གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཙུག་རྒྱན་དཔོན་གསས་བླ་མའི་འོད་རླབས།

ལུ༷ང་རིགས་མཛོད་འཆང་རྒྱུད་གསུམ་མདོ་འཛིན་མཚན་ལྡན་དཔོན་གསས་བླ་མ་རྗེ།།

རྟོག༷ས་གྲོལ་ཡོན་ཏན་གཤོག་དྲུག་འདབ་རྒྱས་འཁོར་འདས་སྤྱི་རྒྱ་རླབས་ཀྱིས་གཅོད།།

བསྟ༷ན་པ༷འི་གསལ་བྱེད་རྒྱུན་གནས་བཞི་ཡིས་ཐུགས་རྗེའི་འཇུག་པ་རྒྱུན་དུ་བསྲིངས།།

ཉི༷་མ༷་འོད་ཆེན་བསྟན་འགྲོའི་གཙུག་རྒྱན་འགྲོ་བའི་མུན་སེལ་ཁྱེད་ལ་འདུད།།

ཅེས་མཚན་མཆོག་རྒྱལ་ཐེབས་དོན་དང་ལྡན་པས་སྔུན་བསུས་ཏེ། མཚན་བརྗོད་པར་དཀའ་བ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་བདེ་བར་གཤེགས་པ་དཔོན་གསས་བླ་མ་སྨན་རིའི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་གིས། འདི་ཕྱི་འཁོར་འདས་ཀྱི་རྣམ་དབྱེ་མིག་འབྲས་དཀར་ནག་བཞིན་མ་འདྲེས་པ་སོ་སོར་ཤན་ཕྱེས་ཏེ། གནམ་འོག་གི་འཇིག་རྟེན་ཁམས་འདིར་སྐྱེ་དགུ་འགྲོ་བའི་ཆ་ལུགས་དང་མཐུན་པའི་བདག་སོགས་རྗེས་འབངས་རྣམས་ལ་བྱིན་རླབས་འཇུག་ཕྱིར་དུ། རྗེ་ཉིད་ཀྱི་མཛད་འཕྲིན་རྒྱ་ཆེ་གཏིང་ཟབ་མཐའ་ཡས་མུ་མེད་པ་ལས་ཆ་ཤས་ཙམ་ཞིག་ས་བཅད་གསུམ་ཙམ་གྱི་ལམ་ནས་ཞུ་བར་བསམ་བྱུང་།

དང་པོ་སྐུ་སྐྱེ་བ་བཞེས་པའི་ཚུལ།

བར་དུ་བསྟན་སྤེལ་འགྲོ་འདུལ་གྱི་ཚུལ།

མཐའ་མར་སྐུ་བདེ་བར་གཤེགས་པའི་ཚུལ་དང་གསུམ་མོ།

ལར་འཛམ་གླིང་སོག་ཁ་བོན་གྱི་འབྱུང་གནས་འདིར་ཐབས་མཁས་གུ་ཡངས་དྲོད་ཁོལ་འཇམ་པོའི་འོག་ཞི་རྒྱས་དབང་དྲག་གམ་འཕྲིན་ལས་རྣམ་བཞིའི་སྒོ་ནས་རྒྱ་ཆེ་བའི་མཛད་ཆེན་དག ངལ་བ་ཁྱད་བསད་བདེན་པ་དང་བླངས་ངང་སྐུ་ཚེ་ཐོག་མཐའ་བར་གསུམ་ལས་སོགས་སྒོ་ཀུན་ནས་རྒྱལ་བསྟན་སྤྱི་དང་འགྲོ་བའི་དོན་ཆེད་ཁོ་ནའི་དུས་འདའ་བ་དང་། མ་ཟད་སོག་ཁ་བོན་གྱི་འབྱུང་གནས་འདིར། སྐྱེ་དགུ་བྱིངས་ཀྱི་འདི་ཕྱིའི་སྐྱིད་སྡུག་ཇི་ཡོད་ཀྱང་། ཐམས་ཅད་ཕྱོགས་དང་རིས་སུ་མ་མཆིས་པར་ཐུགས་སུ་ཉར་ནས། རླབས་ཆེན་གྱི་མཛད་འཕྲིན་བསམ་ཡུལ་ལས་འདས་པར་བསྐྱངས་པ་ནི། ཁོ་བོའི་བློས་དཔོག་པ་དང་དངོས་སུ་བརྗོད་སྤོབས་པ་ཞིག་ག་ལ་ཡིན།

