གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཤེན་གྱི་དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱི་སྐོར་གླེང་བ།

རྗེ་བཙུན་མེ་སྟོན་པོས་མཛད་པའི་འདུལ་བ་ཀུན་བཏུས་ཀྱི་གཞུང་རྩ་བར་བཞག་ནས་གཤེན་གྱི་དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱིས་འདུལ་བ་ཀུན་ལས་བཏུས་པའི་ཏི་ཀ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདུལ་འགྲེལ་ཤིན་ཏུ་རྒྱས་པ་ཞིག་བརྩམས་གནང་མཛད་འདུག་པ་དེ་ནི།  ཆེས་ངོ་མཚར་རྨད་དུ་བྱུང་བའི་འདུལ་འགྲེལ་ཞིག་ཏུ་སྣང་ལ།  དེ་ཙམ་དུ་མ་ཟད་རྒྱལ་བ་མཉམ་མེད་ཆེན་པོས་ཀྱང་ཏི་ཀ་གསལ་བའི་སྒྲོན་མེའི་ས་བཅད་ཀྱི་གོ་རིམ་དང་བསྟུན་ནས་འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་ཞེས་བྱ་བ་འདི་ཉིད་བརྩམས་པ།  འགྲེལ་དེ་ཉིད་ལ་གཟིགས་ཞིབ་གནང་ན་མཁྱེན་རྟོགས་ཐུབ་པར་འདུག་གོ  གཤེན་གྱི་དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱིས་བརྩམས་པའི་འདུལ་བ་ཀུན་ལས་བཏུས་པའི་ཏི་ཀ་གསལ་བའི་སྒྲོན་མེའི་མཇུག་བྱང་དུ།   འདུལ་བ་ཀུན་ལས་བཏུས་པའི་ཏི་ཀ་གསལ་བའི་སྒྲོན་མེ་ཞེས་བྱ་བ། གོང་མ་བདེར་གཤེགས་རྒྱལ་བའི་ལུང་དང་དམ་པ་ཁྱད་པར་ཅན་རྣམས་ཀྱི་བཀའ་ལ་བརྟེན་ནས། ཁྱད་པར་བློ་གྲོས་སེང་གེའི་གསུང་ལ་ནན་ཏན་དུ་བྱེད་ཅིང་། གཞུང་དང་འགྲེལ་ཏིག་ལས་མང་དུ་ཐོས་པའི་གཤེན་གྱི་དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱིས། ཕྱག་གདལ་ཁྲོད་དུ་འཚམས་པར་བྲིས་སམ་གུ་གེ་བརྒྱུད་པ་འདི་རེ་ཞིག་རྫོགས་སོ།  ཞེས་འཁོད་འདུག་པ་ལྟར།   རྨད་དུ་བྱུང་བའི་འདུལ་འགྲེལ་འདི་ཉིད་མཛད་པ་པོ་གཤེན་གྱི་དྲང་སྲོང་ཡེ་ཤེས་རྒྱལ་མཚན་ཞུ་བ་དེ་དང་། དེའི་ནང་གསལ་བའི་རང་གི་བླ་མ་བློ་གྲོས་སེང་གེ་ཞུ་བ་འདི་གཉིས།  རྣམ་དག་འདུལ་བའི་བསྟན་པ་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ཞིག་ཡིན་འདུག་པར་བརྟེན།  འདིའི་སྐོར་ལ་དམིགས་བསལ་གྱི་དོ་སྣང་དང་སེམས་ཁུར་ཞིག་གི་རྐྱེན་པས་བླ་མ་དེ་གཉིས་ཀྱི་ལོ་རྒྱུས་ཞིབ་ཕྲ་ནས་འཚོལ་ཞིབ་འདོད་ཀྱང་བསྟན་འབྱུང་ལོ་རྒྱུས་ཕལ་ཆེར་ལས་གསལ་ཁ་མ་བྱུང་། འདིའི་སྐོར་ཁ་གསལ་ཞིང་ཁུངས་བཙུན་པ་ནི།    ལོ་རྒྱུས་སྨྲ་བ་རྣམས་ཀྱིས་མིག་ལྟོས་མཛད་ས།   བཀའ་བན་བོན་གཉིས་ཀའི་གཞུང་ལུགས་ལ་རྒྱུས་མངའ་ཆེ་ཞིང་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ། རགས་བཤད་ཙམ་མིན་པར་མདོ་སྔགས་སེམས་གསུམ་དང་བཅུ་ཕྲག་རིག་པའི་གཞུང་ལུགས་ཀུན་གྱི་རིག་པའི་གཏེར་མཛོད་ཆེན་མོ།    གཡུང་དྲུང་བོན་ཙམ་མ་ཟད་བོན་ཆོས་གཉིས་ཀ་ལ་བཀའ་དྲིན་ཆེ་བའི་ངེས་དོན་གྱི་མཁས་པའི་དབང་པོ།   ལོ་རྒྱུས་སྨྲ་བ་ཐམས་ཅད་ཀྱི་ཡང་རྩེར་སོན་པའི་མཁས་མཆོག་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཞེས་སུ་གྲགས་པ་དེ་ཉིད་ཀྱིས་མཛད་པའི་སྲིད་ན་དཀོན་ཞིང་རིན་ཐང་བྲལ་བའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་ཚོགས་ཀྱི་མཁས་པའི་མགུལ་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ་ལས།  