གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་དཔེ་མཛོད་ཁང་ནས་རྒྱལ་རབས་བོན་གྱི་འབྱུང་གནས་དང་གླེང་གཞི་བསྟན་པའི་འབྱུང་ཁུངས་གཉིས་པར་བསྐྲུན་འགྲེམ་སྤེལ་བྱས་པ།

བོན་གྱི་ལོ་རྒྱུས་ཡིག་ཚང་ཁྲོད་ལ་སྙན་གྲགས་ལྡན་པའི་མཁས་པ་ཆེན་མོ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་<<རྒྱལ་རབས་བོན་གྱི་འབྱུང་གནས་>>དང་<<གླེང་གཞི་བསྟན་པའི་འབྱུང་ཁུངས་>>ཞེས་པ་གཉིས་མཉམ་དུ་སྒྲིག་པའི་དཔེ་དེབ་འདི་ནི། ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དགེ་དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ་ལགས་ཀྱིས་མ་དཔེ་མི་འདྲ་བ་མང་པོར་གཤིབ་བསྡུར་གྱིས་ཞུ་སྒྲིག་བྱས་ཏེ་མཆན་ཡིག་སོགས་བཀོད་ཡོད་པའི་ལོ་རྒྱུས་ཡིག་ཆ་གལ་འགངས་ཅན་ཞིག་ཡིན།
སྤྱིར་བོན་གྱི་བསྟན་འབྱུང་ལོ་རྒྱུས་འདི་གཉིས་ཀྱི་ནང་དོན་ས་བཅད་ཀྱི་དབང་དུ་བྱས་ན། ནང་དོན་གཙོ་བོ་རྒྱལ་གཤེན་བོན་གྱི་ལོ་རྒྱུས་བསྟན་པ་ལ་ལྔ་སྟེ། ༡༽གདུལ་བྱ་འཇིག་རྟེན་གྱི་གནས་ལུགས། ༢༽འདྲེན་པ་སངས་རྒྱས་ཀྱི་བྱོན་ཚུལ། ༣༽བསྟན་འཛིན་རྒྱལ་གཤེན་གྱི་རིམ་པ། ༤༽སྟོན་པའི་བསྟན་པ་དར་ནུབ། ༥༽བསྟན་པ་ཅི་ཙམ་གནས་པའི་ཡུན་ཚད་བཤད་པ་དང་བཅས་དོན་ཚན་ས་བཅད་ཆེན་པོ་ལྔ་རུ་བསྡུས་ནས་མཛད་འདུག་པ་དང་། ཞལ་གསལ་ཞིང་དོན་གནད་དུ་སྨིན་པར་མཛད་ཡོད་པ་སོགས་ཀྱི་ཁྱད་ཆོས་ཕུན་སུམ་འཚོགས་པར་ལྡན།
ལོ་རྒྱུས་ཀྱི་ཕྱག་དཔེ་འདི་གཉིས་ཡིག་འབྲུའི་ཆ་ནས་<<རྒྱལ་རབས་བོན་འབྱུང་>>ལ་ཡིག་འབྲུ་(༢༦༦༩༡)དང་<<གླེང་གཞི་བསྟན་པའི་འབྱུང་ཁུངས་>>ལ་ཡིག་འབྲུ་(༣༧༢༤༢)ཡོད་པས་ཡིག་འབྲུ་(༡༠༥༥༡)ཙམ་གྱིས་<<གླེང་གཞི་བསྟན་པའི་འབྱུང་ཁུངས་>>རྒྱས་ཙམ་དུ་ཡོད་པ་ལས་མཛད་པ་པོ་དང་མཛད་པའི་ལོ་ཚིགས་ཀྱང་གཅིག་ཏུ་ཁེལ་འདུག་པས་<<གླེང་གཞི་བསྟན་པའི་འབྱུང་ཁུངས་>>དེ་ཁོང་གི་ཕྱིས་རྩོམ་ཡིན་པ་དང་། དེ་ནི་<<རྒྱལ་རབས་བོན་གྱི་འབྱུང་གནས་>>ལ་ཁ་སྣོན་དང་ཅུང་རྒྱས་པར་བཏང་བ་ཙམ་ལས་ཁྱད་པར་ཆེར་མེད།
མདོར་ན། བོན་གྱི་ལོ་རྒྱུས་དཔེ་དེབ་འདི་ནི་བོད་རང་གི་གནའ་བོའི་གཞུང་ལུགས་དང་ཐ་སྙད་རིག་པ་ཁྱད་པར་དུ་གཡུང་དྲུང་བོན་དང་ཞང་ཞུང་གི་རིག་པར་སློབ་གཉེར་དང་ཐུགས་སྣང་ཡོད་མཁན་རྒྱལ་ཕྱི་ནང་ཀུན་ཏུ་བཞུགས་པའི་གཞོན་སྐྱེས་ཉམས་ཞིབ་པ་རྣམས་ལ་དཔྱད་གཞིའི་ས་བོན་གལ་ཆེན་ཞིག་ཏུ་དམིགས་ཏེ་འདི་ག་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་པ་ཡིན་པས་དེ་ལུགས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བའི་སྨོན་འདུན་བཅས།
༸སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་འགན་འཛིན་པ་དགེ་བཤེས་ཁྲི་གཡུང་དྲུང་ནས།
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༢ ཉིན།

