གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསོ་རིག་འབུམ་བཞིའི་གཞུང་དང་འབྲེལ་བའི་ཏོག་དབྱིབས་ནད་ཡམས་སྐོར་ལ་ཅུང་ཙམ་གླེང་བ།

སྔོན་གླེང་།
རྒྱལ་སྤྱིའི་འཕྲོད་བསྟེན་ལས་ཁུངས་ནས་ Covid-19 ཞེས་པའི་ནད་དེ་ནི་རྒྱ་ནག་ནས་གསར་དུ་ཐོན་ནས་རིམ་བཞིན་རྒྱལ་ཁབ་གཉིས་བརྒྱ་ལྷག་ཙམ་ལ་ནད་ཡམས་འདི་ཁྱབ་དང་ཁྱབ་བཞིན་པ་ནི།  Corona Virus ཞེས་པའི་ཏོག་དབྱིབས་སམ་པྲོག་དབྱིབས་ཅན་གྱི་སྲིན་འབུ་ཞིག་གིས་བརྒྱུད་ནས་འགོ་ཁྱབ་བྱེད་བཞིན་ཡོད་པ་ཡོངས་གྲགས་ཞིག་ཏུ་གྱུར་ཡོད། ནད་འདི་འགོས་ཁྱབ་ཀྱི་ནུས་པ་ཤིན་ཏུ་ནས་མྱུར་མོ་ཡོད་པ་མ་ཟད། འགོས་པའི་རྗེས་ལ་ཉི་མ་འགའ་ཤས་རིང་ནད་རྟགས་མེད་པ་བདེ་ཐང་ལྟ་བུར་སྣང་བ་དང་། ནམ་ཞིག་ནད་རྟགས་འབྱུང་ཚེ་ནད་དེ་གང་འཚམས་ཛ་དྲག་པོ་ཆགས་ཡོད་པར་བརྟེན་རྒྱལ་སྤྱིའི་འཕྲོད་བསྟེན་ལས་ཁུངས་ནས་ནད་དེ་ཉེན་ཚབ་ཅན་ཞིག་ཏུ་ངོས་འཛིན་ཞུས་ཡོད།
གཞན་ཡང་ནད་དེ་ནི་སྤྱི་ལོ་༢༠༠༣ལོར་འབྱུང་བའི་ Sar ནད་དང་འདྲ་བའི་རྒྱུ་མཚན་གྱི་ནད་འདི་ལ་ Sar-Cov2 ཞེས་ལབ་སྲོལ་ཡང་འདུགགོང་གི་ COVID19 ཞེས་པའི་ནད་དེའི་རྒྱུ་རྐྱེན་དང་།ནད་དེ་ཁྱབ་ཚུལ་དང་ནད་རྟགས་སོགས་ལ་ཞིབ་ཏུ་གཞིགས་ན་བོད་ཀྱི་གསོ་བ་རིག་པ་དང་ལྷག་པར་དུ་གསོ་རིག་འབུམ་བཞིའི་ནང་དུ་གསལ་ཡོད་པ་མ་ཟད་ད་ལྟའི་ཆར་ལ་བོད་སྨན་གྱིས་ནད་པ་མང་པོ་ཞིག་ལ་ཡང་སྨན་བཅོས་གནང་ཡོད་པ་མ་ཟད་དྲག་སྐྱེད་ཀྱང་གང་འཚམས་བྱུང་ཡོད། དེ་འདྲ་སོང་ཙང་ཕྲན་རང་ཉིད་ནས་ཀྱང་ནད་གཞི་དེ་བོད་ཀྱི་གསོ་རིག་འབུམ་བཞི་དང་འབྲེལ་བའི་ཐོག་ནས་ཅུང་ཙམ་ཞིག་གླེང་སློང་ཞུ་རྒྱུ་ཡིན།