གཤེན་དང་བྲུ་ཞུ་སྤ་རྨེའུའི་འདུལ་འཛིན་གྱི་སྐྱེས་བུའི་བརྒྱུད་པ་སོ་སོ་ནས་ངོས་འཛིན་གནང་སྟེ་འཆད་པའི་སྐབས།  གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱི་མཁན་བུ་ཁོང་གི་སྐུ་ཚ་ཡེ་ཤེས་རྒྱལ་མཚན་ཡིན་པར་གསུངས།  ཡེ་ཤེས་རྒྱལ་མཚན་ནི།  གཤེན་སྟོན་ཇོ་རྩེའི་སྲས་སུ་ལྕགས་བྱི་ལོར་འཁྲུངས་པ་དང་།  ཆུང་དུས་ནས་རིག་པའི་རྩལ་ཕྱོགས་མེད་དུ་རྒྱས་ཤིང་ཀླུ་སྒྲུབ་ཡེ་ཤེས་སྙིང་པོའི་རྣམ་སྤྲུལ་ཡིན་པར་གསུངས།  ཁུ་བོ་གཤེན་སྟོན་ནམ་མཁའི་སྐུ་མདུན་ནས་ཐོས་བསམ་སྦྱངས་ཤིང་། གཙང་མ་གཙུག་ཕུད་དང་དག་པ་དྲང་སྲོང་གི་ཁྲིམས་སོགས་ཁུ་བོའི་དྲུང་ནས་རིམ་གྱིས་བཞེས་ནས།   མཐར་ཤེས་རབ་རྣམ་གསུམ་གྱི་རྩལ་ཆེན་རྫོགས་ཏེ་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་པོར་གྱུར། བསྟན་པའི་གསལ་བྱེད་དུ་འདུལ་བའི་འགྲེལ་རྒྱས་པ་ལ་སོགས་མཛད་པར་གསལ།  གཤེན་གྱི་དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱི་མཁན་བུ་ཁོང་གི་སྐུ་དབོན་བློ་གྲོས་སེང་གེ་ཡིན་པར་གསུངས།  བླ་མ་འདི་ཉིད་གཤེན་ཆེན་ཇོ་རྒྱལ་གྱི་སྲས་ཆུང་བ་ཡིན་ཞིང་།  ཤིང་ཕོ་ཁྱིའི་ལོར་སྐུ་འཁྲུངས་བར་གསུངས།  ཆུང་ནས་ཐོགས་མེད་རིག་པའི་མཁྱེན་རྩལ་རྫོགས་ཤིང་།  ཁུ་བོ་དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱི་སྐུ་མདུན་ནས་འདུལ་ཁྲིམས་ཞུས་ནས་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད།  བླ་མ་འདི་ཉིད་རྗེ་བཙུན་མེ་སྟོན་ཆེན་པོའི་བཀའ་བརྟེན་ཐམས་ཅད་དང་།  གཤེན་སྟོན་ནམ་མཁའི་ཕྱག་ལེན་ལ་སོགས།  མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་བློ་གྲོས་ཀྱི་རྩལ་ཆེན་རྫོགས་པའི་མཁས་པ་ཕུལ་ཕྱིན་ཡིན་པར་གསུངས་སོ།  མདོར་ན་རང་གི་བསམ་ཚུལ་ལྟར་བྱས་ན།  འདུལ་བ་ཀུན་ལས་བཏུས་པའི་ཏི་ཀ་གསལ་བའི་སྒྲོན་མེ་མཛད་པ་པོ་གཤེན་གྱི་དྲང་སྲོང་ཡེ་ཤེས་རྒྱལ་མཚན་ཞུ་བ་དེ་ཉིད།  གཤེན་སྟོན་ནམ་མཁའ་རྒྱལ་མཚན་གྱི་མཁན་བུ་དང་དངོས་སློབ་གཉིས་ཀ་ཡིན་འདུག་ལ།  བློ་གྲོས་སེང་གེ་ཞུ་བ་དེ་ནི།  གཤེན་གྱི་དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱི་མཁན་བུ་ཡིན་པ་ཙམ་དུ་མ་ཟད།  མདོ་སྔགས་སེམས་གསུམ་གྱི་དཀའ་བའི་གནད་དང་རྗེ་བཙུན་མེ་སྟོན་གི་བཀའ་བརྟེན་ཐམས་ཅད་དང་གཤེན་སྟོན་གྱི་ཕྱག་ལེན་ཀུན་ལ་ནང་བྱན་ཆུད་པའི་མཁས་པ་ཕུལ་ཕྱིན་ཞིག་ཡིན་འདུག་པར་བརྟེན།  གཤེན་གྱི་དྲང་སྲོང་ཡེ་ཤེས་རྒྱལ་མཚན་མཆོག་གིས་ཀྱང་རང་གི་བླ་མ་བློ་གྲོས་སེང་གེ་ཞེས་དད་མོས་གུས་པ་ཆེན་པོས་བློ་གྲོས་འདྲི་སའི་ཡུལ་ཞིག་ཏུ་ངོས་འཛིན་གནང་ནས་བཞག་འདུག་པར་མཐོང་ངོ་།

ཉི་མིང་པས་རང་གི་བསམ་ཚུལ་ཙམ་ཞིག་བྲིས།