རྒྱལ་རབས་བོན་གྱི་འབྱུང་གནས་ངོ་སྤྲོད་རགས་བསྡུས།

«རྒྱལ་རབས་བོན་གྱི་འབྱུང་གནས་»ཞེས་པའི་དཔེ་ཆ་དེ་ནི་སྤྱིར་བོད་ཀྱི་ལོ་རྒྱུས་དང་ལྷག་ཏུ་བོན་གྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱ་བར་མཁོ་གལ་ཆེ་བའི་ལོ་རྒྱུས་གནད་བསྡུས་ཤིག་ཡིན། དཔེ་ཆ་དེ་ཉིད་མཛད་པོ་ནི་ཕྱི་ལོའི་དུས་རབས་བཅུ་བཅོ་ལྔ་པའི་ནང་དུ་བྱོན་པའི་ཁྱུང་པོ་བློ་གྲོས་རྒྱལ་མཚན་ཞུ་བ་དེ་ཉིད་རེད། ལོ་མང་རིང་ཁོ་བོས་དཔེ་ཆ་དེའི་སྐོར་ལ་དོ་སྣང་ཅུང་ཙམ་བྱས་ཀྱང་ཁོ་བོའི་ལག་ཏུ་མ་ཡིག་ལྕགས་དཔར་དེབ་གཟུགས་ཅན་ཞིག་དང་། ཁྱུང་ལུང་བ་ཡོན་ཏན་རྒྱ་མཚོའི་ལག་བྲིས་ཡིག་དཀར་ཅན་གཉིས་ལས་གཞན་མ་ཐོབ། ལྕགས་དཔར་དེབ་གཟུགས་ཅན་དེ་ནི་རྒྱ་གར་བའི་ཞིབ་འཇུག་པ་གྲགས་ཅན་Sarat Chandra Das (1849-1917) མཆོག་གིས་ཕྱི་ལོ་༡༩༡༥ ལོར་འཕྲུལ་དཔར་དུ་བསྐྲུན་པའི་དེབ་ཞིག་རེད། ཁོང་གིས་ཀྱང་མ་ཡིག་ལས་ལྕགས་པར་དུ་དཔེ་བཤུ་བྱས་ནས་འཕྲུལ་པར་དུ་བཏབ་ཡོད་ཅིང་། མ་ཡིག་གི་སྐོར་ལ་གསལ་བཤད་གང་ཡང་གནང་མེད། Sarat Chandra Das ཞེས་པའི་ཞིབ་འཇུག་པ་ཁོང་གི་འཁྲུངས་ཡུལ་ནི་Chittagong Bangladesh ནས་ཡིན་ཞིང་ཕྱི་ལོ་༡༨༧༩ ལོར་རྒྱ་གར་ནས་བོད་དུ་བསྐྱོད། བོད་ནས་རྒྱ་གར་དུ་བོད་པའི་གསུང་རབ་མང་པོ་གདན་དྲངས་ཏེ་འཕྲུལ་པར་དུ་འདེབས་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན། བོད་དཔེ་དེ་དག་གི་ཁྲོད་དུ་«རྒྱལ་རབས་བོན་གྱི་འབྱུང་གནས་»ཀྱི་མ་ཡིག་དེ་ཡང་གདན་དྲངས་པ་གསལ་པོ་རེད། ཡིན་ན་ཡང་སེམས་སྐྱོ་བ་ཞིག་ལ་མ་ཡིག་གི་དབུ་ཤོག་མདུན་རྒྱབ་གཉིས་ཀྱི་ཡི་གེ་མང་པོ་ཞིག་ཆད་སྐྱོན་ཤོར་ནས་མེད། དེ་ནི་ཁོང་ལ་ཐོབ་པའི་མ་ཡིག་དེ་ལ་ཆད་སྐྱོན་ཤོར་བ་གསལ་པོ་འདུག་སྙམ་མོ།།
གོང་ཞུས་བཞིན་ཁྱུང་ལུང་བ་ཡོན་ཏན་རྒྱ་མཚོའི་ལག་བྲིས་«རྒྱལ་རབས་བོན་གྱི་འབྱུང་གནས་»དེ་ནི་ཕྱི་ལོ་༡༩༧༤ ལོར་ཨ་མདོ་ཤར་ཁོག་གི་ཨ་ཁུ་མཁས་གྲུབ་རྒྱ་མཚོས་རྒྱ་གར་གྱི་རྒྱལ་ས་Delhi རུ་འཕྲུལ་དཔར་དུ་བཏབ་ནས་ཡོངས་ཁྱབ་ཆགས་ཡོད། ཡིན་ན་ཡང་མ་ཡིག་གི་སྐོར་ལ་གསལ་བཤད་གང་ཡང་བྱས་མེད་ཅིང་། ཁོ་བོས་ཀྱང་ཁོང་ལ་བཀའ་དྲི་ཞུས་པས་མ་ཡིག་ནི་ཕྱི་ལོ་༡༩༡༥ ལོར་ Sarat Chandra Das མཆོག་གིས་འཕྲུལ་དཔར་དུ་བསྐྲུན་པའི་དེབ་དེ་ཡིན་ཡང་ཞུ་དག་བྱེད་མཁན་སུ་ཡིན་མི་དྲན་གསུངས། གང་ལྟར་དག་བཅོས་མང་དག་ཞིག་བྱས་འདུག་ཀྱང་དག་བཅོས་བྱེད་པོ་སུ་ཡིན་ཁ་གསལ་ཞུ་སྤོབས་བྲལ། ལག་བྲིས་ཅན་དེའི་མདུན་ཤོག་ནང་མར་”འདིའི་མ་དཔེ་ཆད་འདུག”ཞེས་པའི་གསལ་ཁ་ཞིག་བཏོན་འདུག
ཕྱི་ལོ་༡༩༩༩ ལོར་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ་རིན་པོ་ཆེས་ཤིན་ཧཱ་ནས་བསྐྲུན་པའི་བོན་གྱི་བཀའ་བརྟེན་པོད་གྲངས་༣༡༠ ཡི་ཁོངས་སུ་བཞུགས་པའི་གླེགས་བམ་༢༧༠ ཐམ་པའི་ནང་དུ་ཕྱི་ལོ་༡༩༧༤ ལོར་རྒྱ་གར་གྱི་རྒྱལ་ས་Delhi རུ་བསྐྲུན་པའི་མ་ཡིག་དེ་གཞིར་བཟུང་ནས་པར་བསྐྲུན་གནང་ཡོད།

