གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་༤༢འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།

དེ་ཡང་ཕྱི་ལོ་༢༠༢༠ལོའི་ཟླ་༩ཚེས་༡༣ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་༤༢འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང་། དེ་ཡང་འཆར་ཅན་ལྟར་དབུ་བརྙེས་པའི་དུས་ཆེན་སྤྱི་ཟླ་༤ཚེས་༢ཉིན་གཏན་འཁེལ་ཡིན་ཡང་ནད་ཡམས་རྐྱེན་གྱིས་ཕྱིར་འགྱངས་སུ་ལྷག་ཡོད་པ་དང་། ད་ལྟའི་ཆར་རྒྱུན་ལས་གསར་རྙིང་བརྗེ་སྤོར་བྱེད་དགོས་པའི་དུས་ཚིགས་ཤིག་ཏུ་སླེབས་ཡོད་རྐྱེན་ཉིན་དུས་འདིར་སྟབས་བདེའི་མཛད་སྒོ་ཞིག་མཁན་སློབ་ཟུང་གི་བཀའ་འཁྲོལ་འོག་ཚོགས་ཡོད་པ་རེད།

དེ་ཡང་ཞོགས་པའི་ཆུ་ཚོད་༧།༠༠ནས་བོན་སྐྱོང་ལྷ་རྒྱལ་རིར་གཡུང་དྲུང་བོན་གྱི་བཤད་སྒྲུབ་མཁན་སློབ་དབུས་དགེ་བའི་བཤེས་གཉེན་རྣམ་པ་ཁག་དང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་ཡོངས་གདན་འཛོམས་ཀྱིས་བསང་གསོལ་ལྷ་རྒྱལ་འཐེན་ཞིང་།

ཆུ་ཚོད་༨།༠༠ནས་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གཞོན་གཉིས་ཀྱིས་ལྷ་རྫས་དྲི་མ་མེད་པའི་སྤོས་དར་གྱིས་སྣེ་དྲངས་ཏེ། མཛད་སྒོའི་སྐུ་མགྲོན་གཙོ་བོ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། གསང་གསུམ་བསྟན་པའི་མཛོད་འཛིན་༧སྐྱབས་རྗེ་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་གཉིས་གདན་ཞུས་ཀྱིས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བཤད་སྒྲུབ་བསྟན་པའི་དར་ཆེན་མཁའ་དབྱིངས་སུ་སྒྲེང་འཛུགས་མཛད་དེ་ཀུན་གྱིས་དགའ་བའི་ཐལ་སྒྲ་དང་སྦྲགས་འདུས་མང་ཡོངས་ཀྱིས་བསྟན་པ་རྒྱས་པའི་སྨོན་ལམ་གསུང་བའི་མཇུག་གྲུབ་མཚམས་རང་རང་གི་བཞུགས་གྲལ་དུ་འཁོད་ནས་འབྲས་སིལ་གསོལ་ཇ་ཕུལ་བ་བཅས་སྔོན་འགྲོའི་མཛད་རིམ་ཡོངས་སུ་གྲུབ་པ་དང་།
དངོས་གཞིའི་མཛད་རིམ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་༤༠པའི་དྲུང་ཡིག་གཟི་ཚ་སངས་རྒྱས་དོན་འགྲུབ་ཀྱི་གཙོ་སྐྱོང་འོག་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཤར་པ་བཤད་སྒྲུབ་བསྟན་འཛིན་མཆོག་ནས་ཁམས་འདྲིའི་བཀྲ་ཤིས་དང་ལྷན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་འདི་ཉིད་ཀྱི་བྱུང་བ་སོགས་བརྗོད་ཡོད་པ་དང་།

དེ་ནས་རིམ་བཞིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟུང་འབྲེལ་འགན་འཛིན་དགེ་བཤེས་བསྟན་པ་ཕུན་ཚོགས་མཆོག་དང་། དཔལ་གཤེན་བསྟན་སྨན་རིའི་གླིང་གི་གྲྭ་ཚང་གཉེར་བ་རྔ་བ་བསྟན་པ་འབྲུག་གྲགས།
དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཚེ་དབང་དངོས་གྲུབ་བཅས་ནས་དུས་ཆེན་འདི་དང་འབྲེལ་བའི་གསུང་བཤད་གྲུབ་མཚམས།

གཡུང་དྲུང་བོན་གྱི་བཤད་སྡེའི་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་མཆོག་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་འདི་ཉིད་༧སྐྱབས་རྗེ་མཁན་སློབ་དག་གི་དཀའ་ངལ་འཛེམ་མེད་ཀྱིས་བཙུགས་པ་ཞིག་ཡིན་ཕྱིན་མ་འོངས་པའི་ཆར་བཤད་སྡེའི་སློབ་གཉེར་བ་རྣམས་ཀྱིས་རང་གི་ནུས་ཚོད་ཀྱིས་བསྟན་པ་འདིར་དཔུང་འདེགས་ཞུ་ཕྱོགས་ཐད་ནས་བཀའ་སློབ་བསྩལ་ཡོད་པ་རེད།