འོན་ཀྱང་། དད་སེམས་ཀྱི་ཚོར་བ་ཞིག་གིས་དེད་དེ། མི་རྗེ་བླ་མའི་རྟོགས་བརྗོད་དབྱར་མཚོ་གང་བ་གཏིང་ཟབ་ལས་ཆ་ཙམ་ཞུ་འདོད་སྐྱེས། དང་པོ་སྐུ་སྐྱེ་བ་བཞེས་པའི་ཚུལ་ནི། རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་རྒྱལ་བ་སྨན་རི་ཚང་གི་གཤེན་བསྟན་སྤྱི་ལ་བགོས་པའི་ལྷ་སྐལ་དུ་སྐུ་བལྟམས་པ་ནི། ཡུལ་ལ་གཟིགས་པ་བསིལ་ལྡན་གངས་རིའི་ལང་ཚོའི་རང་མདངས་བཀྲ་བའི་ཞིང་མཆོག་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ། ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཨ་མདོ་ཤར་ཟིང་ཆུ་ཞེས་པའི་ཆབ་དཔལ་རིག་གསུམ་གྱིས་ཕྱུག་པ། གསང་སྔགས་མ་རྒྱུད་ཀྱི་གནས་རི་ཁྱད་པར་ཅན། མ་མཁའ་འགྲོ་འུག་གདོང་དང་། མི་འགྱུར་བཀའ་རྟགས་རང་བྱོན་སོགས་ཡོད་པའི་བྲག་གཡུང་དྲུང་ཁ་ཡི་མདུན་ཞོལ་དུ།

རིགས་བཟང་ཡབ་ལ་གཟིགས་པ་ལྗོངས་ལྡོང་རྒྱལ་ལོ་ཞེས་པ་སྟེ། དུད་ཁྱིམ་ཆེན་མོའི་བདག་པོ་མི་གཤིས་བཟང་པོ། དུས་དང་རྣམ་པ་ཀུན་ཏུ་ཡར་དཀོན་མཆོག་ལ་སྲི་ཞུ་དང་མཆོད་བསྟོད་ཆེ་བ། མར་དབུལ་ཕོངས་ལ་སྦྱིན་གཏོང་དང་བྱམས་བརྩེ་ཆེ་བས་ལྗོངས་ལྡོང་ཚང་ཞེས་གྲགས། རིགས་བཟང་ཡུམ་ལ་གཟིགས་པ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ལོའི་(ཕྱི་ལོ་༡༩༢༩)ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་ངོ་མཚར་བའི་མཚུངས་དཔེ་མིག་ལྟོས་བཟང་པོ་དང་བཅས་མཚན་དཔེ་གསེར་གྱི་མེ་ཏོག་སྐུ་མཆོག་མངོན་པར་བལྟམས་ཏེ། མཚན་ལའང་བླ་མ་ཐར་ཞེས་གསོལ་ལོ།།

བར་དུ་བསྟན་སྤེལ་འགྲོ་འདུལ་གྱི་ཆ་ནས་ཞུས་ན། ༧སྐྱབས་རྗེ་བདེར་བར་གཤེགས་པ་མཆོག་དབང་མེད་འཇིག་རྟེན་འཁོར་བར་འཁྱམས་མི་སྲིད་ཀྱང་། མི་སྲིད་པའི་སྲིད་ཚུལ་མཛད་དེ། འཇིག་རྟེན་མི་ཡུལ་དུ་གདུལ་བྱ་རིགས་གསུམ་ལ། རང་རང་ཁམས་ཀྱི་ལེན་ཀ་ཇི་བཞིན་དུ། འགྲོ་བ་གང་ལ་གང་འདུལ་དུ་ཐར་པའི་དང་ཁ་འབྱེད་ཕྱིར། སྨིན་གྲོལ་ཕན་བདེའི་སྙིང་པོ་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་སོགས་ནི། ཐོག་བབས་ངང་ཕུགས་ཐག་ཟབ་མོ་ཆུ་བོའི་འགོ་མ་བཞིན་བརྒྱུད་པ་ཟམ་མ་ཆད་པ་ཟབ་གདམས་མ་ལུས་པ་གང་འདོད་དུ་འཇོ་བ་སྟེ། ཇི་སྐད་དུ།