བོད་ཀྱི་གསོ་བ་རིག་པའི་ནད་དེ་ངོས་འཛིན།

ཐོག་དང་པོ་ལ་ COVID19 ཞེས་པའི་ནད་དེ་ང་ཚོས་གསོ་རིག་སྨན་གཞུང་ལྟར་ན་གཉན་རིམས་གྱི་ནད་ཅིག་ཡིན།དེ་ལྟར་ཡིན་ཚུལ་ནི་གསོ་རིག་འབུམ་བཞིའི་ལས། “འཇུག་སྒོ་དྲུག་ལ་རིམ་པས་འཇུག་པ་དེ།དེའི་དྲི་མ་ཕོག་ལས་གཞན་ལ་ཡམས་སུ་འགོ།དེ་ནི་རིམས་ཞེས་བྱ་བའི་མིང་དུ་བཏགས།”[1]ཞེས་དང་གཞན་ཡང་འགྲོ་ཀུན་འབྱུང་འཁྲུགས་ནད་ཀྱི་ཟུག་རྔུའི་གདུང་བ་ཀུན་སེལ་སྨན་སྦྱོར་སྟོང་རྩའི་དཀར་ཆག་ལས།“འཇུག་སྒོ་དྲུག་ཏུ་རིམ་པས་འཇུག་པའམ།དྲིས་ཕོག་ཡམས་སུ་རིམས་ཀྱིས་འགོས་པའི་ཕྱིར།རིམས་ཞེས་བྱ་བའི་རྒྱུ་མཚན་ངེས་ཚིག་བཏགས།”[2]ཡང་དེ་ཉིད་ལས། འཚོ་བྱེད་ཁྱུང་སྤྲུལ་གཡུང་དྲུང་རྒྱལ་མཚན་ནམ་འཇིགས་མེད་ནམ་མཁའི་རྡོ་རྗེས “གཉན་ཞེས་བྱ་བའི་གདུག་ཅན་ནད་འདི་ཉིད།སྙིགས་དུས་སེམས་ཅན་བསོད་ནམས་མཐུ་ཞན་པས།སྨན་རྒྱུད་རྣམས་ལས་ཆེ་བར་མ་གསུངས་པའི།གློ་བུར་བཅོས་པའི་ལོང་མེད་ཐོག་དབབ་ཀྱི།གཉན་ནད་རིགས་མང་འཛམ་གླིང་སྟོང་ལ་ཁད།ཟུག་རྔུ་དྲག་པོས་ལུས་ཟུངས་མོད་ལ་འཁྲུགས།ཚ་ཡང་གྲང་ལ་གྲང་ཡང་ཚ་ཚུལ་སྟོན།ངེས་མེད་སྣ་ཚོགས་རྩ་ཆུ་འཆོལ་བར་འབྱུང་།དེ་ཕྱིར་བལྟ་རེག་དྲི་བས་ངོས་འཛིན་དཀའ་”[3]ཞེས་པའི་ལུང་ལས་ད་ལྟའི་ COVID19 ཞེས་པའི་ནད་དེ་གཉན་རིམས་ཞིག་ཏུ་ངོས་འཛིན་བྱེད་ནུས་པ་མཚོན་ཐུབ།གཞན་ཡང་འོག་ཏུ་ནད་དེའི་རྒྱུ་རྐྱེན་དང་ནད་རྟགས་སོགས་གྱི་བརྒྱུད་ནས་ Covid-19 དེ་རིམས་ནད་བྱེ་བྲག་པ་གང་གི་ཁོངས་སུ་གཏོགས་པ་ལ་དཔྱད་པ་བྱེད་ཀྱི་ཡིན།དེ་ལྟར་ན་ཡང་ནད་དེའི་རྒྱུ་རྐྱེན་དང་།ནད་རྟགས་བཅས་ལ་དཔྱད་པ་རིམས་པ་བཞིན་དུ་ཞུ་རྒྱུ་ཡིན།

