གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་ཆེ་བའི་ཡོན་ཏན་ཟབ་མོ་ལ་བསྔགས་པ།

དབེན་ས་ཁ་ཞེས་གྲགས་པའི་གནས་ཆེན་དེར།།
མཁས་གྲུབ་གཉིས་ལྡན་གསེར་རིའི་ཕྲེང་བ་ལྟར།།
སངས་རྒྱས་མི་ཡི་གཟུགས་སུ་སྤྲུལ་པའི་སྐུ།།
གཡུང་དྲུང་བསྟན་ལ་བཀའ་དྲིན་ཟླ་བྲལ་བ།།
ལུང་དང་རིགས་པས་ཕྱུག་པའི་མཁས་གྲུབ་རྗེ།།
སྟོན་པ་བཅོ་བརྒྱད་བསྟན་འགྲོའི་དཔལ་དུ་མཛེས།།

དེ་ཡི་ནང་ནས་ངོ་མཚར་ཆེས་འཕགས་པ།།
ཕྱི་རབས་མཁས་པས་མིག་ལྟོས་མཛད་པའི་གནས།།
དམར་ཐག་བཅད་ནས་ཟབ་གནད་སྩོལ་བའི་མགོན།།
ཕུ་ཐག་བཅད་ནས་གསལ་བྱེད་སྤེལ་བའི་བཤེས།།
དགག་བཞག་སྤང་གསུམ་ལུང་རིགས་སྨྲ་བའི་སེང་།།
སྟོན་པ་དེ་ནི་ཀུན་གྱི་ཐུགས་ལ་མངའ།།

ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་དང་།།
འཛིན་སྐྱོང་སྤེལ་གསུམ་ཕྱི་ནང་གསང་གསུམ་སོགས།།
སངས་རྒྱས་བསྟན་པའི་བྱ་བ་གང་ལ་ཡང་།།
མཛད་ཕྲིན་ཉི་ཟླའི་ཟེར་བཞིན་ཕྱོགས་མེད་དུ།།
རྒྱས་པས་ཁྱེད་ཀྱི་གསང་མཚན་འཕྲིན་ལས་ཀྱི།།
རྒྱ་མཚོ་ཆེན་མོ་འགྲོ་འགོན་བློ་གྲོས་གྲགས།།

བཅོ་ལྔའི་དུང་ཟླ་མཁའ་ལ་མཛེས་པ་བཞིན།།
མཁས་པའི་ནང་ནས་མཁས་པ་མི་འདྲ་བ།།
རྣམ་དཔྱོད་ཤེས་རབ་འབུམ་གྱི་ཚ་ཟེར་གྱིས།།
མཁས་མང་བྱེ་བའི་གཙུག་གི་རྒྱན་གཅིག་པུ།།
གསང་སྔགས་དབུ་ཚད་གཞུང་གི་རབ་འབྱམས་པ།།
བོན་གྱི་སྤྱན་ལྡན་ཆེན་པོ་རྣམ་པར་རྒྱལ།།

སྤྱིར་ནི་མདོ་སྔགས་སེམས་གསུམ་གཞུང་ལུགས་ཀུན།།
ཆེ་ལོང་ཙམ་མིན་ཞིབ་མོར་རྣམ་འཐག་ནས།།
ཤེས་བྱའི་སྣང་བ་ཕྱོགས་མེད་རྒྱས་ན་ཡང་།།
ཁྱད་པར་སྔགས་སེམས་དང་ནི་དབུ་ཚད་གཞུང་།།
རང་དབང་མངོན་གྱུར་གསལ་བྱེད་རིན་ཆེན་གསེར།།
ཕྱི་རབས་དུས་འདིར་སྤེལ་མཁན་ཁྱེད་ཉིད་ཙམ།།

རབ་འབྱམས་གཞུང་གི་དགོངས་དོན་མ་ལུས་པ།།
ཚིག་སྤྱི་ཙམ་མིན་གཞུང་ཆེན་དགོངས་པའི་གཏེར།།
ཚད་གསུམ་ཟུང་འབྲེལ་རྩོད་ངག་བདུན་ལྡན་གྱིས།།
འཕྲང་ལ་བཤར་ནས་བརྡར་ཤ་གཅོད་མཁས་པ།།
བོན་གྱི་སྤྱན་ལྡན་འགྲོ་མགོན་བློ་གྲོས་ཞེས།།
གསང་གསུམ་བོན་གྱི་མཛོད་འཛིན་ཁྱེད་ལ་འདུད།།