རྒྱལ་བའི་བཀའ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། སྟོན་པའི་སྒྲོན་མ་འཁོར་བ་རུ་ལྟུང་མི་སྲིད་པར་ཆེ་ཞིང་། གདུལ་བྱའི་དོན་ལ་ངན་སོང་གསུམ་གྱི་གནས་ཡན་ཆད་དུ་བྱོན་ནས། མི་སྲིད་པའི་སྲིད་པ་རིན་པོ་ཆེས་འགྲོ་བའི་ཁ་ལོ་བསྒྱུར་བའི་ཡོན་ཏན་དང་ལྡན་པ་ལགས་སོ།། མཛོད་ལས། སྟོན་པའི་སྒྲོན་མེ་ངན་སོང་གནས་སུ་ལྟུང་མི་སྲིད་ཀྱང་འགྲོ་དོན་དམྱལ་བའི་གནས་སུ་གཤེགས་པར་མཛད་པའོ།། ཞེས་གསུངས་པ་ལྟར་རོ། དེ་བཞིན། གདོས་ལུས་གསོ་བའི་སྨན་པ་དང་། ངག་མ་རུང་འགོག་པའི་གཉེན་པོ་སྨན་དང་། ཡིད་ཚད་མེད་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ལྟར་བཅས་པས་གདུལ་བྱ་འདུལ་ཐབས་ཀྱང་ཆེས་ཟབ་པ་མང་པོ་བསྟན་ཏེ། སྨིན་གྲོལ་གནད་སྨིན་གྱི་འབྲེལ་ཚད་གྲངས་ལས་འདས་པར་སྨོས་མེད།།

དེ་བཞིན་མགོན་པོ་ཉིད་ཀྱི་སྐུ་ཚེ་ཧྲིལ་པོ་རུ་ཐབས་མཁས་ཐུགས་རྗེ་ཟུང་གིས། ཀུན་ལ་སྙོམས་པའི་གཞན་ཕན་ཉི་རི་ཇི་བཞིན། གདུལ་བྱ་ཡོངས་ལ་རང་རང་གི་བློ་དང་བསྟུན་ནས་ལུང་སྡེ་སྣོད་གསུམ་གྱི་བོན་སྒོ་སོགས་རིན་ཐང་རང་རང་མལ་མལ་ཐད་ཀར་བསྟན་པ་སྟེ། ཡང་གཅིག་བསམ་ན་རང་དོན་དུ་ཤེས་རབ་ཀྱི་ཉམས་ལེན་དང་། གཞན་དོན་དུ་བླ་མེད་བཅུ་ཡི་སྒོམ་རིམ་དང་བསྡུ་བ་རྣམ་བཞིའི་སྒོ་ནས། དཔེ་རྩེ་རྣམ་གསུམ་གྱི་བོན་སྒོ་བསྟན་ཅིང་མཛད་པ་མཐར་རུ་ཕྱིན་པ་སྟེ། ཇི་སྐད་དུ། མདོ་ལས། སྟོན་པས་ཀྱང་སེམས་ཅན་རྣམས་ལ། སྐུས་གདུལ་བྱ་རྣམས་ལ། བསྟན་པ་སྐུའི་དཔེའུ་རྩེ་བསྟན་ཏོ། གསུང་གིས་གདུལ་བྱ་རྣམས་ལ། བསྒྲགས་པ་གསུང་གི་དཔེའུ་རྩེ་བསྟན་ཏོ། ཐུགས་ཀྱིས་གདུལ་བྱ་རྣམས་ལ། བསྒྲུབ་པ་ཐུགས་ཀྱི་དཔེའུ་རྩེ་བསྟན་ཏོ། ཞེས་གསུངས་པ་དང་དབྱེར་མ་མཆིས།

ཡང་དོན་དམ་པའི་དཔོན་གསས་བླ་མ་མཆོག་གིས་འདས་ཟིན་པའི་གཉན་འཕྲང་ཆེ་བའི་སྐབས་སུའང་། སྐུ་སྲོག་རིན་ཆེན་ནོར་བུ་འབེན་དུ་བཙུགས་ནས་སངས་རྒྱས་བསྟན་པའི་རྨང་གཞིའམ་ས་བོན་ཏེ། ཕྱག་རྗེས་གཟེངས་མཐོན་པོ་ཞིག་བཞག་སའི་གནས་མཆོག་རྒྱ་གར་འཕཊ་པའི་ཡུལ་བྱང་ཕྱོགས་རི་བོ་ཧི་མ་ཅལ་གྱི་མངའ་ཁོངས་སུ་གཏོགས་པའི། བྱེས་ཀྱི་གདན་ས་ཆེན་མོ་བོན་གཞིས་ཐོབ་རྒྱལ་གསར་པའི་ལྟེ་བ་རུ་༧དཔལ་གཤེན་བསྟན་སྨན་རིའི་གླིང་འདིར་གཡུང་དྲུང་བོན་གྱི་བསྟན་པ་ཆེ་རུ་མེ་ལྕེ་མཆེད་པ་འདྲ་བ་འདི་ནི། དེང་གི་ཆར་འཛམ་གླིང་ཤར་ནུབ་གང་སར་རྒྱལ་སྤྱིའི་མི་རིགས་མཁས་དབང་མང་པོའི་ཆེ་མཐོང་དང་གཙིགས་འཇོག་འོས་པའི་སྲིད་པ་རྒྱུད་ཀྱི་བོན་པོ་ཞེས་པའི་མཚན་སྙན་གྲགས་དཀར་འབྲུག་ལྟར་གྲགས་པ་དེ་ཉིད་མཛད་དོ།

ཞྭ་དཀར་བསྟན་པའི་མེ་རོ་སྤར་ས་འདི་ནི། སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་མཆོག་ཞེས་པའི་དཔེ་བཟང་དུ། ཕྱི་ཡི་བཀོད་པ་ལེགས་ཤིང་དབེན་པའི་མཚན་ཉིད་ལྡན་པའི་དགེ་བའི་བསྟི་གནས་སུ། སྐུ་གསུང་ཐུགས་སོགས་ཀྱི་རྟེན་ཁྱད་པར་ཅན་བསམ་ཡུལ་ལས་འདས་པ་སྟེ། གཙོ་བོ་སྐུ་རྟེན་རིན་པོ་ཆེའི་གཞལ་ཡས་ཁང་འདུལ་ཁང་དུ། སྐུ་བརྙན་རིས་སུ་བྲིས་པ། འབུར་དུ་དོད་པ། ལུགས་སུ་བླུག་པ་བཅས་ལྟ་སྡུག་གེ ། འོད་སྤུངས་ངེར། བཀྲ་ཆགས་སེ་བཞུགས་སུ་གསོལ་ལོ།།

གསུང་གི་རྟེན་ལའང་གྲུབ་མཐའ་རིས་སུ་མ་ཆད་པ་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ཞེས་གསུང་རྟེན་གྱི་བང་མཛོད་ཆེན་མོ་ཞིག་གསས་ཁང་དཀར་ནག་བཀྲ་གསལ་གཉིས་པ་ལྟར་གྲུབ་བཞེངས་མཛད་དོ། །

ཐུགས་ཀྱི་རྟེན་{སྨན་རིའི་རྩ་རྒྱུད་དཔོན་གསས་བླ་མའི་ཐུགས་རྟེན་སྐུ་གདུང་ཁང་། ནང་རྟེན་ནི་གཡས་རུའི་སྟོན་པ་བཅོ་བརྒྱད་དང་། སྨན་རིའི་ཁྲི་འཛིན་སོ་གཉིས། གཡུང་དྲུང་གླིང་གི་མཁན་རབས་བཅུ། མཁར་སྣའི་རྒྱལ་ཚབ་རིམ་བྱོན་བཅས་མཐོ་ཚད་ཁྲུ་དོ་ཅན་བརྒྱ་ཐམ་པ་དང་དེ་ལས་ཅུང་དམའ་བ་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་ནི་རྒྱུ་རིན་པོ་ཆེ་གསེར་དངུལ་ཟངས་སོགས་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གྱི་དབྱིབས་ཅན་ཤ་སྟག་གོ །