དང་པོ་རྒྱུ་རྐྱེན་སྐོར།

རིམས་ཞེས་བྱ་བའི་ནད་དུག་དེའི་རྒྱུ་རྐྱེན་ལ་བསམ་པ་ཡིན་ན།༧རྣམ་འདྲེན་བརྒྱད་པ་སྟོན་པ་གཤེན་རབ་མི་བོས་གསོ་རིག་འབུམ་བཞི་ལས། “རིམས་ནད་ཀུན་གྱི་རྒྱུ་དང་རྩ་བ་ནི།མ་རིག་ཉོན་མོངས་རྒྱས་པས་ཚེ་དང་བསོད་ནམས་བྲི།རྐྱེན་ནི་བོན་བན་རྣམས་ཀྱང་མི་དགེའི་ལས་ལ་འཇུགསྐྱེ་བོ་རྣམས་ཀྱི་དམེ་འཁྲུགས་མཚོན་ལས་བྱེད།དེ་བས་ཡུལ་ལྷ་གནམ་ཡར་སྤྱོད་པ་འཁྲུགས།དེའི་ཁ་རླངས་ནད་ཡམས་སྤྲིན་དུ་གཏིབ།དེ་བས་རིམས་ནད་དལ་ཡམས་འཕྱོ་བ་ཡིན།”[4]གཞན་ཡང་། ནད་གདུང་ཀུན་སེལ་སྨན་སྦྱོར་སྟོང་རྩ་ཞེས་པ་ལས། “རྒྱུ་རྐྱེན་སྲིད་པ་དུས་ཀྱི་ཐ་མ་ལ།མི་རྣམས་ཉོན་མོངས་བརྒྱད་ཁྲིའི་ཁ་རགས་ཤིང་།སྔགས་འཆང་རྣམས་ནི་ངན་སྔགས་མཐུ་སྒྲུབ་དར།བཙུན་པ་རྣམས་སྡེ་འཁྲུགས་སྲིད་གཞིས་འཛིན།མུ་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན།སྐྱེ་བོ་ཕལ་ཆེར་རྐུ་འཐབ་མནའ་གསོད་བྱེད།དུས་དེར་མ་མོ་མཁའ་འགྲོ་སྡངས་འཛིན་སྡེ།ཐམས་ཅད་འཁྲུགས་ནས་བཀའ་ཆད་དལ་གཟེར་རིམས།མི་འདོད་ནད་ཀྱི་ཁ་རླངས་སྤྲིན་དུ་ཆགས།བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་སོགས་དར།”[5]ཡང་དེ་ཉིད་ལས།“གཞན་ཡང་དུས་བཞིའི་འབྱུང་བ་དམན་ལྷག་ལོགདྲག་ཤུལ་མྱ་ངན་འདོད་ཆགས་དྲི་དུགས་དང་།ཁྲོ་འཇིགས་ཁ་ཟས་མ་སྙོམས་རིམས་ནད་འགྱུར།”[6]ཞེས་གསུངས་པ་ལྟར།དུས་གདོན་ཟས་སྤྱོད་སོགས་དམན་ལྷག་ལོག་པ་དང་།བླང་དོར་ལ་རྨོངས་ཤིང་མ་རིག་དབང་གིས་མི་རུང་བའི་ཟས་སྤྱོད་དང་སེམས་ཀྱི་ཀུན་སློང་ངན་པ་དང་།ཟས་སྤྱོད་བསྟེན་ཚུལ་ཉེས་པས་ཕྱི་ནང་གི་འབྱུང་བ་རྣམས་འཁྲུགས་ནས་དུག་ཅན་ནད་སྲིན་དབང་པོའི་སྒོ་དྲུག་གང་རུང་ནས་ནང་འཇུག་པ་དང་ནང་གི་ཁྲག་སྲིན་དང་ཐབས་པ་ལས་གཉན་རིམས་ཐམས་ཅད་འབྱུང་པ་ཡིན།