དེ་རྗེས་གཡུང་དྲུང་བོན་གྱི་བཤད་སྡེའི་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་ནས་ད་ལོ་ནད་ཡམས་རྐྱེན་པས་འཆད་ར་དང་དམ་བཅའ་ཚོགས་མ་ཐུབ་ཀྱང་། སློབ་གཉེར་བ་དག་གིས་རང་མོས་ནས་ཆུ་ཚོད་ཆུད་ཟོས་སུ་མ་བཏངས་པའི་སྒོ་ནས་འཕར་རྒྱུགས་སྔར་མ་བྱུང་བ་སྤྲད་ཐུབ་པ་བྱུང་འདི་དག་དགའ་བ་སྒོམ་དགོས་པ་ཞིག་དང་མ་འོངས་པར་ལྷག་ཏུ་ཤུགས་སྣོན་བྱེད་དགོས་སྐོར་ནས་བཀའ་སློབ་བསྩལ་ཡོད་པ་རེད།
༧གསང་གསུམ་བསྟན་པའི་མཛོད་འཛིན་༧སྐྱབས་རྗེ་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུ་བོན་གྱི་རྗེས་འཇུག་ཉུང་ངུ་ལས་མེད་ཀྱང་དེ་དག་ཆིག་སྒྲིལ་དང་ཐུགས་མཐུན་ཁྲིམས་གཙང་གིས་འདྲ་འདྲ་ནང་ནས་མ་འདྲ་བ་ཆགས་ཡོད་ལ། དེང་ཉེན་འཕྲང་སྐབས་འདིར་སློབ་གཉེར་བ་རྣམས་ནས་སློབ་སྦྱོང་གལ་ཆེན་ཡིན་ཀྱང་གནས་སྐབས་སུ་འཕྲོད་བསྟེན་གལ་ཆེན་དུ་འཛིན་དགོས་སྐོར་གྱི་བཀའ་སློབ་གནད་སྨིན་བསྩལ་ཡོད་པ་རེད།

དེ་རྗེས་ལོ་འདིའི་ཟླ་དྲུག་སྔ་ཕྱིའི་ཡིག་རྒྱུགས་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་རིམ་བཞིན་མགུལ་དར་སྒྲོན་རྗེས། བློ་རྒྱུགས་འཕར་མ་སྤྲད་མཁན་གྲངས་གྲྭ་བ་༧༢དང་བཙུན་མ་༥བཅས་བསྡོམས་༧༧བཅས་ལ་གཟེངས་བསྟོད་ཀྱི་མགུལ་དར་སྒྲོན་ཡོད་པ་རེད། དེ་ཡང་ལོ་གཅིག་གི་རིང་དམིགས་བསལ་བློ་རྒྱུགས་ཤེར་ཕྱིན་སྐབས་གཉིས་པ་ཆ་ཚང་དང་། མེ་སྟོན་གྱི་དབུ་མའི་འགྲེལ་ཆ་ཚང་བློ་རྒྱུགས་སྤྲད་མཁན་རྔ་བ་མཁས་གྲུབ་རིན་ཆེན་དང་། ཤར་པ་ཤེས་རབ་ཀུན་གསལ་བཅས་དང་།

ཤེར་ཕྱིན་སྐབས་གཉིས་པ་ཆ་ཚང་སྤྲད་མཁན་ཤར་པ་ཚུལ་ཁྲིམས་འོད་ཟེར། མིག་དམར་ཚེ་རིང་ནས་འགྲོ་མགོན་ཚད་མ་ལེའུ་ལྔ་པ་ནས་བརྒྱད་པ་ཆ་ཚང་། རྗེའི་ཚད་མ་རང་འགྲེལ་ཆ་ཚང་། སྟོན་པའི་ཐེག་འགྲེལ་ལས་རྒྱུ་ཐེག་བཞིའི་རྣམ་གཞག་ཆ་ཚང་། རྗེའི་ཐེག་འགྲེལ་ལས་རྒྱུ་ཐེག་བཞིའི་རྣམ་གཞག་ཆ་ཚང་། བར་གླེ་ཤེས་རབ་གཡུང་དྲུང་ནས་ཐུན་མོང་སྡུད་གྲྭའི་སྤྱིར་བསྟན་དང་ཉེར་མཁོ་རྩོད་པའི་རྣམ་གཞག་ཆ་ཚང་། རྗེའི་རིན་པོ་ཆེའི་ཚད་མ་རང་འགྲེལ་ཆ་ཚང་བཅས་བློ་རྒྱུགས་རྩེར་སོན་ཕུལ་མཁན་དག་ལ་བཤད་སྒྲུབ་མཁན་པོ་མཆོག་ནས་དམིགས་བསལ་བསྟོད་བསྔགས་བགྱིས་ཡོད་པ་རེད།
མཇུག་མཐར་ཞྭ་དཀར་བསྟན་པའི་མངའ་བདག་སྨན་རིའི་མཁན་ཆེན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་ནས་སྐྱབས་རྗེ་གོང་མ་རྣམས་ནས་གོམ་གང་སྤོས་ཀྱང་གཞན་ས་ཡིན་པའི་རྒྱུས་མེད་ཀྱི་ཡུལ་འདི་ནས། བཤད་སྒྲུབ་ཟུང་གི་བསྟན་པའི་གནས་མལ་ཁྱད་པར་ཅན་འདི་ལྟ་བུ་ཞིག་བཞེངས་བསྐྲུན་ཐུབ་པ་དེ་རིང་གི་དུས་ཆེན་འདིར་དྲན་གསོ་བྱེད་དགོས་པ་གལ་ཆེན་ཡིན་སྐོར་སོགས་ཀྱི་བཀའ་སློབ་བསྩལ་རྗེས། སྐབས་༤༢པའི་བཤད་སྡེའི་ཚོགས་གཙོ་མཆོག་ནས་བཀའ་དྲིན་ལེགས་གསོལ་གྱི་གསུང་བཤད་གནངས་ནས་མཛད་སྒོ་ཡོངས་སུ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།
                           སྐབས་༤༠པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་རྣམ་པ།