གླེང་གཞི་བསྟན་པའི་བྱུང་ཁུངས་ངོ་སྤྲོད་རགས་བསྡུས།

«གླེང་གཞི་བསྟན་པའི་བྱུང་ཁུངས་»ཞེས་པའི་དཔེ་ཆ་དེ་ཉིད་མཛད་པ་པོ་ནི་ཕྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་དུ་འཁྲུངས་པའི་ཁྱུང་པོ་བློ་གྲོས་རྒྱལ་མཚན་ཞུ་བ་དེ་ཉིད་ཡིན། དཔེ་ཆ་དེ་ཡང་ཕྱི་ལོའི་དུས་རབས་བཅོ་ལྔ་པའི་རྗེས་སུ་བོན་གྱི་ལོ་རྒྱུས་ལ་ཉམས་ཞིབ་གནང་མཁན་བོན་ལུགས་པ་རྣམས་ཀྱིས་དཔྱད་གཞི་འཛིན་སའི་ཡིག་ཆ་གལ་ཆེན་ཞིག་ཆགས་ཡོད། དཔེ་མཚོན་ཙམ་བཀོད་ན་སྤ་བསྟན་རྒྱལ་བཟང་པོས་མཛད་པའི་«དར་རྒྱས་གསལ་སྒྲོན་»དང་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་«ལེགས་བཤད་མཛོད་»གཉིས་ཀྱི་གཞི་བཅོལ་སའི་ཡིག་ཆ་ཡང་དེ་ཉིད་ཡིན་པ་གསལ་པོར་མཐོང་། ཕྱི་ལོ་༡༩༥༩ དུས་འགྱུར་རྗེས་སུ་དཔེ་ཆ་དེ་ཉིད་གོ་ཐོས་ཙམ་ལས་ཡོངས་ཁྱབ་ཅིག་ཆགས་མེད། ཕྱི་ལོ་༡༩༩༦ ལོར་༸རྒྱལ་བ་སྨན་རིའི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་སྐུ་འཁོར་ལྷན་རྒྱས་གངས་ཅན་བོད་དུ་ཕེབས་སྐབས་ཁྲི་འཛིན་སོ་གསུམ་པ་མཆོག་གིས་ཨ་མདོ་ཤར་ཁོག་ནས་«གླེང་གཞི་བསྟན་པའི་བྱུང་ཁུངས་»ཀྱི་དཔེ་ཆ་ཞིག་དཔར་སློག་བརྒྱབས་གནང་ནས་རྒྱ་གར་དུ་བསྣམས་ཡོད། དེ་ནི་རྒྱ་གར་བོན་གཞིས་སུ་འབྱོར་བའི་«གླེང་གཞི་བསྟན་པའི་བྱུང་ཁུངས་»ཐོག་མ་དེ་ཡིན། སྐབས་དེར་ཁྲི་འཛིན་རིན་པོ་ཆེས་བརྩེ་གཟིགས་ཀྱིས་ཁོ་བོ་སྨན་རིའི་བླ་བྲང་གི་དཔེ་མཛོད་ལྟ་རྟོག་པར་བཞག་གནང་བའི་སྐབས་ཡིན། ཁོ་བོས་དེ་སྔ་ཐོས་མྱོང་ཙམ་ལས་མཇལ་མྱོང་མེད་པའི་«གླེང་གཞི་བསྟན་པའི་བྱུང་ཁུངས་»དེ་ལ་བལྟ་ཀློག་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་པར་མ་ཟད་«གླེང་གཞི་བསྟན་པའི་བྱུང་ཁུངས་»དེ་ཉིད་མང་ཚོགས་སུ་འགྲེལ་སྤེལ་ཐུབ་ན་ཅི་མ་རུང་སྙམ་ནས་ཕྱི་ལོ་༢༠༠༩ ལོར་དཔེ་ཆ་དེ་ཡང་ཀློག་ཀླད་དུ་བཅུག་ནས་དག་བཅོས་དང་ཞུ་སྒྲིག ལུང་ཁུངས་འཚོལ་རྒྱུའི་ལས་དོན་ལ་འབད་འབུངས་བྱས་ཀྱང་མཚུངས་བསྡུར་བྱ་སའི་མ་ཡིག་གཞན་མ་འབྱོར་བའི་རྐྱེན་གྱིས་རྒྱུན་རིང་ནར་འགྱངས་སུ་སོང་།
ཆོས་རྒྱལ་ནམ་མཁའི་ནོར་བུའི་«ཞང་བོད་ལོ་རྒྱུས་ཏི་སེའི་འོད་»དུ་(ISMEO.ROME. ITALY)རུ་བཞུགས་པའི་«གླེང་གཞི་བསྟན་པའི་བྱུང་ཁུངས་»དབུ་མེད་ལག་བྲིས་གླེགས་བམ་ཞིག་ཡོད་པར་གསུངས་པས་དེ་ཉིད་འབྱོར་ཐབས་བྱས་ཀྱང་ལག་སོན་མ་བྱུང་། མདོར་ན་གནས་སྐབས་རིང་མཚུངས་བསྡུར་བྱེད་ཡུལ་མ་འབྱོར་བར་ལུས། ཕྱི་ལོ་༢༠༡༦ ལོར་ཁྱུང་པོ་ནག་རུ་ཟླ་དགོན་རི་ཁྲོད་ཀྱི་བླ་མ་འོད་ཟེར་མཐའ་རྒྱས་སམ་ཁྱུང་ཞུ་ཡེ་ཤེས་ཀྱི་རྒྱུད་ནས་«གླེང་གཞི་བསྟན་པའི་བྱུང་ཁུངས་»དབུ་མེད་ལག་བྲིས་དཔར་སློག་ཅན་ཞིག་ཐོབ་ནས་མ་ཡིག་དེ་གཉིས་དབར་ལ་མཚུངས་བསྡུར་ཞུས་པ་ཡིན། ཁྱུང་པོ་ཁོག་ནས་བྱུང་བའི་«གླེང་གཞི་བསྟན་པའི་བྱུང་ཁུངས་»ཀྱི་དོ་བདག་ཀྱང་ཁྱུང་པོ་སེར་ཚ་རི་ཧ་ཉིན་ཐ་བོང་ལུ་ཚང་ཡིན་པ་བླ་མ་འོད་ཟེར་མཐའ་རྒྱས་ཀྱི་ཞལ་ནས་ཐོས། མདོར་ན་སྐབས་འདིར་དཔེ་ཆའི་དོ་བདག་ཁྱུང་པོ་སེར་ཚ་རི་ཧ་ཉིན་ཐ་བོང་ལུ་ཚང་དང་བླ་མ་འོད་ཟེར་མཐའ་རྒྱས་གཉིས་ལ་གུས་པས་བཅོས་མིན་གྱིས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
«གླེང་གཞི་བསྟན་པའི་བྱུང་ཁུངས་»ཀྱི་མཚན་བྱང་དེ་ལ་འབྲི་ལུགས་མི་འདྲ་བ་མང་ཙམ་བྱུང་ཡོད། དཔེར་ན་ཨ་མདོ་ཤར་ཁོག་ནས་བྱུང་བའི་«གླེང་གཞི་བསྟན་པའི་བྱུང་ཁུངས་»ཀྱི་མཚན་བྱང་ལ་«གླིང་བཞི་བསྟན་པའི་བྱུང་ཁུངས་»ཞེས་གསལ། ཁྱུང་པོ་སེར་ཚ་རི་ཧ་ཉིན་ཐ་བོང་ལུ་ཚང་དུ་བཞུགས་པ་དེའི་མཚན་བྱང་ལ་«གླིང་བཞི་བསྟན་པའི་བྱུང་ཁུངས་རྒྱལ་གཤེན་བོན་གྱི་ལོ་རྒྱུས་»ཞེས་གསལ་ཞིང་། དེའི་མཛད་བྱང་དུ་«གླེང་གཞི་བསྟན་པའི་བྱུང་ཁུངས།» ཞེས་གསལ། གྲུབ་པའི་སྤྱི་མྱེས་དཔལ་ཤར་རྫ་འཇའ་ལུས་པའི་«ལེགས་བཤད་མཛོད་»དུ་«གླིང་གཞི་བསྟན་པའི་འབྱུང་ཁུངས།» ཞེས་གསལ། གཡུང་དྲུང་གླིང་གི་དཔོན་སློབ་ཀུན་བཟང་བློ་གྲོས་ཀྱིས་མཛད་པའི་«ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན་»དུ་འབྲི་སྲོལ་གཉིས་ཙམ་བྱུང་། འབྲི་སྲོལ་དང་པོ་དེ་ནི་«གླེང་བཞི་བསྟན་པའི་འབྱུང་ཁུངས་»དང་། འབྲི་སྲོལ་གཉིས་པ་དེ་ནི་«གླེང་གཞི་བསྟན་པའི་འབྱུང་ཁུངས།» ཞེས་པ་དེ་ཡིན། ཕྱི་ལོ་༢༠༡༠ ལོར་རྩེ་ཞིག་དགོན་ནས་བསྐྲུན་པའི་གངས་ཏི་སེ་བོན་གཞུང་རིག་མཛོད་དེབ་དང་པོའི་ནང་དུ་«གླེང་གཞི་བསྟན་པའི་བྱུང་ཁུངས།» ཞེས་གསལ། དམུ་དགེ་བསམ་གཏན་གྱིས་མཛད་པའི་«བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་»དུ་«གླེང་གཞི་བསྟན་པའི་འབྱུང་ཁུངས།» ཞེས་གསལ། ཆོས་རྒྱལ་ནམ་མཁའི་ནོར་བུའི་«ཞང་བོད་ལོ་རྒྱུས་ཏི་སེའི་འོད་»དུ་«གླེང་གཞི་བསྟན་པའི་བྱུང་ཁུངས།» ཞེས་གསལ། མདོར་ན་«གླིང་བཞི་བསྟན་པའི་བྱུང་ཁུངས་»དང་། «གླིང་བཞི་བསྟན་པའི་བྱུང་ཁུངས་རྒྱལ་གཤེན་བོན་གྱི་ལོ་རྒྱུས།» «གླིང་གཞི་བསྟན་པའི་འབྱུང་ཁུངས།» «གླེང་བཞི་བསྟན་པའི་འབྱུང་ཁུངས།» «གླེང་གཞི་བསྟན་པའི་བྱུང་ཁུངས་»སོགས་འབྲི་སྲོལ་མི་མཚུངས་པ་ལྔ་ཙམ་མཐོང་། གང་ལྟར་དཔེ་ཆའི་མཚན་བྱང་ནི་ཧ་ཅང་གིས་གལ་ཆེན་ཞིག་ཡིན་པས་མཚན་བྱང་དེ་ལ་དགོས་དོན་གལ་ཆེན་ཞིག་དེ་བས་ཀྱང་ལོས་ཡོད། ཡིན་ན་ཡང་འབྲི་སྲོལ་ཡོད་ཚད་ལ་རང་རང་གི་རིགས་པས་ལམ་སྲོལ་རེ་གཏོད་ནས་མཛེས་མཛེས་དང་སྙན་སྙན་གྱི་འགྲེལ་བཤད་རེ་རྒྱག་རྒྱུ་ཡོད་ཀྱང་འདོད་རྒྱལ་མཁན་པོའི་དགོངས་དོན་གང་ཡིན་ལ་བསམ་བློ་གཏོང་དགོས་པ་ནི་དེ་བས་གལ་ཆེ། གང་ལྟར་«གླིང་བཞི་»དང་། «གླིང་གཞི་» «གླེང་བཞི་» «གླེང་གཞི་»སོགས་གང་བྲིས་ཀྱང་«གླེང་གཞི་»ཞེས་པ་དེ་བྲིས་ན་རྒྱུ་མཚན་ཆེ་བར་མཐོང་ནས་ད་ལམ་གུས་པས་མཚན་བྱང་ལ་«གླེང་གཞི་བསྟན་པའི་འབྱུང་ཁུངས་»ཞེས་བྲིས་ཡོད་ཞུ་རྒྱུ་ཡིན་ནོ།།

«རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་གཅིག་པ་ཡིན་མིན་གྱི་དྭོགས་གཅོད།

ལོ་ཤས་སྔོན་དུ་བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་མང་པོར་«རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་གཅིག་པ་ཡིན་མིན་གྱི་ཐོག་ལ་དྭོགས་པ་ཡང་མང་ཙམ་བྱུང་ཡོད། ཡིན་ན་ཡང་མང་པོ་ཞིག་གིས་དེ་གཉིས་གཅིག་པ་ཡིན་པར་ཁས་ལེན་གྱི་ཡོད། དཔེ་གཞུང་དེ་གཉིས་གཅིག་པ་ཡིན་མིན་གྱི་ཐོག་ལ་དྭོགས་སློང་དང་གླེང་སློང་བྱེད་མཁན་ཚོའི་ལག་ཏུ་དཔེ་ཆ་གཉིས་ཀ་ཐོབ་མེད་ལ་མ་ཟད་དཔེ་ཆ་དེ་གཉིས་གཅིག་པ་རེད་ཟེར་མཁན་ཚོའི་ལག་ཏུ་ཡང་དཔེ་ཆ་གཉིས་ཀ་འབྱོར་མེད་པ་ནི་དེ་བས་ཞུ་མ་དགོས། དཔེ་ཆ་དེ་གཉིས་གཅིག་པར་ཁས་ལེན་མཁན་ཚོས་གཅིག་པ་རེད་ཟེར་དགོས་པའི་རྒྱུ་མཚན་ནི་«གླེང་གཞི་བསྟན་པའི་བྱུང་ཁུངས་»ཀྱི་དབུ་ཤོག་བོར་རླག་སོང་ནས་ཕྱིས་སུ་དཔེ་ཆ་དེའི་མཚན་བྱང་ལ་«རྒྱལ་རབས་བོན་གྱི་འབྱུང་གནས་»ཞེས་གསོལ་བ་རེད་ཟེར་བ་ཙམ་ལས་གཞན་པའི་རྒྱུ་མཚན་ཅང་མེད།
གོང་ཞུས་བཞིན་Sarat Chandra Das (1849-1917) མཆོག་གིས་ཕྱི་ལོ་༡༩༡༥ལོར་འཕྲུལ་དཔར་དུ་བསྐྲུན་པའི་«རྒྱལ་རབས་བོན་གྱི་འབྱུང་གནས་»དེ་ནི་ཆེས་ཧ་ཅང་སྔ་བའི་དཔར་མ་ཞིག་ཡིན། «གླེང་གཞི་བསྟན་པའི་བྱུང་ཁུངས་»ཀྱི་དབུ་ཤོག་བོར་རླག་སོང་ནས་ཕྱིས་སུ་དཔེ་ཆ་དེའི་མཚན་བྱང་ལ་«རྒྱལ་རབས་བོན་གྱི་འབྱུང་གནས་»ཞེས་གསོལ་བ་བདེན་ན་ཕལ་ཆེར་ཕྱི་ལོ་༡༩༡༥ ཙམ་ནས་མཚན་དེ་ཐོགས་ཟིན་པ་ཞུ་མ་དགོས། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་«ལེགས་བཤད་མཛོད་»དུ་«གླེང་གཞི་བསྟན་པའི་འབྱུང་ཁུངས་»ཀྱི་མཚན་དེ་ཐོན་གྱི་ཡོད་ཀྱང་། ལོ་རྒྱུས་སྔ་གྲས་གཞན་དུ་མ་མཇལ། གཤེན་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་«གཤེན་གྱི་རྩིས་གསར་རྣམ་དག་ལས་བསྟན་རྩིས་སྐལ་ལྡན་དང་འདྲེན་»དུ་”རྒྱལ་པས་སྦྱངས་པའི་ས་ལུག་ལོར། རང་གྲོལ་བློ་གྲོས་རྒྱལ་མཚན་གྱིས།། བོན་གྱི་རྒྱལ་རབས་བརྩམས་ནས་ལོ།།” ཞེས་གསུངས་པ་དེར་བརྟག་ན་«རྒྱལ་རབས་བོན་གྱི་འབྱུང་གནས་»དེ་ཉིད་ཡིན་ནམ་སྙམ་པ་བྱུང་། ཧོབ་སྟེ་བལྟས་ན་གཞུང་དེ་གཉིས་གཅིག་པ་གཅིག་རྐྱང་དུ་མཐོང་སྲིད་དེ། དབུ་ནས་ས་བཅད་འགྲེམ་སྟངས་ཀྱང་གཅིག་མཚུངས་སུ། ༡ གདུལ་བྱ་འཇིག་རྟེན་གྱི་གནས་ལུགས། ༢ འདྲེན་པ་སངས་རྒྱས་ཀྱི་བྱོན་ཚུལ། ༣ བསྟན་འཛིན་རྒྱལ་གཤེན་གྱི་རིམ་པ། ༤ སྟོན་པའི་བསྟན་པ་དར་ནུབ། ༥ བསྟན་པ་ཇི་ཙམ་གནས་པའི་ཡུན་ཚད་བཅས་ས་བཅད་ཀྱི་སྡེ་ཚན་ལྔ་པོ་ཆུ་ཐོག་ལ་ཆུ་བླུགས་པ་བཞིན་དུ་སྣང་ཞིང་། ལུང་འདྲེན་བྱ་ཡུལ་གྱི་དཔེ་ཁུངས་དག་ཀྱང་ཕལ་ཆེར་གཅིག་མཚུངས་སུ་སྣང་བ་མ་ཟད་གཞུང་གསེབ་ཀྱི་ས་བཅད་ཆུང་ངུའི་རིགས་ཀྱང་གཅིག་མཚུངས་སུ་ཡོད། དེ་ལས་ཀྱང་དྭོགས་གཞི་སྐྱེ་དགོས་པ་ཞིག་ནི་གཉིས་ཀའི་མཇུག་བྱང་དུ་ས་མོ་ལུག་གི་ལོར་མཛད་པར་གསལ། མདོར་ན་དབུ་མཇུག་གཞུང་གསུམ་གང་ལ་གཞིགས་ཀྱང་འདྲ་མཚུངས་ཡོད་པ་སྨྲོས་མེད་ཡིན།
ཡིན་ན་ཡང་ཞིབ་ཅིང་ཕྲ་བ་ནས་ཕན་ཚུན་མཚུངས་བསྡུར་བྱས་ཏེ་བརྟགས་པ་ན་ཧ་ཅང་གིས་ཁྱད་པར་ཡོད། དེས་ན་ཁོ་བོས་ནི་«རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་སོ་སོ་བ་ཡིན་ཞེས་སྨྲ་རྒྱུ་ཡིན་ཅིང་། ཡིན་པའི་རྒྱུ་མཚན་ཡང་རྒྱས་བསྡུས་ཀྱི་ཁྱད་པར་ཆེན་པོ་ཡོད་པ་དང་གཅིག ལུང་འདྲེན་མང་ཉུང་གི་ཁྱད་པར་དང་གཉིས། བརྗོད་བྱ་གཞི་གཅིག་གི་ཐོག་ལ་རྒྱས་སྤྲོས་དང་ཚིག་སྦྱོར་བེད་སྤྱོད་གཏོང་སྟངས་སོགས་ཀྱི་ཁྱད་པར་ཆེན་པོ་ཤོར་ཡོད། «རྒྱལ་རབས་བོན་གྱི་འབྱུང་གནས་»ལས་ཀྱང་«གླེང་གཞི་བསྟན་པའི་བྱུང་ཁུངས་»ཧ་ཅང་ཅང་གིས་རྒྱས་པ་དང་ཁ་གསལ་བར་མཐོང་ངོ་།།

«རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་་ཀྱི་ཁུངས་གང་ལ་བཅོལ་བའི་སྐོར།