མཁས་པའི་མཆོག་གྱུར་བླ་ཆེན་དྲན་པ་དང་།།
རྒྱུད་གསུམ་མངའ་བདག་མི་ལུས་བསམ་ལེགས་བཞིན།།
རྣམ་པར་དཔྱོད་པའི་རིག་པའི་ཚ་ཟེར་གྱི།།
རྩལ་དང་རིག་པའི་དབལ་སོ་རབ་རྣོ་བ།།
སྤྱན་ལྡན་ཆེན་པོ་བློ་གྲོས་རྒྱལ་མཚན་ཞེས།།
མཚན་ཙམ་ཐོས་པས་ཡིད་ཀྱི་གདུང་བ་སེལ།།

མཁས་དང་གྲུབ་པའི་དབང་ཕྱུག་བསམ་ཡས་ཀྱི།།
རྣམ་དཔྱོད་ཤེས་རབ་འབུམ་གྱིས་མ་ཆོད་པའི།།
རྒྱལ་བའི་བཀའ་དང་འཕགས་པའི་ལུང་གི་འགྲེལ།།
ཚད་མའི་སྙིང་པོ་ཀུན་ལས་བཏུས་པ་ཞེས།།
ཐུན་མིན་འཕྲུལ་ངག་བོན་གྱི་མིག་གཅིག་པུ།།
གསེར་དང་འདྲ་བའི་གདམས་ངག་དེ་ལ་འདུད།།

སྔོན་བྱོན་མཁས་གྲུབ་རྒྱུ་སྐར་འཁྲིགས་པའི་ཀློང་།།
ས་དང་ལམ་གྱི་རིམ་པའི་གསལ་བྱེད་འགྲེལ།།
མཐའ་ཡས་བཞུགས་ཀྱང་ལས་དུས་རྐྱེན་དབང་གིས།།
ཕག་ཏུ་གཟིམས་ནས་མཇལ་བར་དཀའ་ན་ཡང་།།
ཁྱེད་ཀྱིས་མཛད་པའི་འཕྲུལ་གྱི་ལྡེ་མིག་དེར།།
འགྲན་ཟླ་བྲལ་བའི་ཁྱད་བོན་བསམ་ལས་འདས།།

མཚན་ཉིད་མཛོད་ཀྱི་གསལ་བྱེད་ངོ་མཚར་ཅན།།
གཤེན་རྒྱལ་སྟོན་པའི་བཀའ་འགྲེལ་དྲན་པ་ཡིས།།
མཛད་པའི་བདེན་པ་བོན་གྱི་སྒྲ་འགྲེལ་དང་།།
མགོན་པོ་ཁྱེད་ཀྱི་ཐུགས་ཀྱི་དགོངས་གཏེར་ལས།།
འཁྲུངས་པའི་བཅུ་བདུན་གནས་ཀྱི་མཐའ་གཅོད་དེ།།
ཨེ་མ་ཧོ་ཞེས་བསྔགས་པའི་གནས་སུ་མཐོང་།།

འཆི་མེད་ཡུམ་སྲས་གཤེན་གསུམ་ནས་བརྒྱུད་པའི།
།སྤྱི་སྤུངས་རྩ་བའི་རྒྱུད་དང་བོན་སྐོར་གྱི།།
དགོངས་འགྲེལ་ཁྱེད་ཀྱིས་མཛད་པའི་རྩ་རྒྱུད་འགྲེལ།།
རྩ་འགྲེལ་ཡིད་བཞིན་རྒྱན་དང་ཁྲོ་འགྲེལ་གྱི།།
གསལ་བྱེད་ཉི་མའི་འཁོར་དང་སྒྲུབ་ཐབས་འགྲེལ།།
སྤྱི་སྤུངས་བོན་གྱི་གསལ་བྱེད་གསེར་ལས་ལྷག།།

ཁྱད་པར་མཆོག་ལྔ་ལྷ་ཡི་བསྐྱེད་ཆོག་ལས།།
གཙོ་མཆོག་དང་ནི་དབལ་གསས་རྣམ་གཉིས་ཀྱི།།
རབ་འབྲིང་མཐའ་གསུམ་ལོ་མ་འཁོར་ལོ་དང་།།
རྒྱན་རྫོགས་བསྐྱེད་པའི་རྣམ་བཤད་ཞལ་གསལ་བ།།
རགས་བཤད་ཙམ་མིན་བསྐྱེད་རྫོགས་ཞིབ་ཕྲའི་གནད།།
ཚུལ་བཞིན་འདོམས་པའི་སྐྱེས་མཆོག་ཁྱེད་ལ་འདུད།།