 གཉིས་པ་ནད་རྟགས་ཀྱི་སྐོར།

སྐབས་སུ་བབས་པའི་ཏོག་དབྱིབས་ནད་ཡམས་དེ་ལ་དེང་དུས་སྨན་གྱི་རིག་གནས་སམ་ཚན་རིག་གི་ནད་རྟགས་གང་ཡོད་པ་དང་དེ་རྣམས་གསོ་རིག་འབུམ་བཞིའི་གཞུང་དུ་གང་འདྲ་གསུངས་ཡོད་མེད་ལ་དཔྱད་པ་བྱས་པ་ནི་འདི་ལྟ་སྟེ།དེ་ཡང་སྤྱི་དང་བྱེ་བྲག་གཉིས་ཀྱི་སྒོ་ནས་ཞུ་རྒྱུ་ཡིན།དང་པོ་སྤྱིའི་རྟགས་ལ་དེང་དུས་ཚན་རིག་པའི་ནད་རྟགས་ངོས་འཛིན་པ་ནི།འཛམ་གླིང་རྒྱལ་སྤྱིའི་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ལོ་༢༠༢༠ཟླ་བ་༢བར་ནད་པ་༥༥༠༠༠ལྷག་ལ་བརྟག་དཔྱད་བྱས་པའི་ཁྲོད།ཚ་བ་ཡོད་པ།(བརྒྱ་ཆ87.9%)གློ་སྐམ་ལུ་པ།(བརྒྱ་ཆ 67.7%)ངལ་དུབ་ཅན། (བརྒྱ་ཆ38.1%) ལུད་པ་ཅན(བརྒྱ་ཆ33.4%) དབུགས་གཏོང་ལེན་གྱི་དཀའ་ངལ་ཅན(བརྒྱ་ཆ18.6%) གྲེ་བར་ཚ་བ(བརྒྱ་ཆ13.9%) མགོ་ན་བ(བརྒྱ་ཆ13.6%) འདི་ལྟར་གསུངས་ཡོད་པ་དང་།གཞན་ཡང་དྲྭ་རྒྱའི་བརྒྱུད་ནས་ནད་པ་མང་པོ་ཞིག་སྐོམ་དད་ཆེ་བ་དང་རྐང་ལག་རྣམས་ཕྲུམ་སེར་མཁྱེར་བ། རྐང་ལག་གི་ཚིགས་བཞི་ན་བ།ཟས་ལ་དང་ཁ་མེད་པ་དང་འགའ་ཤས་ལ་ཕོ་བ་ན་ཟུག་གཏོང་གི་ཡོད་པ་བཅས་དེང་དུས་ཚན་རིག་པའི་ནད་དེའི་སྤྱིའི་ནད་རྟགས་གང་འབྱུང་བ་རྣམས་འདི་འདྲ་རེད་འདུག འུ་རང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཁག་ལ་གཉན་རིམས་བལ་ནད་ཀྱི་ནད་རྟགས་ཀྱང་གོང་ལྟར་མཐུན་པ་འདུག་པ་དེ་ཡང་གསོ་བྱའི་ནད་འབུམ་ནག་པོ་ལས།“དང་པོ་མ་སྨིན་རིམས་ཀྱི་མངོན་ཚུལ་ནི།ཕྲུམ་སེར་ཡུན་རིང་མགོ་རྐང་ཚིགས་བཞི་ན།ལུས་ལྕི་སྒྱིད་སྐྱུར་རྨི་ལམ་ཟ་ཟི་གཡེང་།གཡལ་མང་རྣ་བ་འཐིབས་ལ་ཤེས་པ་མྱོས།ཉི་མ་སྙོག་ཅིང་སྲོད་ཀྱི་དུས་ལ་ན།ཁ་ཁ་མགོ་བོ་ན་ཞིང་དང་ཁ་འགགས།”[7]བཅས་གསུངས་ཡོད་པ་དང་།ཡང་དེ་ཉིད་ལས། “བར་དུ་རིམས་རྒྱས་ལུས་ལྕི་དྲི་མ་མནམ།མིག་མདངས་དམར་ལ་ལྕེ་མཆུ་སོ་དྲེག་ཆགས།མགོ་ན་སྐོམ་དད་ཆེ་ལ་ཤེས་པ་གཡུང་།”[8]བཅས་གསུང་ཡོད་པ་ལས་དེང་དུས་COVID19 གྱི་ནད་རྟགས་ངོས་འཛིན་དང་གནའ་རབས་ཀྱི་སྲོལ་རྒྱུན་སྨན་དཔེ་ཁག་ལ་རིམས་ཚད་བལ་ནད་ཀྱི་སྤྱིའི་ནད་རྟགས་རྣམས་ཤིན་ཏུ་ནས་ཆ་མཚུངས་པ་ལྟར་གྱུར་འདུག་པར་སེམས།

 གཉིས་པ་བྱེ་བྲག་ཏུ་བཤད་པ་ལ།

ཤར་ཕྱོགས་ཙི་ནའི་ཡུལ་ནས་མཆེད་པར་གྲགས་པའི་ཏོག་དབྱིབས་ནད་དེ་ཇེ་མང་ཇེ་མང་ལ་འགྲོ་བ་དང་བརྟག་དཔྱད་ཀྱང་ཟབ་ཏུ་ཕྱིན་ནས་དེང་དུས་ཚན་རིག་ནད་རྟགས་ཡ་མཚན་པ་འགའ་ཤས་ཤིག་བྱུང་ཡོད་པ་གྲགས་འདུག་པས་དེ་ལྟར་ཡིན་པ་ནི།

12th April 2020, THE JERUSALEM POST ལྟར་ན། “French National Union of Dermatologists-Venereologistsཚོགས་པ་དེས COVID 19 ནད་པ་འགའ་ཞིག་ལ་དབུགས་ཀྱི་དཀའ་ངལ་གྱི་ནད་རྟགས་ཡོད་མེད་ལ་མ་ལྟོས་པ་པགས་པ་ལ་ནད་རྟགས Pseudo-frostbite, Hives and redness ལ་སོགས་འབྱུང་གི་ཡོད་པ་གསུངས་འདུག”[9]

གཞན་ཡང་།David Pride, associate dierector of microbiology at the University of California San Diego ཁོང་གི་གསུངས་དོན་ལྟར་ན Covid-19 མིན་པའི་རིམས་ནད་གཞན་ལ་ཚ་བ་རྒྱས་པ།ཆམ་པ་ཕོག་པ།ལུས་ལ་ན་ཟུག་བཏང་བ།ལུས་ལྕི་བ་སོགས་འབྱུང་བ་དང་ནད་པ་རེ་འགའ་ཞིག་ལ་འཁྲུ་སྐྱུགས་ཀྱི་ནད་རྟགས་འབྱུང་གི་ཡོད་བཞིན་ Covid-19 ནད་པ་རྣམས་ལ་ཀྱང་ནད་རྟགས་དེ་དང་ཆ་མཚུངས་ཀྱི་འཁྲུ་སྐྱུགས་ཡོང་གི་འདུག་བཅས་གསུངས།[10]