གཞུང་དེ་གཉིས་ནི་ཕྱི་ལོ་༡༤༣༩ ལོའི་ས་མོ་ལུག་ལོར་མཛད་པ་ཡིན་ཞིང་། འཇུག་བྱང་དུ་བཞུགས་པའི་བསྟན་རྩིས་ཀྱི་སྐོར་མང་ཆེ་བ་ཞིག་ནི་དབའ་གསལ་སྣང་གིས་མཛད་པའི་རྦ་བཞེད་ནས་དྲངས་པ་ཕན་ཚུན་མཚུངས་བསྡུར་བྱས་ན་ངོ་འཕྲོད་སླ། གངས་ཅན་རིག་མཛོད་དེབ་གྲངས་༥༦ཅན་གྱི་དབའ་བཞེད་དེབ་གཟུགས་སུ་བཞུགས་པའི་རྦ་བཞེད་ཀྱི་ཤོག་གྲངས་༣༡༥ནས་ཞིབ་གཟིགས་བྱས་ན་གསལ། ཡིན་ན་ཡང་དབའ་བཞེད་ནང་དུ་བཞུགས་པའི་བསྟན་རྩིས་དེ་དག་དབའ་གསལ་སྣང་གིས་མཛད་པ་མ་ཡིན་ཏེ། བསྟན་རྩིས་དེའི་ནང་དུ་ཁྲི་རལ་དང་ལྷ་བླ་མ་ཡབ་སྲས་དང་། བན་དེ་ཆོས་ཀྱི་བློ་གྲོས། ཇོ་བོ་ཆེན་པོ་ཚུལ་ཁྲིམས། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གསང་ཕུ་ནེའུ་ཐོག་གི་མཁན་རབས་གསུམ་པ་ཞང་ཚེ་སྤོང་སྟོན་ཆོས་ཀྱི་བླ་མ། ཉང་ཕྲན་ཆོས་ཀྱི་ཡེ་ཤེས། ཕྱྭ་པ་ཆོས་ཀྱི་སེང་གེ་སོགས་ཕྱི་ལོའི་དུས་རབ་བཅུ་གསུམ་ཙམ་གྱི་ནང་དུ་བྱོན་པའི་དབུས་པ་བློ་གསལ་ཡན་གྱི་མཚན་བྱང་ཡང་ཐོན་གྱི་ཡོད་པས་སོ།།

«རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་རྩོམ་པའི་ལོ་ཚིགས་སྐོར།

«རྒྱལ་རབས་བོན་གྱི་འབྱུང་གནས་»འདི་ཉིད་རྩོམ་པའི་ལོ་ཚིགས་ཐད་ལ་གསུང་ཚུལ་མི་འདྲ་བ་ཁག་ཡོད་པ་ནི་གཤེན་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཕྱི་ལོ་༡༥༥༩ལོའི་ས་ལུག་ཡིན་པར་བཞེད། ཧོར་བཙུན་བསྟན་འཛིན་བློ་གྲོས་ཀྱིས་ཕྱི་ལོ་༡༣༧༩ས་མོ་ལུག་ལོ་ཡིན་པར་བཞེད། མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བསྒྲིགས་པའི་བོན་གྱི་གསུང་རབ་དཀར་ཆག་དང་དགེ་བཤེས་བསྟན་འཛིན་དབང་རྒྱལ་གྱིས་བསྒྲིགས་པའི་བོད་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་ཕྱག་དཔེའི་དཀར་ཆག་མཐོང་བ་རང་གྲོལ་དུ་སྤྱི་ལོ་༡༤༣༩ ལོར་མཛད་པར་གསུངས། མདོ་དོན་ཡང་སྙིང་«རྒྱལ་རབས་བོན་གྱི་འབྱུང་གནས་»འདི་ཉིད་རྩོམ་པའི་ལོ་ཚིགས་གང་ཡིན་སྙམ་ན། ཕྱི་ལོ་༡༤༣༩ས་མོ་ལུག་ལོ་ཡིན་པ་ཁ་ཚོན་ཆོད་པོས་ཞུ་ཐུབ། རྒྱུ་མཚན་ནི་གཞུང་རང་ཉིད་དུ་ཁོང་གི་དགོངས་བཞེད་ཀྱི་ཐུབ་དབང་གི་འདས་ལོ་དང་ས་པཎ་གྱི་བཞེད་དགོངས་ལྟར་གྱི་ཐུབ་གི་དབང་འདས་ལོ་གཉིས་དབར་ལོ་གསུམ་གྱི་སྔ་ཕྱི་ཡོད་པར་གསུངས་པས་ཤེས་ཐུབ་བོ།།
«གླེང་གཞི་བསྟན་པའི་འབྱུང་ཁུངས་»རྩོམ་པའི་ལོ་ཚིགས་ནི་དཔོན་སློབ་ཀུན་བཟང་བློ་གྲོས་ཀྱིས་མཛད་པའི་«ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན་»དུ་ཕྱི་ལོ་༡༣༧༩ རབ་བྱུང་དྲུག་པའི་ས་མོ་ལུག་ཡིན་པར་གསུངས་ཀྱང་དེ་ནི་ཕྱི་ལོ་༡༤༣༩ ལོར་མཛད་པ་ཡིན་ཏེ། «གླེང་གཞི་བསྟན་པའི་འབྱུང་ཁུངས་»རང་དུ་”དེ་ནས་ད་ལོ་ས་མོ་ལུག་གི་ལོ་ཡན་ཆད་དུ། ལོ་བཞི་བཅུ་རྩ་དགུ་སོང་སྟེ།” ཞེས་དང་། ཡང་དེ་ཉིད་ལས། “དེ་ནས་ད་ལོ་ས་མོ་ལུག་གི་ལོ་ཡན་ཆད་ལ། ལོ་སུམ་སྟོང་ལྔ་བརྒྱ་དང་བདུན་ཅུ་རྩ་ལྔ་སོང༌།” ཞེས་དང་། ཡང་དེ་ཉིད་ལས། “དེ་ལྟར་གླེང་གཞི་བོན་གྱི་བྱུང་ཚུལ་ཞེས་བྱ་བ་འདི་ནི། གང་ཞིག་ཐེ་ཚོམ་སེལ་ཞིང་ཡིད་ཆེས་སྐྱེ་བར་བྱ་བའི་ཕྱིར་རམ། བསྟན་པ་དང་སེམས་ཅན་གྱི་དོན་ལ་བསམས་ནས། གངས་ཅན་བོད་ཀྱི་ཤར་ཕྱོགས། མདོ་ཁམས་སྟོད་སྨད་མཚམས་སུ་སྐྱེས་བའི་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་བྱ་བས། ས་མོ་ལུག་གི་ལོ་ལ། གླིང་ཡུལ་གྱི་མཛོད་གཉེན་པོའི་ལྷོ་ཕྱོགས། སྐུ་བླ་ཁྱུང་རྫོང་ངང་སྐྱ་རྒྱལ་བ་ཐོད་དཀར་གྱི་རི་ཁྲོད་དུ་ལེགས་པར་སྦྱར་བའོ།།” ཞེས་གསུངས་པས་དེ་ལ་འགྲེལ་བཤད་ཀྱི་སྤྲོས་པ་རྒྱ་ཆེར་མི་དགོས་པར་གསལ་བར་ཤེས་ཐུབ་བོ།།
«རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་སུ་གཞུང་དེ་གཉིས་རྩོམ་པའི་གནམ་ལོ་ས་མོ་ལུག་ལོའི་ཕྱི་ལོ་༡༤༣༩བར་དུ་མི་ལོ་༣༥༧༥ཟིན་པ་དངོས་སུ་གསལ་བར་གསུངས། འོ་ན་གཞུང་དེ་གཉིས་ཕྱི་ལོ་༡༤༣༩ལོའི་ས་མོ་ལུག་ལོ་ཡིན་པ་རྒྱུ་མཚན་ཅི་ཡོད་སྙམ་ན། གཞུང་དེ་གཉིས་ཀའི་དགོངས་པར་ཐུབ་དབང་འདས་ནས་མི་ལོ་༣༥༧༥ལོར་མཛད་པར་གསུངས་ཤིང་། ས་སྐྱ་པ་རྗེ་བཙུན་བསོད་ནམས་རྩེ་མོའི་ལུགས་ལ་ཐུབ་དབང་གི་འདས་ལོ་ཕྱི་ལོའི་སྔོན་གྱི་མི་ལོ་༢༡༣༣ལོ་ཡིན་ཞིང་། ས་སྐྱ་པཎྜི་ཏས་ཀྱང་རྗེ་བཙུན་བསོད་ནམས་རྩེ་མའི་དགོངས་པ་ལྟར་བཞེད་པ་ཡིན། ཁྱུང་པོ་བློ་གྲོས་རྒྱལ་མཚན་རང་ཉིད་ཀྱིས་ཐུབ་དབང་གི་འདས་ལོ་ས་སྐྱ་པཎྜི་ཏའི་བཞེད་པ་ལས་ཀྱང་ལོ་གསུམ་སྔ་བར་འདོད་པ་«གླེང་གཞི་བསྟན་པའི་བྱུང་ཁུངས་»སུ་ཞལ་གསལ་དུ་གསུངས་པས། དེས་ན་«རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་རྩོམ་པའི་ལོ་ཚིགས་ཕྱི་ལོ་༡༤༣༩ལོའི་ས་མོ་ལུག་ལོ་ཡིན་ཞིང་། ཕྱི་ལོ་༡༤༣༩ལོའི་ས་མོ་ལུག་ལོ་ཡན་ལ་རང་ལུགས་ལྟར་ཐུབ་དབང་འདས་ནས་མི་ལོ་༣༥༧༥ ཟིན། ད་དུང་«གླེང་གཞི་བསྟན་པའི་བྱུང་ཁུངས་»སུ། “དེ་ནས་ལྕགས་ཕོ་འབྲུག་གི་ལོ། ཕྱ་པ་ཆོས་ཀྱི་སེང་གེའི་ངང་འགྲོའི་གཙུག་ལག་ཁང་དུ་བརྩིས་ཏེ། ལོ་སུམ་སྟོང་ཉིས་བརྒྱ་དགུ་བཅུ་རྩ་དྲུག་འདས་སོ། །དེ་ནས་ད་ལོ་ས་མོ་ལུག་གི་ལོ་ཡན་ཆད་ལ། ལོ་སུམ་སྟོང་ལྔ་བརྒྱ་དང་བདུན་ཅུ་རྩ་ལྔ་སོང་།” ཞེས་གསུངས་པ་ལྟར་ན། «གླེང་གཞི་བསྟན་པའི་བྱུང་ཁུངས་»རྩོམ་པའི་ལོ་ཚིགས་ཕྱི་ལོ་༡༤༣༩ལོའི་ས་མོ་ལུག་ལོ་ཡིན་ཞིང་། ཕྱི་ལོ་༡༤༣༩ལོའི་ས་མོ་ལུག་ལོ་ཡན་ལ་གཞུང་འདིའི་ལུགས་ལ་ཐུབ་དབང་འདས་ནས་མི་ལོ་༣༥༧༥ཟིན་པ་ཡིན། དེས་ན་ཕྱ་པ་ཆོས་ཀྱི་སེང་གེ་ཕྱི་ལོ་༡༡༠༩ལོའི་ས་མོ་གླང་ལོར་སྐུ་འཁྲུངས་ནས་ས་གླང་ཕྱི་ལོ་༡༡༦༩ལོར་འདས། ཁོང་ཕྱི་ལོ་༡༡༦༠ལོའི་ལྕགས་ཕོ་འབྲུག་ལོར་གསང་ཕུའི་གདན་སར་ཕེབས་པ་གཞན་སྡེའི་བསྟན་རྩིས་ཁག་ཏུ་གསལ། ཕྱ་པ་ཆོས་སེང་གསང་ཕུའི་གདན་སར་ཕེབས་ལོ་ཕྱི་ལོ་༡༡༦༠ལོའི་ལྕགས་ཕོ་འབྲུག་ལོ་ཡན་ལ་ཐུབ་དབང་འདས་ནས་མི་ལོ་༣༢༩༦ཧྲིལ་པོ་སོང་ཟིན། «གླེང་གཞི་བསྟན་པའི་བྱུང་ཁུངས་»རྩོམ་ལོའི་ཕྱི་ལོ་༡༤༣༩ལོའི་ས་མོ་ལུག་ལོ་ཡན་ལ་ཐུབ་དབང་འདས་ནས་མི་ལོ་༣༥༧༥སོང་བ་འཁྲུལ་བྲལ་ཡིན་ནོ། །དེའི་སྐོར་གཞུང་རང་དུ་སྤྱི་ལོའི་ལོ་ཚིགས་དང་སྦྱར་ནས་ཁོ་བོས་ཁ་གསལ་དུ་བཀོད་ཡོད་པས་གཞུང་རང་ལ་གཟིགས་པར་འཚལ་ཞུ། ཁྱུང་པོ་བློ་གྲོས་རྒྱལ་མཚན་རང་ཉིད་ཀྱི་ལུགས་ལ་ཕྱི་ལོའི་སྔོན་གྱི་མི་ལོ་༥༢༧༧ལོའི་ཤིང་ཕོ་བྱི་བའི་ལོར་གཤེན་རབ་མི་བོ་ཆེ་འཁྲུངས། མི་ལོ་༣༥༠༠བཞུགས། ཕྱི་ལོའི་སྔོན་གྱི་མི་ལོ་༡༧༧༨ལོའི་ཆུ་མོ་ལུག་ལོར་གཤེན་རབ་མི་བོ་ཆེ་འདས། «རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་མཛད་པའི་གནམ་ལོ་ས་མོ་ལུག་ལོའི་ཕྱི་ལོ་༡༤༣༩ཡན་ལ་གཤེན་རབ་མི་བོ་ཆེ་འཁྲུངས་ནས་མི་ལོ་༦༧༡༦དང་འདས་ནས་མི་ལོ་༣༢༡༧སོང་ཟིན། མདོར་ན་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་ལུགས་ལ་ད་ལོའི་ཕྱི་ལོ་༢༠༡༩ས་མོ་ཕག་ལོ་ཡན་ལ་གཤེན་རབ་མི་བོ་ཆེ་འཁྲུངས་ནས་མི་ལོ་༧༢༩༦དང་འདས་ནས་མི་ལོ་༣༧༩༧སོང་ཟིན་པ་ཡིན་ནོ།།

«རྒྱལ་རབས་བོན་གྱི་འབྱུང་གནས་»དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གཉིས་ཞུ་སྒྲིག་བྱས་ཚུལ་སྐོར།

