ཏེ་ཟླ་བ་གཅིག་ནས་གྲོལ་ཏེ་གདེང་ཐོབ། བླ་མ་དམུ་ཙོ་སྟངས་ཀྱི་ཉམས་ཀྱི་མན་ངག་དམུ་ཤོད་ཏྲམ་ཆེན་པོས་ཉམས་སུ་བླངས་ཏེ་ཞག་བཅུ་བདུན་ནས་གྲོལ་ཞིང་གདེང་ཐོབ། དམུ་ཤོད་ཏྲམ་ཆེན་པོའི་ཉམས་ཀྱི་མན་ངག་དམུ་རྒྱལ་བ་བློ་གྲོས་ཀྱིས་ཉམས་སུ་བླངས་ཏེ། ཟླ་བ་གཅིག་ལ་བླ་མའི་གདམས་ངག་གི་རྗེས་ལ་རྟོགས་པ་བཅུག་ནས་སྒོམ་པས་གྲོལ་བ་ཐོབ། དམུ་རྒྱལ་བ་བློ་གྲོས་ཀྱི་ཉམས་ཀྱི་མན་ངག་དཔོན་བཙན་པོས་ཉམས་སུ་བླངས་པས་རྟོགས་པ་ཤར་བ་ཡིད་ཆེས་པ་གྲུབ་པ་བསྙེམས་པ་གསུམ་ཉིན་ཞག་བདུན་ལ་བྱུང་། དཔོན་བཙན་པོའི་ཉམས་ཀྱི་མན་ངག་དཔོན་ཆེན་ལྷུན་གྲུབ་མུ་ཐུར་གྱིས་ཉམས་སུ་བླངས་པས་རང་ལུས་ཡི་དམ་གྱི་ལྷར་རྫོགས་པའི་སྐུ་དང་གཉིས་སུ་མེད་པར་གྱུར་ཏོ།  དཔོན་བཙན་པོའི་ཉམས་ཀྱི་མན་ངག་གཤེན་རྒྱལ་ལྷ་རྩེས་ཉམས་སུ་བླངས་པས་རྟོགས་ཐོབ་དུས་མཉམ་དུ་གྲོལ་ལོ། བླ་མ་གཤེན་རྒྱལ་གྱི་མན་ངག་ལོམ་ཏིང་ལྷ་སྒོམ་དཀར་པོས་སྤ་དྲོ་རུ་ཉམས་སུ་བླང་པས་ལོ་གཅིག་ན་གྲོལ་བ་ཐོབ། བླ་མ་ལྷ་སྒོམ་གྱི་ཉམས་ཀྱི་མན་ངག་འོར་སྒོམ་དངོས་གྲུབ་རྒྱལ་མཚན་རིང་མོས་བྱན་གླག་ཚང་དུ་ཟླ་བ་དགུར་ཉམས་སུ་བླངས་པས་གྲོལ་བ་ཐོབ། འོར་སྒོམ་རིང་མོའི་ཉམས་ཀྱི་མན་ངག་འོར་སྒོམ་ཀུན་འདུལ་གྱིས་ཉམས་སུ་བླངས་པས་ཡིད་ཆེས་ཀྱི་རྟོགས་པ་ཁོང་ནས་ཤར་ཏེ་ཟླ་བ་དགུ་ནས་གྲོལ་བ་ཐོབ། འོར་སྒོམ་ཀུན་འདུལ་གྱི་ཉམས་ཀྱི་མན་ངག་ཡང་སྟོན་ཤེས་རབ་རྒྱལ་མཚན་གྱིས་ཉམས་སུ་བླངས་པས་བླ་མ་ལ་མོས་གུས་ཆུད་པ། གདམས་ངག་ལ་ཡིད་ཆེས་པ། རང་སེམས་ལ་བདེ་བ་ཐོབ་པ་གསུམ་བྱུང་། ཡང་སྟོན་ཤེར་རྒྱལ་གྱི་ཉམས་ཀྱི་མན་ངག་སྲས་པོ་འབུམ་རྗེ་འོད་ཀྱིས་ཉམས་སུ་བླངས་པས་ཡིད་ཆེས་ཀྱི་ཉམས་མྱོང་ཁོང་ནས་ཤར། གཅེན་པོ་འབུམ་རྗེ་འོད་ཀྱི་ཉམས་ཀྱི་མན་ངག་གཅུང་པོ་བཀྲ་ཤིས་རྒྱལ་མཚན་གྱིས་ཉམས་སུ་བླངས་པས་ཡིད་ཆེས་ཀྱི་བདེ་བ་ནང་ནས་ཤར། ཀླུ་བྲག་པ་བཀྲ་ཤིས་རྒྱལ་མཚན་གྱི་ཉམས་ཀྱི་མན་ངག་རྟོགས་ལྡན་དབོན་པོས་ཉམས་སུ་བླངས་པས་ཡིད་ཆེས་པ་གྲོལ་བ་ཐོབ་པ་དུས་མཉམ་དུ་བྱུང་། རྟོགས་ལྡན་དབོན་པོའི་ཉམས་ཀྱི་མན་ངག་ཡང་སྟོན་རྒྱལ་མཚན་རིན་ཆེན་གྱིས་ཉམས་སུ་བླངས་པས་ཡིད་ཆེས་ཁོང་ནས་ཤར། ཡང་སྟོན་རྒྱལ་མཚན་རིན་ཆེན་གྱི་ཉམས་ཀྱི་མན་ངག་རྟོགས་ལྡན་དད་པ་ཤེས་རབ་ཀྱིས་ཉམས་སུ་བླངས་པས་རྟོགས་པ་ཤར་བ་དང་། གཟུང་འཛིན་གྲོལ་བ་དང་། རྐྱེན་ཐུབ་པ་གསུམ་དུས་མཚུངས་སུ་བྱུང་། རྟོགས་ལྡན་དད་པ་ཤེས་རབ་ཀྱི་ཉམས་ཀྱི་མན་ངག་རྟོགས་ལྡན་ཤེས་རབ་དཔལ་གྱིས་ཉམས་སུ་བླངས་པས་སངས་རྒྱས་ཀྱི་དགོངས་པ་འདི་ཀ་རང་དུ་འདུག་སྙམས་པར་རྟོགས། མི་ཚིག་གི་ལྷད་མ་ཞུགས་པར་བཤད་ཅེས་པ་ནི། གདམས་པ་ཟབ་མོ་འདི་རྣམས་གཞན་ལ་འཆད་པའི་ཚེ། གཞུང་ཚིག་ལས་མང་དུ་མི་སྤེལ་བ་སྟེ་གཞུང་ཚིག་ཇི་བཞིན་བཤད། མི་ཚིག་གི་ལྷད་མ་ཞུགས་པ་སྟེ། བླ་མའི་གསུང་སྒྲོས་གཙོ་བོར་བྱས་ནས་བཤད་དགོས་པ་ལས། རང་གི་ཚིག་ལྷག་བཅུག་པའམ། གོང་མ་རྣམས་ཀྱི་གསུང་དང་འགལ་བར་བྱ་མི་རུང་བ་སྟེ། སྙན་རྒྱུད་རྒྱས་བཤད་ཆེན་མོ་ལས། བླ་མའི་གསུང་སངས་རྒྱས་ཀྱི་དགོངས་པ་གསེར་དང་འདྲ་བ་ལ། གང་ཟག་འཁྲུལ་པའི་ཚིག་ར་གན་འཆན་པོ་འདྲ་བས་བྱི་དོར་མི་དགོས་སོ། ཞེས་གསུངས་པ་ལྟར་རོ།

ཡིད་ཆེས་གྲུབ་པ་བསྙེམས་པའི་བརྒྱུད་པ་ལ།  རུ་ཏྲས་ལྷད་མ་ཞུགས་པར་བཤད་པའི་ཚུལ།