དེ་ལས་གཞན་MedicineNet ནང་དུ་བཀོད་པ་ལྟར་ན།ནད་པ་འགའ་ཞིག་དབུགས་གཏོང་ལེན་དཀའ་ངལ་ཡོད་ཀྱང་གློ་བ་སྐྱོན་མེད་པ་དང་གློ་བ་ལ་གནོད་སྐྱོན་གང་ཡང་མེད་ནའང་དབུགས་འབྱིན་བརྔུབ་ལ་དཀའ་ངལ་ཡོད་པ་ལ་བརྟེན་སྨན་པ་རྣམས་ལ་འཁྲུལ་གཞི་ཆེན་པོ་ཞིག་འཕྲད་ཡོད་འདུག[11]

དེ་མིན་པའི་འཇར་མ་ནིར་ནད་པ་རྣམས་ལ་རྣ་ཆུ་འབབས་པ་དང་ཆམ་པའི་ནད་རྟགས་མང་པོ་འབྱུང་གི་ཡོད་པ།དེ་བཞིན་ཨི་ཏ་ལིར་ནད་པ་འགའ་ཞིག་ལ་ལུས་སེམས་མི་བདེ་པ་དང་སེམས་བློ་གཡེང་བ་སོགས་འབྱུང་བ་དང་།ཨ་རི་ལ་ཀླད་རྩ་དང་འབྲེལ་བའི་ནད་རྟགས་སྟེ།གཟའ་སྒྲིབ་དང་ཤེས་པ་འཐིམ་པ་ལ་སོགས་འབྱུང་ཡོད་པ་དང་ལྷག་པར་དུ་ལོ་ན་རྒན་པ་རྣམས་ལ་དེ་བས་མང་པོ་ཡོད་པ་བཅས་VOXMEDIA April 2, 2020 དྲྭ་ཚིགས་རྒྱུད་སྤེལ་འདུག[12]

བཅས་གསུངས་པ་བཞིན་ནད་དེ་ལ་ནད་རྟགས་འདྲ་མིན་འབྱུང་གི་ཡོད་པ་ཚན་རིག་སྨན་པས་ནད་རྟགས་གཏན་ཁེལ་ཞིག་དང་ནད་དེ་ངོས་འཛིན་བྱེད་པ་ལ་དཀའ་ངལ་ཐུག་ཡོད་པ་ལ་བརྟེན་ནད་དེ་ལ་ཕན་པའི་སྨན་དང་སྔོན་འགོག་སྨན་ཁབ་སོགས་གསར་བཟོ་བྱེད་པ་དཀའ་ངལ་འཕྲད་བཞིན་པ་ཡིན་པ་ཚང་མའི་མཁྱེན་གསལ་རེད།

གསོ་རིག་གཞུང་ལས་བྱེ་བྲག་གི་ནད་རྟགས།

དེ་ལ་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཁག་ཏུ་རིམས་ཚད་བལ་ནད་བྱེ་བྲག་པའི་རྟགས་ཡིན་པ་ཡང་གསལ་ཡོད་འདུགདེ་ནི་གསོ་བྱའི་ནད་འབུམ་ནག་པོའི་ལེའུ་ཉེར་གསུམ་ལས།བྱེ་བྲག་བརྟགས་པ་བབས་ས་གནས་ཀྱི་བརྟགས་པ་གསུངས་བའི་སྐབས།གསོ་བྱའི་ནད་འབུམ་ནག་པོ་ལས།“ཚ་བ་དོན་ལ་བབས་པས་བླ་འཆོལ་སྨྲ།དྲན་པ་མི་གསལ་ཚབས་ཆེ་སྲོག་རྩར་འཆོར།ཤེད་ཆུང་རྩ་བྱིང་ངོ་ནག་ལྕེ་སྐམ་རྩུབ།ཡང་ན་སྨྱོ་འབྲོས་གཉེན་ལྟར་བསྟེན་དུས་ཡིན།”[13]ཡང་ནད་གཞི་རིགས་ཀྱི་སྒོ་ནས་རྟགས་པའི་སྐབས་སུ་ཡང་དེ་ཉིད་ལས། “རླུང་རིམས་འབབ་ས་རུས་ཡིན་རུས་ཀུན་ན།བར་དུ་རྒྱས་ས་དོན་ཡིན་ལྕེ་སྐམ་ཟ་ཟི་འོང་།ཐ་མར་སྲོག་རྩ་ལམ་དོན་སྨྱོ་ཞིང་འབྲོས་”[14]ཞེས་དང་། གཞན་ཡང་དེ་ཉིད་ལས། “ཀླད་པར་བབས་ཚེ་མགོ་འཁོར་ཚམ་པ་འདེབས།སྟོབས་ཆེ་ཁ་ཡོ་མིག་སླེ་གཟའ་དང་མཚུངས།”[15]ཞེས་གསུངས་པའི་ལུང་དེ་རྣམས་ལས།གཉན་རིམས་བལ་ནད་ཀྱི་རྟགས་སུ་སེམས་མི་བདེ་བ་དང་གཟའ་སྒྲིབ་ཀྱི་ནད་རྟགས།བླ་འཆོལ་བ།སྨྲ་བ་མང་པ་སོགས་ནད་རྟགས་གསར་པ་ཞིག་མིན་པ་སྒྲུབ་ཟིན།