གོང་ཞུས་བཞིན། «རྒྱལ་རབས་བོན་གྱི་འབྱུང་གནས་»ཀྱི་མ་ཡིག་གཅིག་མ་གཏོགས་ལག་སོན་མ་བྱུང་བས་མཚུངས་བསྡུར་ཞུ་ས་གཞན་མ་རྙེད་ཅིང་། མ་ཡིག་གི་ནང་དུ་གང་ཡོད་པ་དེ་རང་སོར་བཞག་པ་ལས་བཅོས་བསྒྱུར་སོགས་དེ་ཙམ་བྱས་མེད། དོན་གནད་ནོར་འཛོལ་ཅན་དང་དྭོགས་གཞི་ཡོད་པ་འགའ་ཞིག་«གླེང་གཞི་བསྟན་པའི་བྱུང་ཁུངས་»དང་མཚུངས་བསྡུར་ཞུས་ནས་གསལ་བཤད་ཀྱི་མཆན་བུ་བཀོད་ཡོད་ཞུ། «གླེང་གཞི་བསྟན་པའི་བྱུང་ཁུངས་»ཀྱི་མ་ཡིག་ངོ་མ་དེ་ཨ་མདོ་ཤར་ཁོག་ཅན་དེ་བཞག་ནས་ཁྱུང་པོ་སེར་ཚ་རི་ཧ་ཉིན་ཐ་བོང་ལུ་ཚང་དུ་བཞུགས་པའི་«གླིང་བཞི་བསྟན་པའི་བྱུང་ཁུངས་རྒྱལ་གཤེན་བོན་གྱི་ལོ་རྒྱུས་»ལ་མཚུངས་བསྡུར་ཞུས་པ་ཡིན། མ་ཡིག་གཉིས་པོ་ནང་ཕན་ཚུན་མཚུངས་བསྡུར་བྱ་སྐབས་དག་ཆའི་འགྲོས་དང་ཚིག་གི་བཅད་མཚམས་སོགས་ཁྱད་པར་ཧ་ཅང་ཆེན་པོ་མ་མཐོང་། མཚུངས་བསྡུར་བྱ་ཚུལ་ཡང་དག་ཆའི་རིགས་དམིགས་བསལ་ཙམ་མ་གཏོགས་བྱེད་འབྲེལ་དང་འཕྲད། རྣམ་དབྱེ། མིང་ཚིག་སོགས་རེ་རེ་ལ་མཚུངས་བསྡུར་ཞུས་མེད། མ་ཟད་མ་ཡིག་གཉིས་ཀར་ནོར་སྐྱོན་ཡོད་པའི་དག་ཆ་ཁ་ཤས་ཞུ་སྒྲིག་སྐབས་སུ་ཡོངས་གྲགས་དང་བསྟུན་ནས་དག་བཅོས་ཞུས་པ་རྣམས་ལ་གསལ་བཤད་ཀྱི་མཆན་བུ་བཀོད་ཡོད་ཅིང་། དཔེར་ན་”སྲུང་བཙན་”དང་”སྲུངས་བཙན།” “བསྲུང་བཙན།” “བསྲུངས་བཙན།” “ཁྲི་སྲུང་”དང་”ཁྲི་སྲུངས།” “ཁྲི་བསྲུང་།” “ཁྲི་བསྲུངས་”སོགས་ཡོངས་གྲགས་དང་བསྟུན་ནས་བཅོས་ཡོད། དྭོགས་གཞི་ཧ་ཅང་ཆེ་བའི་རིགས་འགའ་ཞིག་གངས་ཏི་སེ་བོན་གཞུང་རིག་མཛོད་ཅན་དང་བསྟུན་ཡོད། དྭོགས་གཞི་ཡོད་པའི་རིགས་དང་འཁྲུགས་སྐྱོན་ཡོད་པའི་རིགས་འགའ་ཞིག་«རྒྱལ་རབས་བོན་གྱི་འབྱུང་གནས་»དང་ཕན་ཚུན་མཚུངས་བསྡུར་ཞུས་ནས་བཅོས་པར་མ་ཟད་ཟུར་དུ་མཆན་བུའི་ནང་དུ་གསལ་བཤད་ཀྱང་ཞུས་ཡོད་ཞུ། མཆན་ཨང་ནང་དུ་”ཨ་མདོ་ཤར་ཁོག་ཅན་”ཞེས་པ་དེ་ཨ་མདོ་ཤར་ཁོག་ནས་འབྱོར་བའི་མ་ཡིག་དང་”ཁྱུང་པོ་སེར་ཚ་ཅན་”ཞེས་པ་དེ་ཁྱུང་པོ་སེར་ཚ་ནས་འབྱོར་བའི་མ་ཡིག་དེ་ལ་གོ་དགོས་པ་ཡིན་པས་ཀློག་པ་པོ་རྣམས་ཀྱི་ཐུགས་སུ་འཛིན་གལ་ཆེ་ཞུ། བཀའ་འགྱུར་ལས་ལུང་དྲངས་པའི་ལུང་གི་ཁུངས་ནི་ཕྱི་ལོ་༡༩༩༩ལོར་ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་མཆོག་གིས་སི་ཁྲོན་ནས་དཔར་དུ་བསྐྲུན་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་དེ་ཡིན་ཀྱང་། བཀའ་འགྱུར་ལས་དྲངས་པའི་ལུང་རྟགས་མཆན་ཨང་ནང་དུ་ཁོ་བོས་དབལ་ཁྱུང་ཅེས་བྲིས་པ་ནི་ཀུན་གྲོལ་ལྷ་སྲས་ཀྱི་བཀའ་འགྱུར་དེའི་མ་ཡིག་ཁམས་ཉག་རོང་དབལ་ཁྱུང་དགོན་གྱི་བཀའ་འགྱུར་ཡིན་པས་ཁོ་བོས་དཔེ་ཁུངས་བརྟན་པའི་ཆེད་དུ་དབལ་ཁྱུང་ཞེས་བྲིས་པ་ཡིན་ནོ། །དཔེར་ན་མདོ་གཟེར་མིག་ལྟ་བུ་ལ་དཔེ་མཚོན་ན། དབལ་ཁྱུང་། ༢༩ བཀའ། མདོ་སྡེ། ཁ། གཟེར་མིག ལེའུ།༡༤ ཤོག ༤༤༨ ཕྲེང་༢ བཅས་བྲིས་པ་དག་ནི། དབལ་ཁྱུང་། ཞེས་པ་དཔེ་ཆ་བྱུང་ས་དང་། ཨང་རྟགས་༢༩ འདི་བཀའ་འགྱུར་གྱི་པོད་གྲངས། བཀའ། ཞེས་པ་སྡེ་ཚན། མདོ་སྡེ། ཞེས་པ་བཀའ་འགྱུར་གྱི་ནང་ཚན། ཁ། ཞེས་པ་ལུང་འདྲེན་ཁུངས་བཅོལ་གང་ཡིན་གྱི་པོད་རྟགས། གཟེར་མིག ཅེས་པ་ལུང་ཁུངས་ཀྱི་དཔེ་མིང་། དེ་ནས་ལེའུ་དང་ཤོག་གྲངས། ཕྲེང་སོགས་མཁྱེན་སླ། ནམ་རྒྱུན་དཔེ་གཟུགས་ལ་བོད་ཨང་གཞིར་བཟུང་ནས་མདུན་ལ་”ན་”དང་རྒྱབ་ལ་”བ་”འབྲི་སྲོལ་ཡོད་ཀྱང་དབལ་ཁྱུང་བཀའ་འགྱུར་ལ་བོད་ཨང་མེད་སྟབས་མདུན་རྟགས་དང་རྒྱབ་རྟགས་བྲིས་མེད་ཞུ། དེ་བཞིན་བཀའ་བརྟེན་ནས་དྲངས་པའི་ལུང་ཁུངས་ཁག་ཏུ་ཤིན་ཧཱ། ཞེས་བྲིས་པ་ནི་ཕྱི་ལོ་༡༩༩༩ལོར་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ་རིན་པོ་ཆེས་ཤིན་ཧཱ་ནས་བསྐྲུན་པའི་བོན་གྱི་བཀའ་བརྟེན་དཔར་བསྐྲུན་ཞུ་ཡུལ་གྱི་ས་གནས་ཡིན་པ་མཁྱེན་པར་མཛོད་ཅིག་ཞུ།