དེ་དག་ཏུ་གཟུངས་གཞུག་སོགས་ནི་རྒྱལ་སྲས་གོང་མའི་ཕྱག་ལེན་ཇི་བཞིན་མཚན་ཉིད་དང་ལྡན་པ་སྤུས་གཙང་བྱིན་ཅན་འགྲོ་འདྲེན་རྟེན་དུ་བཞེངས་སུ་གསོལ་བ་ནི། ཇི་སྐད་དུ། རྣམ་རྒྱལ་གཟུངས་ཆེན་ལས། སྐུ་ཡི་རྟེན་གྱུར་སྐུ་གཟུགས། གསུང་གི་རྟེན་གྱུར་གསུང་རབ། ཐུགས་ཀྱི་རྟེན་གྱུར་སྐུ་གདུང་ཏེ། ཞེས་གསུངས་པ་དང་གཉིས་སུ་མེད་པར་མཛད་དོ། སྤྱིར་རིག་པའི་གནས་ལྔ་ལ་སྦྱངས་པ་མ་བྱས་ན། བློ་བསྐྱེད་ཆེ་ཞིང་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱང་ཐམས་ཅད་མཁྱེན་པ་ལ་རིང་པར་འགྱུར་བ་མ་ཟད། ཇི་སྐད་དུ། བསྟན་པ་རྗེས་བཞག་གི་མདོ་ལས། བཟོ་དང་སྒྲ་དང་གསོ་བ་དང་། ཕྱི་ནང་རིག་པ་གཉིས་དང་ལྔ། ཞེས་དང་། བྱམས་མ་འབུམ་ལྔ་ལས། རིག་པའི་གནས་ལྔ་མ་ཤེས་ན། ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། ཞེས་དང་། གཞུང་དེ་ཉིད་ལས། རིག་པའི་གནས་ལྔ་ལ་བརྟེན་ནས་སེམས་ཅན་ཐབས་ཀྱིས་འདུལ་བ་སྟེ། ཕས་ཀྱིས་རྒོལ་བ་སྒྲས་ཚར་བཅད། ནད་ཀྱིས་གདུང་བ་སྨན་གྱིས་གསོ། གདོན་གྱིས་བཙེས་པ་སྔཊ་ཀྱིས་བཅོས། རྒས་རྒུད་འཆི་འཕོས་རྩིས་ཀྱིས་བཏུལ། ཞེས་གསུངས་པའི་ལུང་ཚད་མ་དག་ལ་གཞིགས་ཏེ། བཟོ་རིག་པའི་ཁང་དང་། སྒྲ་རིག་པའི་ཁང་། གསོ་བ་རིག་པའི་ཁང་། ཕྱི་རིག་པའི་ཁང་། ནང་རིག་པའི་ཁང་། དེ་བཞིན་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ཞེས་པའི་དཔེ་ལྟར་སྐབས་བབ་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཟིགས་ནས། {སྒྲུབ་ཁང་དབང་དྲག་འབར་བ་དང་། བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་། རྣམ་རྒྱལ་ལྷ་ཁང་། ཁྲོ་བོའི་ལྷ་ཁང་། མེས་པོའི་རང་ཁུངས། བཙུན་དགོན་རདྣ་སྨན་གླིང་། གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་། གཞི་རིམ་སློབ་གླིང་། བོན་ཕྲུག་བདེ་དོན། བོན་བུ་ཁྱིམ་ཁང་། བསྭོ་སྒྲ་ཁང་། གསོ་རིག་འབུམ་བཞིའི་མཐོ་སློབ་ཁང་། སྨན་རིའི་མགྲོན་ཁང་བཅས་ཕྱི་ནང་མིང་དོན་ཚང་བའི་ཁོར་ཡུག་སོགས་རེ་རེ་བཞིན་རྣམ་གྲངས་སྨོས་མ་དགོས་པ་དེ་ཙམ་འཐུས་པ་ཞུ། ཁྱད་པར་དུ་བསྟན་པའི་གསལ་བྱེད་འཆད་ཉན་ཡིན། ཞེས་གསུངས་པ་ལྟར། འདིར་གདན་ས་སྨན་རིའི་གླིང་དུ་ལོ་ལྟར་བཤད་པ་འཆད་ཉན་གྱི་སྡེ་དང་། སྒྲུབ་པ་ཉམས་ལེན་གྱི་སྡེ་བཅས་{སྒྲུབ་ཁང་དབང་དྲག་འབར་བའི་}ནང་སྒྲུབ་མཆོད་བཅུ་གཉིས་ནི། བོད་ཟླ་དང་པོ་ལ། ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ། དེ་བཞིན་དབལ་གསས་ཞི་དྲག་གཉིས་ཀྱི་སྒྲུབ་པ། རྩ་གསུམ་བོན་སྐྱོང་བཞི་སྦྲགས་ཀྱི་སྒྲུབ་པ། ཡི་དམ་རིག་འཛིན་འདུས་པའི་སྒྲུབ་པ། ཀུན་གསལ་བྱམས་མ་ཆེན་མོའི་སྒྲུབ་པ། གཤེན་རབ་རྣམ་པར་རྒྱལ་བའི་སྒྲུབ་པ། རྣམ་དག་པད་མ་ཀློང་ཡངས་ཀྱི་སྒྲུབ་པ། གེ་ཁོད་གསང་བ་དྲག་ཆེན་གྱི་སྒྲུབ་པ། ཡི་དམ་སྟག་ལ་མེ་འབར་གྱི་སྒྲུབ་པ། ཡི་དམ་ཁྲོ་བོ་དབང་ཆེན་གྱི་སྒྲུབ་པ། ཡི་དམ་དབལ་ཕུར་ནག་པོའི་སྒྲུབ་པ། ཕུར་པའི་སྲུང་ཟློག་གི་སྒྲུབ་པ་བཅས་ཀྱི་དཀྱིལ་འཁོར་རིམ་བཞིན་ཞལ་ཕྱེས་ཏེ། ཟླ་ལྷག་ཡོད་ཚེ་ལྷ་རྒོད་ཀྱི་སྒྲུབ་པ་མཛད་སྲོལ་སོགས་མ་ཆགས་པ། དེ་བཞིན་འཆར་ཅན་ལྟར་ལོ་རེར་དུས་མཆོད་དང་སྤྱི་རིམ་སོཊ་རྒྱལ་བ་སྨན་རིའི་ཕྱག་སྲོལ་འཁྲུལ་མེད་ཀྱི་སྲོལ་རྒྱུན་ཆེས་མང་བས་ད་ལན་རེ་རེ་བཞིན་མ་སྨོས། ལྷག་པར་དུ་ཆེས་གལ་ཆེ་བ་ནི་བོན་གྱི་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་དང་། ཐུན་མོང་བཅུ་ཕྲག་རིག་པའི་གནས་ལ་ངོམས་མེད་ལོངས་སུ་སྤྱོད་མཁས་པའི་དཔའ་མཛངས་རྟུལ་ཕོད་ཅན་ཐོས་བསམ་གྱི་རྣམ་རིག་བརྟས་པའི། བཀའ་རབས་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་པའི་གྲངས་འབོར་བརྒྱ་ཕྲག་གཉིས་ལ་ཉེ་བར་ཕྱག་རྗེས་རླབས་ཆེན་བཞག་གནང་བས། ཀུན་གྱི་ཡིད་ངོ་རུ་ལས་ཀྱི་ཡབ་ཆེན་ཞེས་བརྗེད་ཐབས་ཟད་པའི་རྟགས་ཆེན་གཡུང་དྲུང་རང་གཤིས་སུ་གྲུབ་ཡོད་པར་ཨེ་མ་ངོ་མཚར་རྨད་དུ་བྱུང་ངོ་།།