གཞན་ཡང་འཁྲུ་སྐྱུག་གི་རྟགས་འབྱུང་བ་དེ་ཡང་ཚན་རིག་སྨན་པས་ངོ་མཚར་ཞིག་དུ་སྣང་ཡོད་ཀྱང་གསོ་རིག་གཞུང་དུ་འཁོད་འདུག་སྟེ།འབུམ་བཞི་ལས། “མཁྲིས་རིམས་བསིལ་འདོད་མགོ་ན་ཁ་ཁ་ཞིང་།ལུས་ཚ་འཁྲུ་ཞིང་བཤང་གཅི་པགས་མིག་སེར།”[16]ཡང་དེ་ཉིད་ལས། “ཕོ་བར་བབས་ན་ཁ་ཁ་མཁྲིས་པ་སྐྱུག རྒྱུ་མར་བབས་ན་ཟུག་ཆེ་ཚན་ཅན་འཁྲུ།”[17]བཅས་གསུངས་འདུགདེ་མིན་པ་པགས་ནད་འབྱུང་པ་དེ་ཡང་གཉན་རིམས་བལ་ནད་བྱེ་བྲག་པ་འདུས་རིམས་གྱི་རྟགས་སྐབས་སུ།དེ་ཉིད་ལས། “ཚ་བ་བཤང་གཅི་རྔུལ་དང་གཉིད་མི་སྙོམས།ལུས་ལ་ཐོར་འབྲུམ་ཕྲན་བུ་འབྱུང་ཡང་སྲིད་”[18]ཅེས་དང་། གཞན་ཡང་།ནད་གདུང་ཀུན་སེལ་སྨན་སྦྱོར་སྟོང་རྩ་ལས། “ཚ་བ་བཤང་གཅི་རྔུལ་དང་གཉིད་མི་སྙོམས།ཐོར་པ་འབྲུམ་ཕྲན་དམར་ནག་འབྱུང་ཡང་སྲིད།”[19]ཅེས་གོང་དུ་ཚན་རིག་པས་པགས་པ་ལ་ནད་རྟགས་གསར་ཐོན་བྱུང་ཡོད་པ་རྣམས་གཉན་རིམས་བལ་ནད་ཀྱི་ནད་རྟགས་ཡིན་པ་གཞུང་དུ་ཡང་སངས་རྒྱས་སྨན་ལྷས་མི་ལོ་སྟོང་ཕྲག་མང་པོ་གོང་ནས་གསུངས་ཡོད་འདུག་པ་ལྟར་རོ། །

སྤྱིར་རིམས་ཚད་བལ་ནད་ཀྱི་མི་འགྱུར་ནད་རྟགས་གང་ཟག་རང་རང་གི་ཁམས་དང་ཟས་སྤྱོད་བསོད་ནམས་མི་འདྲ་བའི་དབང་གིས་ནད་རྟགས་ཀྱང་མི་འདྲ་འབྱུང་གི་ཡོད་པ་དེ་ཡང་གསོ་རིག་འབུམ་བཞི་ལས། “དྭངས་མ་ཁྲག་སོགས་ལུས་ཟུངས་ཀུན་གནས་ཕྱིར།ནད་རྟགས་མི་མཐུན་སྣ་ཚོགས་འགའ་རེ་འོང་།ངོས་བཟུང་སྨིན་བྱེད་གསད་འབྱང་དཀའ་བ་ཡིན།”[20]གཞན་ཡང་ནད་གདུང་ཀུན་སེལ་སྨན་སྦྱོར་སྟོང་རྩ་ལས། “དྭངས་མ་ཁྲག་སོགས་ཟུངས་ཀུན་ལ་གནས་པས། ནད་རྟགས་མི་འདྲ་སྣ་ཚོགས་མང་པོར་སྲིད།ངོས་ཟུངས་སྨིན་བསད་འབྱང་དཀའ་འདྲ་ལྕི།”[21]ཞེས་གསུངས་པ་ལྟར་ན་ནད་གཞི་འདི་ངོས་འཛིན་ལ་འཁྲུལ་གཞི་ཆེན་པོ་ཡོང་བ་དེ་ཡང་རིམས་ཚད་བལ་ནད་ཀྱི་ཁྱད་ཆོས་ཞིག་ཏུ་འགྱུར་ཡོད་པ་རྟོགས་ནུས་པར་སེམས་སོ། །