ཡིད་ཆེས་གྲུབ་པ་བསྙེམས་པའི་བརྒྱུད་པ་ལ། རུ་ཏྲས་ལྷད་མ་ཞུགས་པར་བཤད་ཅེས་པའི་གོ་དོན་ནི། ཡིད་ཆེས་གྲུབ་པ་བསྙེམས་པའི་བརྒྱུད་པ་ལ། ཞེས་པ་ནི། གདམས་ངག་ཚིག་ཏུ་ཟིན་པ་དང་། ཚིག་དོན་དུ་གོ་བ། གོ་བ་ཉམས་སུ་བླངས་པས་གྲུབ་པ་བསྙེམས་པ་ཡིན་ལ།  བརྒྱུད་པ་ལ་ཞེས་པ་ནི།  བླ་མ་བཅུའི་བརྒྱུད་པ་སྟོན་ཏེ། གྱེར་སྤུངས་སྣང་བཞེར་ལོད་པོས་ཡིད་ཆེས་གྲུབ་པ་བསྙེམས་པའི་གདམས་ངག་ནི། དགྲ་གསུམ་བསད་ནས་གྲུབ་པ་བསྙེམས་ཏེ་ཡིད་ཆེས་པའོ། རུ་ཏྲས་ལྷད་མ་ཞུགས་པ་ནི། དགྲ་རུ་འཛིན་པའི་རྩ་བ་ཆོད་དེ་སྟོང་པའོ། ཕ་བ་རྒྱལ་ཏིག་གསས་ཆུང་གི་ཡིད་ཆེས་གྲུབ་པ་བསྙེམས་པ་ནི། བདུད་བཞི་གཞོམས་ནས་རང་འབྱུང་ཡེ་ཤེས་ལ་ཡིད་ཆེས། འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པས་གྲུབ་པ་བསྙེམས་པའོ། རུ་ཏྲས་ལྷད་མ་ཞུགས་པ་ནི། དུག་ལྔས་ལྷད་མ་ཞུགས་པའོ། དམུ་ཙོག་གེའི་ཡིད་ཆེས་གྲུབ་པ་བསྙེམས་པ་ནི། སེམས་ཀྱི་འཕྲང་སྒྲོལ་ཏེ། སེམས་སངས་རྒྱས་སུ་ཡིད་ཆེས། ངོ་བོ་དངོས་མེད་དུ་ལྷུན་གྱིས་གྲུབ་ནས་གྲུབ་པ་བསྙེམས་པའོ། རུ་ཏྲས་ལྷད་མ་ཞུགས་པ་ནི། དངོས་པོ་མཚན་མ་ཅན་གྱི་ལྷད་མ་ཞུགས་པའོ། དམུ་ཙོ་ཏང་གི་ཡིད་ཆེས་གྲུབ་པ་བསྙེམས་པ་ནི། སྣང་བའི་འཕྲང་སྒྲོལ་ཏེ། ཐིག་ལེ་ཉག་གཅིག་ཏུ་ཡིད་ཆེས། སྤྲོས་པ་མེད་པར་ལྷུན་གྱིས་གྲུབ་པས་གྲུབ་པ་བསྙེམས་པའོ། རུ་ཏྲས་ལྷད་མ་ཞུགས་པ་ནི། རྣམ་རྟོག་གི་ལྷད་མ་ཞུགས་པའོ། དམུ་ཤོད་ཏྲམ་ཆེན་པོའི་ཡིད་ཆེས་གྲུབ་པ་བསྙེམས་པ་ནི། བོན་གྱི་འཕྲང་བསྒྲལ་ཏེ། བོན་ཉིད་ལ་ཡིད་ཆེས། གནས་ལུགས་ལྷུན་གྱི་གྲུབ་པས་ཡིད་ཆེས་པའོ། རུ་ཏྲས་ལྷད་མ་ཞུགས་པ་ནི། བོན་ཅན་མཚན་མས་ལྷད་མ་ཞུགས་པའོ། དམུ་རྒྱལ་བ་བློ་གྲོས་ཀྱི་ཡིད་ཆེས་གྲུབ་པ་བསྙེམས་པ་ནི། འགྲོ་དྲུག་གི་གཡང་ས་