གསུམ་པ་མྱ་ངན་འདས་ཚུལ་ནི། ཇི་སྐད་དུ། མདོ་ལས། སངས་རྒྱས་ལ་ཡང་འདས་གྲོངས་ཡོད་གསུངས་པ་ལྟར་འཇིག་རྟེན་ཁམས་འདིར་སེམས་ཅན་ཡོད་དོ་ཅོག སྐྱེ་འཆིའི་རང་གཤིས་སུ་གཞིགས་ནས། སྐྱེ་བའི་སྒོ་བཀག་ཕྱིར་གོང་གིས་མཛད་ཐབས་བསླུ་མེད་བསྟན་པ་མ་ཟད། གཏད་མེད་སྒྱུ་ལུས་ཀྱི་སྣང་བ་འདི་མི་རྟག་བཞི་བསྡུས་ཀྱི་ཕུང་པོ་འཆི་བར་ཕན་གདགས་ཕྱིར། ལན་གཅིག་སྐུ་མི་རྟག་མྱ་ངན་འདས་ཚུལ་སོགས་གསལ་པོ་བསྟན་པ་ནི། ཚེ་ལོར་མར་འགྲུབ་ཀྱི་གཉན་འཕྲང་འདིར་སེམས་ཅན་ཀྱང་ལས་འཕྲོ་ངན་གྱིན་སྐལ་པ་ཞན་པ་མང་པོ་སྐྱེ་བའི་དུས་དང་། སྔར་མེད་གསར་སྐྱེ་རྣམས་ཤེས་རབ་ཆེ་བ་དད་པ་ལྡན་པ་ཇེ་ཉུང་ཇེ་ཉུང་དུ་འགྲོ་བའི་དུས་ངན་ཐ་མ་ལྔ་བདོའི་བསྐལ་ཁུག་འདིར་ངེས་པ་དོན་གྱི་བདག་པོ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་བདེ་བར་གཤེགས་པ། ༧སྐྱབས་རྗེ་ཁྲི་འཛིན་༣༣པ་མཆོག་སྐུ་ཉིད་ཀྱི་དགུང་གྲངས་༨༩བར་བླ་བྲང་མཐོང་བ་རང་གྲོལ་གཟིམས་ཆུང་ཀུན་བཟང་འོད་འབར་ནང་ཞལ་གསུངས་ཕྱག་ལེན་གསེར་གྱི་ཐིགས་པ་སྟེ། སྒོ་གསུམ་སྲིད་པའི་དཀའ་ཐུབ་པ་ཆེན་པོ་ཞྭ་དཀར་བསྟན་པའི་ཁུར་ཆེན་ཀུན་བཞེས་ནས། མ་འོངས་བོན་གྱི་བསྟན་པ་ཡུན་རིང་དུ་བཞུགས་པའི་ཐུགས་དགོངས་བཏང་འབྲལ་མེད་པའི་ཞལ་གདམས་ཟབ་མོ་སྟེ། གྲྭ་སྒྲིག་སྡུག་ས་ནས་བྱོས། རེ་བ་བཟང་ས་ནས་རྒྱོབས་ཅེས་གསུངས་པ་ལྟར། ཉམས་ལེན་བསྟུད་མར་ཆུ་རྒྱུན་སྐབས་མེད་བཞིན་འཚོ་རྟེན་སོགས་ལོག་འཚོ་མེད་པའི་དྲི་མེད་པདྨ་ལྟར་གྲྭ་རྐྱང་དཀྱུས་མ་ཞིག་གིས་མིག་དཔེ་བཟང་པོ་དངོས་སུ་བཞག་གནང་བར་ཨེ་མ་ངོ་མཚར་རྨད་དུ་ཆེའོ།། ཇི་སྐད་དུ། མདོ་ལས། བོན་འཁོར་ཚིག་བཞི་སྟེ། ལྟ་བ་ནི་ཡས་ཕུབ། སྤྱོད་པ་ནི་མས་འཛེཊ། གཞི་སྙིང་རྗེ་ཆེན་པོ་ལ་ལོངས། ཐབས་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱོད། དེ་ཉིད་ལས། མཚུངས་པར་སྤྱོད་ལ་མིག་ལྟོས་ན། རྒྱུ་འབྲས་སྤང་བླང་ཤེས་པར་འགྱུར། ཐེག་པ་དམའ་ནས་ཡས་འཛེཊ་ན། སྤྱོད་ཚུལ་ཁྲིམས་དང་ལྡན་པར་འགྱུར། རྒྱུ་འབྲས་སྤང་བླང་ཞིབ་རྩིས་ན། སྒྲིབ་གཉིས་རྣམ་པར་བྱང་བར་འགྱུར། དགེ་བ་ཆུང་ནས་བསགས་པ་ན། ཚོགས་གཉིས་ཡོངས་སུ་རྫོགས་པར་འགྱུར། ཅེས་གསུངས་པ་བཞིན། ཕྱག་ལེན་མཐིལ་ཕྱིན་ཞིག་གནང་བར་མཛད་དོ།