བསྟན་པའི་འབྱུང་གནས་ཞང་ཞུང་ནས་བརྒྱུད་པའི།།
བསྙེན་སྒྲུབ་ལས་གསུམ་ཡོངས་རྫོགས་སྟོན་པའི་གཞུང་།།
ཞང་སྐད་ཐོག་ཏུ་བཞུགས་པའི་དབལ་གསས་ཀྱི།།
སད་དོ་ལྷ་ཡི་སྐད་ནས་ཐུན་བྷྱོའི་བར།།
མེས་པོའི་ཕ་ཆོས་བཀྲུས་ན་མ་དག་པའི།།
དཀའ་གནད་གསེད་བཀྲོལ་མཛད་མཁན་ཁྱེད་ཉིད་ཙམ།།

ཀུན་བཟང་གཤེན་ལྷས་གསུངས་པའི་མདོ་རྒྱུད་དང་།།
དེ་ཡི་དགོངས་འགྲེལ་མཆོག་གི་སྤྲུལ་སྐུའི་གསུང་།།
མེ་ལོང་དགུ་ཡིས་བསྐོར་བའི་ཐེག་དགུའི་འགྲེལ།།
གྲུབ་མཐའི་རྣམ་བཞག་ཤིན་ཏུ་གསལ་ན་ཡང་།།
ལ་ཤན་མི་འབྱེད་རྨོངས་པ་རྣམས་ཀྱི་གསོས།།
མཐའ་གཅོད་དྲི་མེད་གསལ་སྒྲོན་ངོ་མཚར་ཆེ།།

གངས་ཅན་ལྗོངས་ཀྱི་འཕྲུལ་ངག་བོན་བསྟན་གྱི།།
གཤེན་སྡེ་འདུས་པའི་བཀའ་ཡིག་རིན་པོ་ཆེ།།
དབང་གི་རྒྱལ་པོ་གཡུང་དྲུང་འབར་བའི་གཟི།།
གྲྭ་ས་ཆེན་མོའི་དགོན་སྡེའི་བཅའ་སྒྲིག་དང་།།
ཕྱི་ནང་གསང་གསུམ་ཕྱག་བཞེས་གོང་མའི་སྲོལ།།
ཚུལ་བཞིན་འདོམས་པའི་སྟོན་པ་ཁྱེད་ལ་འདུད།།

གཞན་ཡང་དེང་གི་དུས་འདིར་མཇལ་དཀའ་བའི།།
ཁྱེད་ཀྱིས་མཛད་པའི་གབ་འགྲེལ་ལུང་དྲུག་འགྲེལ།།
ཁྱད་པར་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་འགྲེལ།།
དེ་བཞིན་ཁྲོ་ཕུར་སྒྲུབ་པའི་ཕྱག་བཞེས་དང་།།
ཉམས་མགུར་དང་བཅས་བསམ་གྱིས་མི་ཁྱབ་པའི།།
བཀའ་བརྟེན་གསེར་གྱི་ལྷུན་པོ་གྲངས་ལས་འདས།།

མདོ་སྔགས་རྫོགས་གསུམ་སྙིང་དོན་ཡོངས་རྫོགས་པའི།།
བསྟན་འབྱུང་བསྐལ་པ་བཟང་པོའི་མགྲིན་རྒྱན་ལས།།
གསལ་བ་ལྟར་ན་མགོན་པོ་མཆོག་ཉིད་ཀྱིས།།
ཕྱི་རབས་བུ་ལ་རྗེས་སུ་བཞག་པའི་གཏེར།།
པོད་ཆེན་གསེར་ལས་ལྷག་པ་དགུ་ལོངས་ཙམ།།
ཡོད་པར་བསྔགས་པ་གཡུ་འབྲང་བདུད་རྩི་མཆོག།།

 མདོར་ན་མགོན་པོ་ཁྱེད་ཀྱིས་མཛད་པ་རྣམས།།
བློ་གྲོས་མིག་དང་ལྡན་པའི་སྐྱེས་བུ་ཡིས།།
ཇི་ཙམ་དཔྱད་ན་དགོངས་པའི་གཏིང་ཟབ་ལ།།
ལག་ཏུ་བླངས་ན་ཉམས་ཀྱི་དྲོད་འབར་ཞིང་།།
འདྲིས་པར་བྱས་ན་སྒྲོ་འདོགས་གཏན་བརླག་ཏུ།།
འགྲོ་བའི་ཁྱད་བོན་བླ་མེད་མཐོང་དེར་འདུད།།

ས་ཐོག་ལ་བླ་མ་བརྒྱ་ཡོད་ཀྱང་། སེམས་ཐོག་ལ་བླ་མ་གཅིག་ཅེས་པའི་དཔེ་ལྟར་༧སྤྱན་ལྡན་ཆེན་པོའི་རིག་པའི་ཚ་ཟེར་ལ་ཡིད་སྨོན་གཏིང་ནས་ཤོར་བའི་ཉི་མིང་པས་ས་འཛིན་སྨན་གྱི་རི་བོ་ནས་སྤེལ།།