བཅད་ནས། སྒྱུ་མར་ཡིད་ཆེས། སྐྱེ་མེད་དུ་ལྷུན་གྱིས་གྲུབ་པའོ། རུ་ཏྲས་ལྷད་མ་ཞུགས་པ་ནི། སྐྱེ་འཆི་གཉིས་ཀྱི་ལྷད་མ་ཞུགས་པའོ། དཔོན་རྒྱལ་བཙན་པོའི་ཡིད་ཆེས་གྲུབ་པ་བསྙེམས་པ་ནི། ཤེས་པའི་ཡུལ་ལས་འདས་པ་དང་། བརྗོད་དུ་མེད་པ་དང་། དམིགས་པའི་ཡུལ་དང་བྲལ་བ་དང་། རང་འབྱུང་སྐྱེ་ཤི་བྲལ་བས་འགྱུར་བ་མེད་པ་དང་། གཟུང་འཛིན་བྲལ་བས་ཅི་ལ་ཡང་མི་རྟོག་པའི་བདེ་བའི་དོན་དེ། རང་ལ་རྙེད་པས་རང་དྲིན་རང་ལ་ཆེ་བར་རྟོགས་ནས། བདེ་བ་ལ་ཡིད་ཆེས། རང་སེམས་སངས་རྒྱས་སུ་ལྷུན་གྱིས་གྲུབ་པས་གྲུབ་པ་བསྙེམས་པའོ། རུ་ཏྲས་ལྷད་མ་ཞུགས་པ་ནི། སེམས་ཅན་གྱི་ལྷད་མ་ཞུགས་པའོ། དཔོན་ཆེན་མུ་ཐུར་གྱི་ཡིད་ཆེས་གྲུབ་པ་བསྙེམས་པ་ནི། ཕྱི་ནས་འཆར་བ་བརྒྱད། ནང་ནས་འཆར་བ་བརྒྱད། བར་ངོ་མཚར་ཆེ་བ་བརྒྱད་གསལ་བར་རྟོགས་ནས། སྒོམ་སྒྲུབ་ལ་ཡིད་ཆེས། ཡི་དམ་ལྷ་རུ་གྲུབ་ནས་གྲུབ་པ་བསྙེམས་པའོ། རུ་ཏྲས་ལྷད་མ་ཞུགས་པ་ནི། བར་ཆོད་བགེགས་ཀྱི་ལྷད་མ་ཞུགས་པའོ། བླ་མ་གཤེན་རྒྱལ་ལྷ་རྩེའི་ཡིད་ཆེས་གྲུབ་པ་བསྙེམས་པ་ནི། དོན་གསུམ་མཚན་ཉིད་བཞི་ཡི་ལམ་ནས། སེམས་དངོས་མེད་ཡིན་པར་ཐག་ཆོད་པས་ཡིད་ཆེས། སངས་རྒྱས་ཀྱི་དགོངས་པར་ཡེ་ནས་ལྷུན་གྱིས་གྲུབ་པས་གྲུབ་པ་བསྙེམས་པའོ། རུ་ཏྲས་ལྷད་མ་ཞུགས་པ་ནི། བློས་བྱས་ཀྱི་ལྷད་མ་ཞུགས་པའོ། ལོམ་ཏིང་ལྷ་སྒོམ་དཀར་པོའི་ཡིད་ཆེས་གྲུབ་པ་བསྙེམས་པ་ནི། བདེ་ཆེན་གྱི་ལྟ་བ། མ་བཅོས་པའི་སྒོམ་པ། ཉམས་ང་མེད་པའི་སྤྱོད་པ། མི་བརྗེད་པའི་དམ་ཚིག