མཐར་གཤེན་གྱི་འབྱུང་ལྡན་(༣༠༡)བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་ཟླ་བ་བདུན་པའི་ཚེས་བཞི། སྤྱི་ལོ་༢༠༡༧ /༩/༡༤/ཉིན་དགོང་མོ་ཕྱག་ཚོད། ༦:སྐར་མ༢༥ ཐོག་ཏུ་༧སྐྱབས་རྗེ་མཆོག་ཉིད་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དག་ཞིང་དུ་གཟིགས་མོད། སྐབས་ཐོག་བདག་སོགས་འགྲོ་བ་རྣམས་ལ་གླིང་བཞིའི་ཉི་མ་ནི་ས་ལ་ནུབ་པའི་སྣང་ཚོར་དང་བཟོད་དཀའ་བའི་སྡུག་བསྔལ་གྱིས་ལྗིད་ཏིག་གེ་བ་སོང་བར་བཤད་མ་དགོས།

འོན་ཀྱང་། མགོན་པོ་གང་ཉིད་ཀྱིས་ནམ་ཡང་ཐུགས་རྗེ་དང་བྱམས་བརྩེའི་གཟི་འོད་འགག་པ་མེད་པས། བདག་སོགས་འགྲོ་བ་འབུམ་ཕྲག་སྟོང་ལ་བུ་གཅིག་པའི་མ་ལྟར། གསང་གསུམ་གྱི་བྱིན་རླབས་སྤྲིན་ཚོགས་གཏིབས་པ་ལྟར་མྱུར་ནས་མྱུར་དུ་འཇུག་པའི་སྐྱབས་སྨོན་གངྒའི་ཀླུང་བཞིན་རྒྱུན་དུ་སྦྱར་བར་ཞུ་ཞུ། ཀྱཻ་ཀྱཻ་ཀྱཻ་རྗེ་དཔོན་གསས་བླ་མ་ལགས།