སྙིང་དོན་གནད་བསྡུས།
དེ་ཡང་ཏོག་དབྱིབས་ནད་ཡམས་ Covid-19 ཞེས་པའི་ནད་གཞི་དེ་ཉིད་ཀྱི་ནད་རྟགས་དང་གསོ་རིག་འབུམ་བཞིའི་གཞུང་དུ་གང་གསུངས་ཡོད་པ་རྣམས་པ་གཤིབ་བསྡུར་བྱས་པས། Covid-19 ཞེས་པའི་ནད་དེ་ཉིད་རིམས་ཚད་བལ་ནད་ཡིན་པ་ངོས་འཛིན་ཞུས་ན་མི་འགྲིག་པ་ཆེར་མ་མཐོང་།དེའི་རྒྱུ་མཚན་གྱིས་གསོ་རིག་སྨན་གྱིས་ནད་གཞི་དེ་ལྟ་བུ་བཅོས་པའི་མི་ཡང་གང་མང་འབྱུང་ཡོད།དེ་འདྲ་སོང་ཙང་ནད་དེའི་དེ་བསྲུང་ཐབས་དང་བཅོས་ཐབས་སོགས་ཕྲ་ཞིབ་རྒྱས་པ་བོད་ཀྱི་གསོ་རིག་གི་གཞུང་དུ་ཡང་གསུངས་ཡོད་པས།གཞུང་ལུགས་ལྟར་ལག་ལེན་གནང་པ་ཡིན་ན་ནད་ངན་འདི་ལས་མྱུར་དུ་ཐར་པ་ལ་ཡང་གོར་མ་ཆག་ཅེས་བརྗོད་ཐུབ།

མཇུམ་སྡོམ་གྱི་གཏམ།

ད་ལམ་ཕྲན་ནས་<<གསོ་རིག་འབུམ་བཞིའི་གཞུང་དང་འབྲེལ་བའི་ཏོག་དབྱིབས་ནད་ཡམས་སྐོར་ལ་ཅུང་ཙམ་གླེང་བ།>>ཞེས་པའི་རྩོམ་ཐུང་འདི་ནི། གདུག་པ་ཅན་ནད་ངན་འདིས་མི་མང་པོའི་སྲོག་འཕྲོག་པ་དང་།ལྷ་རྗེ་སྨན་པ་རྣམས་ནས་ནད་འདི་ལ་བཅོས་པའི་ཐབས་ལམ་འཚོལ་ཞིབ་བྱེདདང་བྱེད་མུས་ཡིན་པ་དང་།ཕྲན་རང་ཉིད་ལ་ཡང་ཉམས་གསོག་དགེ་རྒན་བཀའ་དྲིན་ཅན་ལྷ་རྗེ་དཔའ་རྩལ་སྟོབས་ཆེན་ལགས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་ཞིག་བྲིས་དགོས་པའི་ལམ་སྟོན་གྱི་བཀའ་ཕེབས་པ་བཞིན་འདི་ལྟར་ལས་བྱའི་ཚུལ་དུ་བྲིས་པ་ཙམ་ཡིན་པ་དགོངས་འཇགས་ཞུ།རང་ཉིད་སློབ་གཉེར་བ་ཞིག་ཡིན་པས་འདི་ལ་མ་རིག་པའི་རྐྱེན་དབང་གིས་རང་རེའི་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྣལ་མའི་དོན་དང་འགལ་བ་སོགས་ཡོད་སྲིད་པས།རྒྱ་ཆེའི་མཁྱེན་དཔྱོད་ལྡན་པ་ཀློག་པ་པོ་རྣམས་ནས་དགོངས་འཆར་དང་སློབ་སྟོན་གནང་བའི་རེ་སྨོན་ཆེས་ཀུ་ཡངས་ལྡན་པ་བཅས།མཐའ་དོན་དུ། འཛམ་གླིང་ཡོངས་ལ་ཁྱབ་གདལ་འགྲོ་བཞིན་པའི་ནད་ཡམས་དེ་སངས་རྒྱས་སྨན་གྱི་ལྷ་ཡི་ཐུགས་རྗེ་ནུས་སྟོབས་ཀྱིས་ཐལ་བ་རྡུལ་བརླག་པའི་སྨོན་ལམ་གྱིས་མཐར་བརྒྱན་ཏེ།ཐ་ཚན་མུ་ཙུག་སྨར་རོ།། །།