རེ་དྭོགས་མཚན་འཛིན་གྱི་གོལ་ས། རང་བཞིན་མེད་པའི་གནས་ལུགས། རྟོག་པ་མེད་པའི་རྟོགས་ཚད་ཤེས་ནས། ཡིད་ལ་མི་བྱེད་གསལ་བའི་ངང་དང་། རིག་སྟོང་དབྱེར་མེད་ཀྱི་ངང་ནས། ཏིང་ངེ་འཛིན་གྱི་ཉམས་རྙེད་ཏེ། ངོས་བཟུང་མེད་པའི་ཤུགས་འབྱུང་གི་སྤྱོད་པ་ཤར་ནས། གདམས་ངག་ལ་ཡིད་ཆེས། བརྒྱུད་པ་ལྷུན་གྱི་གྲུབ་པས་གྲུབ་པ་བསྙེམས་པའོ། རུ་ཏྲས་ལྷད་མ་ཞུགས་པ་ནི། མི་ཚིག་གཞན་གྱི་ལྷད་མ་ཞུགས་པའོ། གདམས་ངག་འདི་རྣམས་གཞན་ལ་འཆད་པའི་ཚེ། རུ་ཏྲས་ལྷད་མ་ཞུགས་པར་བཤད་ཚུལ་ནི། ཡིད་བཅོས་ཀྱི་དབང་དུ་མ་སོང་བ། བློ་བྱས་ཀྱི་དབང་དུ་མ་སོང་བ། རྟོག་གེའི་རིག་ལམ་གྱི་དབང་དུ་མ་སོང་བ། རང་གི་རྟོག་བཟོའི་དབང་དུ་མ་སོང་བ། བླ་མ་གོང་མའི་གསུང་སྒྲོས་གཞི་ལ་བཞག་ནས། གཞུང་ཚིག་མང་དུ་མི་སྤེལ་གཞུང་བཞིན་འཆད་ཐབས་ལ་འབད། མི་ཚིག་གིས་མ་ལྷད་པར་བཀའ་ཉམས་རྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་གསུང་སྒྲོས་གཙོ་བོར་མཛད། ཡིད་བཅོས་ཀྱི་དབང་དུ་མ་སོང་བ་སྟེ། རང་གི་རྟོག་བཟོ་དང་བློ་བཅོས་གསར་གཏོད་སོགས་གཏན་ནས་མི་མཛད་པ་ནི། གོང་མའི་བཀའ་རྒྱ་ལགས་པས་དེ་ལྟར་བྱས་ན་བྱིན་རླབས་ཆེའོ། སྣོད་ལྡན་གྱི་སློབ་མས་ཀྱང་བཀའ་ཉམས་རྒྱུད་པའི་གདམས་སྐོར་གྱི་གཞུང་རྣམས་དང་། བཅུད་ལྡན་གྱི་དཔོན་གསས་ཀྱི་ཞལ་ཁྲིད་དང་། བཀའ་རྒྱུད་དང་ཉམས་རྒྱུད་ཀྱི་དཔོན་གསས་བླ་མ་གོང་མ་རྣམས་ཀྱི་གསུང་སྒྲོས་ལ་གཙིགས་སུ་འཛིན་ནས། སྒོམ་སྒྲུབ་ཉམས་ལེན་ཀྱི་རྒྱུན་ཐག་བསྲིང་རྒྱུ་དེ་རང་གལ་ཆེ་བར་མཐོང་ངོ་།

༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམས་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པའི་ཐོས་ཆུང་གྱི་ན་བ་ཉི་མའི་མིང་ཅན་དུ་འབོད་པ་དེས་དཔེ་ཀློག་གི་ཐུན་མཚམས་སུ་རང་ཤག་སྣང་བ་དགའ་འཁྲིལ་དུ་བྲིས།