མདོར་ན། སྔ་རབས་འདས་པ་རྣམས་ཀྱིས་སྙིང་ལས་དམར་བའི་གཅེས་ནོར་སྲོག་ལྟར་འཆང་བའི་སྐུ་གསུང་ཐུགས་ཀྱི་བསྟན་པའི་དོན་ཆེན་ཕྱི་ནང་ཐ་གྲུ་ཁག་གང་སར་བཞུགས་པ་གྱེར་སྤུངས་གཤེན་རབ་མི་བོའི་རྗེས་བཟུང་བོན་འབངས་ཁྲི་མ་འབུམ་ལ་དངོས་ཤུགས་བརྒྱུད་གསུམ་ཐོག གང་ས་ཅི་ཐད་ནས་དཀའ་སྤྱད་བཟོད་གསན་འོ་བརྒྱལ་ཚད་མེད་ཆེན་པོས་ངང་སྐུ་ཚེ་རྫོགས་མཐའི་བར་བསྟན་འགྲོའི་དོན་དུ་བཀའ་སློབ་ལམ་སྟོན་ཡིད་རྟོན་ཐུབ་པ་རྒྱབ་རྟེན་སོགས་ཡོད་དགུ་རྩལ་སྤྲུགས་བསམ་ཡུལ་ལས་འདས་པ་ཞིག་གནང་བ་མ་ཟད། ད་ལན་དངོས་སུ་མཇལ་ཡུལ་དུ་གྱུར་བའི་ཤུལ་བཞག་བསྟན་པ་རྣམ་གསུམ་གྱི་ཐུགས་དགོངས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབྱེར་མ་མཆིས་པ་ཕ་ནོར་བུ་བཞག་ལྟར་མིག་བཟང་། རྗེས་འཇུག་བུ་སློབ་ཕོ་མོ་ཡོངས་ལ་ལྷ་སྐལ་སྟེར་བ་འདི་དག ། ང་ཚོ་ཤུལ་ལུས་ཀྱི་བོན་འབངས་བགྲེས་གཞོན་བར་གསུམ་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ལུས་ཀྱིས་དཀའ་སྤྱད་དང་། ངག་གིས་འཆད་རྩོད་དང་། ཡིད་ཀྱིས་བསམ་སྒོམ་ལས་སོགས་རྒྱལ་བསྟན་སྤྱི་ཡི་བསྟན་དོན་རིས་སུ་མ་ཆད་པ་འཛིན་སྐྱོང་སྤེལ་གསུམ་སྨིན་གྲོལ་མཐིལ་ཕྱིན་ཞིག་དགོས་པ་འདི་ནི། སྔ་རབས་འདས་པ་རྣམས་ཀྱིས་བཀའ་དྲིན་རླབས་པོ་ཆེའམ་རྗེས་དྲན་གསོན་པོ་རྣལ་མ་དེ་འདི་ཡིན་པས་ཁོ་བོས་སྐད་ཤུགས་མཐོན་པོའི་ངང་འབོད་པ་འདི་ནི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་བྲིས།།

སྔོན་ཚེ་བསོད་ནམས་བསགས་པའི་རྒྱགས་ཕྱེའི་མཐུས།།
དལ་འབྱོར་རྟེན་རྙེད་སུམ་ལྡན་བླ་མ་མཇལ།།
དམ་པའི་ཞལ་ལུང་ཚངས་པའི་གསུངས་དབྱངས་ཐོས།།
བདག་རྒྱུད་དད་གུས་མྱུ་གུ་འཁྲུངས་པར་རྨད།།

རྣམ་དཔྱོད་སྒྱུ་རྩལ་དབེན་པའི་ཐོས་ཆུང་ངས།།
ཚིག་སྦྱོར་ལེགས་པོའི་མཆོད་སྤྲིན་མ་ཐོན་ཡང་།
རང་བཞིན་རྣལ་མའི་ལམ་ནས་དྲང་བརྗོད་པས།།
དགེ་ཕྱོགས་འཕྲལ་ཕུཊ་བདེ་རྩའི་རྒྱུ་རུ་ཤོག །

ཅེས་པ་ཡབ་རྗེ་བླ་མའི་སྐྱབས་འོག་པ་ཞང་ཧ་ར་ཝེར་ཡ་དྭང་རས་བསམ་དག་དད་འདུན་གྱི་སྒོ་ནས་སྤྱི་ལོ2020་ཟླ་12ཚེས་22ཉིན་དཔལ་གྱི་གདན་ས་སྨན་གྱི་རི་བོ་ནས་མཇུག་རྫོགས་པར་བྲིས།
ཐ་ཚན་མུ་ཙུག་སྨར་རོ།།