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་དབུ་བརྙེས་ནས་མི་ལོ་ཧྲིལ་པོར་དྲུག་འཁོར་བའི་ཉིན་ཏེ་ཕྱི་ལོ་༢༠༢༠ ཟླ་བ ༥ ཚེས ༡༣ ཉིན་Pune གྲོང་ཁྱེར་ནས་བྲིས།

 

[1]གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༦ ལོར་པར་སྐྲུན་ཞུས། ཤོག་ངོས།321

[2]འཚོ་བྱེད་འཇིགས་མེད་ནམ་མཁའ་རྡོ་རྗེའི་སྨན་གཞུང་། བོད་ཀྱི་སྨན་རྩིས་ཁང་ནས་༢༠༡༦ ལོར་པར་སྐྲུན་ཞུས། ཤོག་ངོས། 119

[3]འཚོ་བྱེད་འཇིགས་མེད་ནམ་མཁའ་རྡོ་རྗེའི་སྨན་གཞུང་། བོད་ཀྱི་སྨན་རྩིས་ཁང་ནས་༢༠༡༦ ལོར་པར་སྐྲུན་ཞུས། ཤོག་ངོས། 137

[4]གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༦ ལོར་པར་སྐྲུན་ཞུས། ཤོག་ངོས།321

[5]འཚོ་བྱེད་འཇིགས་མེད་ནམ་མཁའ་རྡོ་རྗེའི་སྨན་གཞུང་། བོད་ཀྱི་སྨན་རྩིས་ཁང་ནས་༢༠༡༦ ལོར་པར་སྐྲུན་ཞུས། ཤོག་ངོས། 118

[6]འཚོ་བྱེད་འཇིགས་མེད་ནམ་མཁའ་རྡོ་རྗེའི་སྨན་གཞུང་། བོད་ཀྱི་སྨན་རྩིས་ཁང་ནས་༢༠༡༦ ལོར་པར་སྐྲུན་ཞུས། ཤོག་ངོས། 119

[7]གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༦ ལོར་པར་སྐྲུན་ཞུས། ཤོག་ངོས།322

[8]གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༦ ལོར་པར་སྐྲུན་ཞུས། ཤོག་ངོས།322

[9] The Jerusalem Post, Dermatological symptoms may be the latest New corono virus symptom, By TZVI JOFFRE, April 12, 2020

[10] vox.com,Why it can be so hard to tell if you have Covid-19, By Umair Irfan, April 29, 2020

[11]MedicineNet, Doctors suspect Mystery COVID-19 Lung problems,Plea for New Approach By Peter Schelden, April 09, 2020

[12]vox.com,Why it can be so hard to tell if you have Covid-19, By Umair Irfan, April 29, 2020

 

[13]གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༦ ལོར་པར་སྐྲུན་ཞུས། ཤོག་ངོས།323

[14]གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༦ ལོར་པར་སྐྲུན་ཞུས། ཤོག་ངོས།324

[15]གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༦ ལོར་པར་སྐྲུན་ཞུས། ཤོག་ངོས།326

[16]གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༦ ལོར་པར་སྐྲུན་ཞུས། ཤོག་ངོས།324

[17]གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༦ ལོར་པར་སྐྲུན་ཞུས། ཤོག་ངོས།327

[18]གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༦ ལོར་པར་སྐྲུན་ཞུས། ཤོག་ངོས།325

[19]འཚོ་བྱེད་འཇིགས་མེད་ནམ་མཁའ་རྡོ་རྗེའི་སྨན་གཞུང་། བོད་ཀྱི་སྨན་རྩིས་ཁང་ནས་༢༠༡༦ ལོར་པར་སྐྲུན་ཞུས། ཤོག་ངོས། 123

[20]གསོ་རིག་འབུམ་བཞི། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༠༦ ལོར་པར་སྐྲུན་ཞུས། ཤོག་ངོས།325

[21]འཚོ་བྱེད་འཇིགས་མེད་ནམ་མཁའ་རྡོ་རྗེའི་སྨན་གཞུང་། བོད་ཀྱི་སྨན་རྩིས་ཁང་ནས་༢༠༡༦ ལོར་པར་སྐྲུན་ཞུས། ཤོག་ངོས། 123

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

གསོ་རིག་འབུམ་བཞིའི་གཞུང་དང་འབྲེལ་བའི་ཏོག་དབྱིབས་ནད་ཡམས་སྐོར་ལ་ཅུང་ཙམ་གླེང་བ།