ཁྱུང་པོ་བློ་གྲོས་རྒྱལ་མཚན་ངོ་སྤྲོད་མདོར་བསྡུས།

ཁྱུང་པོ་བློ་གྲོས་རྒྱལ་མཚན་ནི་རྒྱལ་ཁྱུང་གི་རྒྱུད་ལས་ཡབ་ཁྱུང་ཨ་བརླ་དང་། ཡུམ་སྟག་བཟའ་གཉིས་ཀྱི་སྲས་སུ་ཕྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་དུ་འཁྲུངས། སྤྱི་ལོ་༡༤༣༩ས་མོ་ལུག་ལོར་«གླེང་གཞི་བསྟན་པའི་བྱུང་ཁུངས་»མཛད་པ་འཁྲུལ་མེད་ཡིན། རྒྱུ་མཚན་ནི་«གླེང་གཞི་བསྟན་པའི་བྱུང་ཁུངས་»ལས། “དེ་ནས་ལྕགས་ཕོ་འབྲུག་གི་ལོ། ཕྱ་པ་ཆོས་ཀྱི་སེང་གེའི་ངང་འགྲོའི་གཙུག་ལག་ཁང་དུ་བརྩིས་ཏེ། ལོ་སུམ་སྟོང་ཉིས་བརྒྱ་དགུ་བཅུ་རྩ་དྲུག་འདས་སོ། །དེ་ནས་ད་ལོ་ས་མོ་ལུག་གི་ལོ་ཡན་ཆད་ལ། ལོ་སུམ་སྟོང་ལྔ་བརྒྱ་དང་བདུན་ཅུ་རྩ་ལྔ་སོང་།” ཞེས་པ་ལྟར་ན། ཕྱ་པ་ཆོས་ཀྱི་སེང་གེ་ཕྱི་ལོ་༡༡༠༩ལོའི་ས་མོ་གླང་ལོར་སྐུ་འཁྲུངས་ནས་ཕྱི་ལོ་༡༡༦༩ལོར་འདས་པ་ཡིན་ཞིང་། ཕྱི་ལོ་༡༡༦༠ལོའི་ལྕགས་ཕོ་འབྲུག་ལོར་གསང་ཕུའི་གདན་སར་ཕེབས་པ་གཞན་སྡེའི་བསྟན་རྩིས་ཁག་ཏུ་གསལ། དེས་ན་མི་ལོ་༣༥༧༥ནས་མི་ལོ་༣༢༩༦དབྲི་ན་མི་ལོ་༢༧༩ལྷག་ཅིང་། ཕྱ་པ་ཆོས་ཀྱི་སེང་གེ་གསང་ཕུའི་གདན་སར་ཕེབས་པའི་ལྕགས་ཕོ་འབྲུག་ལོའི་ཕྱི་ལོ་༡༡༦༠ཐམ་པའི་སྟེང་དུ་མི་ལོ་༢༧༩བསྣན་ན་ཕྱི་ལོ་༡༤༣༩ལོའི་ས་མོ་ལུག་ལོ་འཁྲུལ་མེད་དུ་སླེབས་པ་ཡིན་པས་ལོ་ཚིགས་འདི་ལ་ངེས་རྟོན་རུང་བ་ཡིན་ནོ།། «མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཟིན་བྲིས་ཕྱག་སྟར་མར་»ཁྱུང་པོ་བློ་གྲོས་རྒྱལ་མཚན་ཏཱ་ར་ནཱ་ཐ་དང་དུས་མཉམ་ཡིན་པར་གསུངས་ཀྱང་ཏཱ་ར་ནཱ་ཐ་ནི་ཕྱི་ལོ་༡༥༧༥ལོར་འཁྲུངས་ནས་ཕྱི་ལོ་༡༦༣༥ལོར་འདས་པ་ཡོངས་སུ་གྲགས་པས་ཏཱ་ར་ནཱ་ཐ་དང་དུས་མཉམ་ཚུལ་རྩ་བ་ནས་མེད་པ་ཡིན་ནོ།།
ཁོང་གི་མཚན་གྱི་རྣམ་གྲངས་ནི་བློ་གྲོས་རྒྱལ་མཚན་དང་ཁྱུང་པོ་བློ་གྲོས་རྒྱལ་མཚན། ཁྱུང་པོའི་རུས་ཐོབ་བློ་གྲོས་རྒྱལ་མཚན། ཁྱུང་ཕྲུག་བློ་གྲོས་རྒྱལ་མཚན། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན། ཁྱུང་པོ་རང་གྲོལ་བློ་གྲོས་རྒྱལ་མཚན། རང་གྲོལ་བློ་གྲོས་རྒྱལ་མཚན་སོགས་ཞུ། ཁོང་གིས་མཛད་པའི་གསུང་རྩོམ་ནི་«ཁྱུང་པོ་རྒོད་ཚང་ལས་གྲུབ་པའི་ལོ་རྒྱུས་རྒྱལ་ཁྱུང་དཀར་པོའི་གདུང་རབས་མེ་ཏོག་ཕྲེང་མཛེས་»དང་། «གཤེན་ཀླུ་དགའི་རྣམ་ཐར་བཀའ་ལྷོ་གཏེར་བོན་གྱི་རྣམ་བཤད།» «ས་བཅད་ཟུར་རྡེག་སྒྲོན་མ།» «བཤད་བྱང་འཕྲུལ་གྱི་ལྡེའུ་མིག» «རྒྱལ་རབས་བོན་གྱི་འབྱུང་གནས།» «གླེང་གཞི་བསྟན་པའི་བྱུང་ཁུངས་»སོགས་ཡིན། ཕྱག་དཔེ་དངོས་སུ་མ་མཇལ་ཡང་གོ་ཐོས་ལྟར་ན་«བླ་མའི་རྣམ་ཐར་སྔོན་བྱུང་གི་ལོ་རྒྱུས་གསལ་པོར་ལེགས་པ་»དང་«ལོ་རྒྱུས་དོན་གསལ་སྒྲོན་མེ་»ཞེས་པ་གཉིས་ཡོད་པར་གྲགས། ཤིན་ཧཱ་བཀའ་བརྟེན་པོད་གྲངས་༨༨ནང་དུ་བཞུགས་པའི་«མ་མོ་སྒྲ་བླ་མ་སྟག་རི་རོང་གི་སྐོང་བ་»དེ་ཉིད་ཀྱི་མཇུག་བྱང་དུ་”ཕུག་རོན་སྐོང་བ་བསྡུས་པ་འདི། ཁྱུང་པོ་བླ་ཆུང་གིས་སྦྱར་བའོ།།” ཞེས་གསལ་བ་ལྟར་ན་ཁོང་གིས་མཛད་པ་ཡིན་ནམ་སྙམ། «གླེང་གཞི་བསྟན་པའི་བྱུང་ཁུངས་»སུ་«འདུལ་བའི་དར་ནུབ་དང་ལོ་རྒྱུས་»ཁོ་བོས་ཟུར་ནས་བཀོད་པ་ལྟར་ཡོད་དོ།། ཞེས་པ་ལ་གཞིགས་ན་འདུལ་བ་དར་ནུབ་ཀྱི་ལོ་རྒྱུས་ཤིག་ཀྱང་ཡོད་པར་ངེས་སོ།།
༸རྒྱལ་བ་སྨན་རི་བའི་བླ་བྲང་དང་འབུམ་རམས་པ་སྐལ་བཟང་ནོར་བུ་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་«རྒྱལ་རབས་བོན་གྱི་འབྱུང་གནས་»གློག་ཀླད་དུ་འཇུག་མཁན་ཨ་ཅརྱ་སྐལ་ལྡན་གུ་རུང་དང་«གླེང་གཞི་བསྟན་པའི་བྱུང་ཁུངས་»གློག་ཀླད་དུ་འཇུག་མཁན་དགའ་ལྡན་ཤར་རྩེའི་དགེ་བཤེས་བློ་བཟང་ཆོས་དར་ལགས། ཞུ་དག་སྐབས་སུ་རོགས་གདན་མཛད་མཁན་ར་ནག་དགེ་བཤེས་གཡུང་དྲུང་དབང་གྲགས་དང་། ཟིང་ཆུ་བ་བློ་གྲོས་བསྟན་དར། སྤུ་བླ་བ་ཤེས་རབ་གྲགས་པ། དབྲ་ཚ་གཙུག་ཕུད་འཇིགས་མེད། མཚུངས་བསྡུར་མ་ཡིག་མཐུན་སྦྱོར་གནང་མཁན་ཁྱུང་པོ་ནག་རུ་ཟླ་དགོན་རི་ཁྲོད་ཀྱི་བླ་མ་འོད་ཟེར་མཐའ་རྒྱས་སམ་ཁྱུང་ཞུ་ཡེ་ཤེས་རྣམས་ལ་ལག་གཉིས་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུ་ཞུ།

དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མས་གནས་མཆོག་ཝཱརཱཎསཱིའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༡༩ ཟླ་༡༠ ཚེས་༢༦ ཉིན་བྲིས།