གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོན་གྱི་འཕེལ་རིམ་ཁག་གསུམ་ལ་ཡང་བསྐྱར་དབྱེ་ཞིབ་བྱས་པ་ཞེས་པའི་རྩོམ་གྱི་ནང་དོན་སྐོར་ལ་བསྐྱར་ཞིབ།

བརྡ་ཆད་གཙོ་བོ།
རྩོམ་ཡིག་འདིའི་ནང་དུ་བརྗོད་བྱའི་བརྡ་ཆད་ལ་“གཤོས་ཀྱི་ལྷ་བོན་”དང་། “གྲོངས་ཀྱི་འདུར་བོན”། “ཡང་དག་པའི་སེམས་བོན་”ཞེས་པ་འདི་ལྟར་འཐད་ལྡན་ཡིན་པར་བོན་དཔེ་རྙིང་གྲས་འགའ་ཞིག་ཁུངས་སུ་དྲངས་ནས་བཀོལ་ཡོད་ལ། དེ་དག་ལས་དེང་སང་མ་དག་རྒྱུན་འབྱམས་སུ་སོང་བ་”གྲོང་གི་འདུར་བོན་”ཞེས་པ་གྲོང་སྡེའི་ནང་དུ་སྦྱད་བྱ་རུ་གོ་བར་བླངས་ཏེ་བརྡ་དོན་ལོག་པ་འདི་བཞིན་འབྲི་བཀོལ་བྱེད་བཞིན་པ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པར་ར་སྤྲོད་བྱས་ཡོད་པ་མ་ཟད། དེ་བཞིན་“གཤོས་ཀྱི་ལྷ་བོན་”ཞེས་པའང་བཤོས་ཆའམ་དཀར་གཤོས་ཀྱི་གཏོར་མ་ལྷ་ལ་འབུལ་བའི་ནང་དོན་ཅན་ལྟ་བུར་འགྲེལ་བཤད་བྱས་དང་བྱེད་བཞིན་པ་དག་ནི་མིང་དོན་གཤའ་མ་ལས་རིང་དུ་འཆུགས་པ་སྟེ། དེའི་སྐབས་ཀྱི་གཤོས་”ཀྱི་གོ་དོན་ནི་”གསོན་”ནམ་”གསོན་པོའི་”གོ་དོན་དང་འབྲེལ་བར་དཔེ་རྙིང་ཁུངས་དང་སྦྲེལ་ནས་བརྡ་དོན་ཇི་བཞིན་ཁུངས་འཕེར་གསལ་བཤད་བྱས་ཡོད།

བོན་གྱི་འཕེལ་རིམ་ཁག་གསུམ་ལ་ཡང་བསྐྱར་དབྱེ་ཞིབ་བྱས་པ་ཞེས་པའི་རྩོམ་ཡིག་དེར་‘‘བོན་གྱི་ཤེས་རིག་གི་འཕེལ་རིམ་འདི་ཉིད་དང་ཐོག་<<ཐུའུ་བཀྭན་གྲུབ་མཐའ་>>ལས་བྱུང་བས།’’[1]ཞེས་དང་། ཡང་དེར་‘‘ཐུའུ་བཀྭན་ཆོས་ཀྱི་ཉི་མས་བརྡོལ་བོན་གཤེན་རབ་མི་བོའི་ཡིན་མིན་བཤད་མེད་ཀྱང་། གང་ལྟར་མར་འདྲེ་སྲི་གནོན་པ་དང་། ཡར་རྒན་གྱི་ལྷ་མཆོད་པ་དང་། བར་ཁྱིམ་གྱི་ཐབ་འདོན་པ་པོའི་བཤོས་ཀྱི་ལྷ་བོན་དེར་བརྡོལ་བོན་ཞེས་བཏགས་གནང་མཛད་ཡོད་ལ།’’[2]ཞེས་སོགས་བཀོད་པ་ལྟར་ན། ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཁོང་གི་བརྩམས་ཆོས་<<གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་>>ན་[3]འབྲི་གུང་པས་བོན་ལ་ངན་བཤད་‘‘བརྡོལ་འཁྱར་བསྒྱུར་’’གསུམ་དུ་བཏགས་པ་དེ་དག་དྲངས་ཡོད་པས་བཤད་ཚུལ་དེ་ལ་ཁོང་གིས་མོས་མཐུན་ཡོད་པ་ལྟར་མཐོང་དང་མཐོང་བཞིན་ཡོད། ཐུའུ་བཀྭན་གྱི་བརྩམས་ཆོས་ནང་གནས་ཚུལ་དེ་རིགས་འཁོད་པ་ཙམ་ལ་མགོ་མེད་མཇུག་མེད་རྡོ་རྗེ་སྐེད་འཆང་ལྟར་བྱས་ན་དེ་འདྲར་འཁྲུལ་ཉེན་ཆེ་མོད། འོན་ཀྱང་དེ་ལྟར་དྲངས་གནང་བའི་འགོ་མཇུག་བར་གསུམ་ལ་ལེགས་པར་བལྟས་ཚེ། ཐུའུ་བཀྭན་པས་འདོད་ཚུལ་དེ་ལ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་ཡོད་པ་རྟོགས་ཐུབ། ཇི་ལྟར་ཡིན་ཞེ་ན། <<ལེགས་བཤད་ཤེལ་གྱི་མེ་ལོང་>>དུ་བོན་གྱི་སྐོར་འགོད་པའི་སྐབས་འབྲི་གུང་པ་ལས་སོགས་གཞན་གྱིས་འདོད་པ་དང་ཐུའུ་བཀྭན་ཁོང་གིས་མཐོང་བའི་ཚུལ་གཉིས་བཀོད་ཡོད།[4]དང་ཐོག་འབྲི་གུང་པའི་བོན་ལ་ངན་བཤད་གྱི་འདོད་ཚུལ་དེ་དག་དྲངས་ཡོད་ལ། དེའི་རྗེས་ཐུའུ་བཀྭན་ཁོང་གིས་མཐོང་བའི་སྐོར་ཏེ་‘‘ཁོ་བོས་མཐོང་བའི་བོན་གཞུང་ཞིག་ན་’’ཞེས་སོགས་བཀོད་པའི་ནང་དོན་ནི། བོན་གཞུང་<<མན་ངག་གནད་ཀྱི་རྫོང་འཕྲང་>>[5]དང་<<ཉམས་བརྒྱུད་རྒྱལ་བའི་ཕྱག་ཁྲིད་>>[6]ལ་སོགས་ཀྱི་གསུངས་ཚུལ་ཇི་བཞིན་རྫོགས་ཆེན་གྱི་གྲུབ་མཐའི་བཞེད་དོན་གཞིའི་གནས་ལུགས་མ་བུ་རྩལ་གསུམ་དང་དེ་འབྲེལ་ཉམས་ལེན་སྒོམ་གསུམ་དང་འབྲས་བུ་བོན་སྐུ་བཅས་ཀྱི་སྐོར་འགའ་ཞིག་དྲངས་མཛད་ཡོད་ལ་དེའི་འཕྲོ་མཚམས་སུ་‘‘འདི་དག་ནི་ཕྱིས་ཀྱི་རྫོགས་ཆེན་པས་ཟེར་ལུགས་དང་དབྱིབས་མཚུངས་པར་འདུག་པས་བོན་རྫོགས་གཉིས་ཐུགས་ནང་གཤིན་པོ་ཡོད་འདྲའོ།’’  །ཞེས་གསུངས། དེས་བོན་རྫོགས་གཉིས་མཚུངས་པོ་ཡོད་པ་བསྟན་ཅིང་ལྷག་པར་དུ་‘‘ཕྱིས་ཀྱི་རྫོགས་ཆེན་པའི་ཟེར་ལུགས་དང་མཚུངས་’’ཞེས་བཀོད་གནང་བ་འདིས་རྙིང་མའི་རྫོགས་ཆེན་ཕྱིས་སུ་བྱུང་བ་དང་བོན་གྱི་ཐེག་པ་དགུ་པའམ་བོན་གྱི་རྫོགས་ཆེན་དེ་ཉིད་སྔོན་དུ་བྱུང་བར་བསྟན་པ་ཤེས་ནུས་སོ། །མདོར་ན་ཐུའུ་བཀྭན་གྱིས་ཁོང་གི་བརྩམས་ཆོས་དུ་‘‘བརྡོལ་འཁྱར་བསྒྱུར་’’གསུམ་གྱི་འདོད་ཚུལ་སྔོན་དུ་དྲངས་ཤིང་དེ་ཡང་འབྲི་གུང་པའི་འདོད་ཚུལ་བཀོད་པར་གསལ་བཤད་མཛད་ཡོད་པ་དང་། ཁོང་གིས་དངོས་སུ་མཐོང་བའི་བོན་གཞུང་གི་བཞེད་ཚུལ་རྗེས་སུ་བཀོད་མཛད་པའི་བསྟན་རིམ་འདིའི་སྐོར་ལ་ང་ཚོས་དཔྱད་པ་གཏོང་ཚེ། འབྲི་གུང་པས་བོན་ལ་‘‘བརྡོལ་འཁྱར་བསྒྱུར་’’གསུམ་དུ་བཤད་པས་དེའི་དམིགས་འབེན་ནི་བོན་ཞེས་བྱ་བའི་དོན་ངོ་མ་ནི་དམ་པའི་ཆོས་དང་འགལ་བའི་ཚད་བྱས་ན་ཡང་། ཐུའུ་བཀྭན་ཁོང་གིས་དངོས་སུ་མཐོང་བའི་བོན་གཞུང་གི་དགོངས་དོན་ནི་ཆོས་ཀྱི་དོན་དང་དབྱེ་རུ་མི་ཕྱེས་པར་བོན་ཆོས་གཉིས་རོ་མཉམ་གྱི་ཚུལ་དུ་གནས་པར་གསུངས་མཛད་པས་འབྲི་གུང་པའི་བཤད་ཚུལ་དེ་བོན་ལ་ངན་བཤད་ཡིན་པ་དངོས་ཤུགས་ཀྱིས་ལམ་ནས་གོ་བར་མཛད་ཡོད་པ་སྟེ། ཐུའུ་བཀྭན་པའི་གསུང་<<ལེགས་བཤད་ཤེལ་གྱི་མེ་ལོང་>>ལས། ‘‘ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང་། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུ། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར། །བོན་ཞེས་སྨད་ཀྱང་གལ་ལ་ཐུག་པའི་དུས། །བོན་པོ་ཇུ་ཐིག་ཅན་ལ་བླང་འདོར་འདྲི།’’[7]།ཞེས་སོགས་གསུངས་པས་ཀྱང་ཤེས་སོ།།

ཡང་<<མཛོད་སྒྲ་འགྲེལ་>>[8]དུ་གསལ་བའི་‘‘ལྷ་བོན་’’དེ་ལ་<<རྩོམ་ཡིག་>>དེའི་ནང་‘‘བརྡོལ་བོན་’’ཡིན་པར་བརྗོད་ཅིང་། ‘‘ཁྱད་ཆོས་གཙོ་བོ་ལྷ་འདྲེ་ཡི་དད་མོས་ཁོ་ན་ཙམ་ཡིན་པ་ལས། མིའི་རིགས་ཀྱི་འཚོ་བ་དངོས་ལ་ཁ་གཏད་པའི་སྣང་ཚུལ་མེད་པས། བཤོས་ཀྱི་ལྷ་བོན་ཟེར་བ་ནི་ཧ་ཅང་དོན་ལ་གནས་པ་ཞིག་རེད། <<མཛོད་སྒྲ་འགྲེལ་>>ན་གྲོང་གི་འདུར་བོན་ཞེས་བོན་གྱི་རིགས་གཉིས་པ་དེ་གསུངས་ཡོད། གྲོང་གི་ཞེས་པའི་ཐ་སྙད་དེར་གོ་རྒྱུ་ཆེན་པོ་ཡོད་པར་སྣང་སྟེ། བོན་པོ་དེ་རིགས་ནི་མིའི་རིགས་ཀྱི་གྲོང་གི་འཚོ་བ་དངོས་ལ་ཁ་གཏད་པའི་མཚོན་དོན་ཡིན།’’ཞེས་སོགས་ཟེར་ནས་ཚིག་ཐག་ཆོད་པོས་རང་ཉིད་ཀྱིས་དཔྱད་པ་ལ་སྔར་མེད་དོན་སྙིང་ཆེན་པོ་ཞིག་བླངས་ཡོད་པ་ལྟ་བུར་རློམ་ནས་བཀོད་ཡོད། འོན་ཀྱང་བཤད་ཚུལ་འདི་དག་ནི་མཐོ་སྒང་ཞང་བོད་ཀྱི་མིང་བརྡ་རྙིང་པའི་གོ་དོན་ལ་ཆེས་རྨོངས་པའི་དབང་གིས་དེ་དག་གི་དོན་ལ་ཕོད་ཚོད་ཀྱིས་ལོག་བཤད་འབའ་ཞིག་ཏུ་ཟད་དོ། །

‘‘བཤོས་ཀྱི་ལྷ་བོན་’’ཞེས་པའི་ཚིག་ཟུར་སྔ་མའི་‘‘བཤོས་’’ཞེས་བྱ་བའི་ཐ་སྙད་འདི་ལ་སྤྱིར་གོ་དོན་ཐ་དད་པ་དུ་མ་ཡོད་པ་སྟེ། དཔེར་ན་ཆུ་སོགས་མར་ཕོས་པའམ་གཏོར་བའི་འདས་ཚིག་དང་སྐུལ་ཚིག་གི་དོན་ཅན་ཡིན་པ་དཔེར་ན་‘‘ཆུ་བཤོས་’’ ‘‘ཆུ་བཤོས་ཤིག་’’ ཅེས་པ་ལྟ་བུས་མཚོན་ལ། བོད་མདོ་དབུས་ཁམས་གསུམ་གྱི་སྐད་ལས་དབུས་སྐད་ནང་བཀོལ་ཤུགས་ཆེ་བ་ཡོད། ཡང་འཁྲིག་སྦྱོར་སྤྱད་པ་ལ་ ‘‘བཤོས་’’ ཟེར་བ་གཞུང་རྣམས་ལས་མང་དུ་བཤད་པ་དང་། བཟའ་ཆའི་ཟན་དང་ཟན་གྱིས་བཟོས་པའི་གཏོར་མ་ལ་‘‘བཤོས་ཆ་’’ དང་‘‘བཤོས་བུ་’’ འམ་ ‘‘ལྷ་བཤོས་’’ ཞེས་པ་གཞུང་ཆོག་རྣམས་ནས་མང་དུ་བྱུང་བས་རྟོགས་སླའོ། །ལྷག་པར་དུ་ཐ་སྙད་དེའི་གོ་བ་ཐུན་མོང་ལ་མི་མངོན་ལྐོག་གྱུར་དུ་གནས་པ་ཞིག་ནི་‘‘གསོན་པོའམ་གསོན་’’གྱི་གོ་དོན་ལྡན་པ་ཡང་ཡིན་ཏེ། <<བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་>>ཞེས་པར། ‘‘སྒྱེད་པོ་འོག་གཟུགས་ན། ཟངས་རྡོ་བླ་ནས་ཕབ་སྟེ། རྗེ་རུ་གཤེགས་སོ། བཤོས་ན་ནྀ་སྤུ་དེ་གུང་རྒྱལ། གྲོངས་ན་ནྀ་གྲང་མོ་གནམ་བསེའ་བརྩིགས། འགྲེང་མགོ་ནག་གྀ་རྗེ། དུད་རྔོག་ཆགས་ཀྱི་རྐྱེན་དུ་གཤེགས་སཱོ།’’[9]ཞེས་པ་འདིས་བཙན་པོ་སྤུ་ལྡེ་གུང་རྒྱལ་དེའི་མཚན་གྱི་རྣམ་གྲངས་ཤིག་བསྟན་པ་སྟེ། དེ་ཡང་‘‘བཤོས་ན་ནི་སྤུ་ལྡེ་གུང་རྒྱལ་’’ཞེས་པ། ‘‘བཤོས་ན་ནི་’’བྱ་བ་གསོན་ན་ནི་ཞེས་པའི་དོན་ཏེ། རྒྱལ་པོ་དེ་སྐུ་འཚོ་བཞུགས་སྐབས་སུ་སྤུ་ལྡེ་གུང་རྒྱལ་བྱ་བ་དང་། ཡང་‘‘གྲོངས་ན་ནྀ་གྲང་མོ་གནམ་བསེའ་བརྩིགས།’’ ཞེས་པ་རྒྱལ་པོ་དེ་ཉིད་སྐུ་གཤེགས་རྗེས་སུ་མཚུན་མིང་ལ་གྲང་མོ་གནམ་བསེའ་བརྩིགས། ཞེས་ཞུ་བར་བསྟན་པ་ལས་ཤེས་སོ། །དེས་ན་བཤོས་ཀྱི་ལྷ་བོན་ནི་གསོན་གྱི་རིམ་གྲོའི་བོན་ཆོག་སྟེ། དེ་ལ་གནའ་དུས་སུ་གསོན་བོན་ཞེས་ཀྱང་དངོས་སུ་བརྗོད་པར་གསལ་ཏེ་སྤུ་ལྡེ་གུང་རྒྱལ་ལ་སོགས་བོད་ཀྱི་བཙན་པོ་རིམ་བྱོན་གྱི་སྐབས་སུ། གསོན་བོན་ལ་མཁས་པའི་བོན་གཤེན་ལ་གཙིགས་ཆེར་བྱིན་ཏེ་རྒྱལ་བློན་གཤེན་གསུམ་འདུས་གྲལ་གྱི་སྐབས་སུ་གཡོན་གྲལ་གྱི་གཙོ་བོར་བཀོད་མཛད་པར་སྟེ། གཡུང་དྲུང་བོན་གྱི་རྒྱུད་འབུམ་ལས། ‘‘སྨྲ་བུ་ཐུགས་དཀར་གསོན་བོན་ལ་མཁས་པ་གཡོན་གྲལ་གྱི་རྩོ་ལ་བཏོན།’’[10] ཅེས་པས་སོ། །བོན་སྡེ་དེ་རྣམས་ཀྱིས་འགྲོ་བ་མི་གཙོས་ཇི་སྲིད་གསོན་གྱི་བར་དུ་ཚེ་རིང་བ་དང་ནད་མེད་པ་ལོངས་སྤྱོད་འཛོམས་ཤིང་མཐུན་རྐྱེན་འཕེལ་ལ་འགལ་རྐྱེན་ཞི་བར་བྱེད་པ་སྟེ། མདོར་ན་འཇིག་རྟེན་འདིར་ཡུན་རིང་དུ་འཚོ་ཞིང་གསོན་པ་དང་གསོན་པའི་རིང་ལའང་ཞི་བདེ་མཉམ་སྙོམས་སུ་གནས་པའི་ཐབས་སུ་འགྱུར་ལ། བརྒྱུད་ནས་ཀྱང་ལམ་སྤོང་སྒྱུར་གྲོལ་གསུམ་གྱིས་བསྡུས་པའི་སངས་རྒྱས་བསྟན་པ་རིན་པོ་ཆེ་དར་བའི་གཞི་མ་བསྐྱེད་ཅིང་བརྟན་པར་བྱེད་པ་ཡིན་པར་བཀའ་ལུང་ཀུན་ནས་ཡང་ཡང་དུ་གསུངས་པ་ལྟར་ཡིན་པ་ནི་སྨོས་ཅི་དགོས། དེ་ལྟར་བོན་གྱི་བྱེད་ནུས་དང་ཐ་སྙད་ཀྱི་གོ་དོན་བར་རང་བཞིན་གྱིས་འབྲེལ་ཆགས་ པར་རྟོགས་ཐུབ་བོ། །ཡང་དེར་‘‘ལྷ་བོན་’’ཞེས་པའི་ཚིག་གྲོགས་ལ་‘‘ལྷ་’’ཞེས་སྦྱར་བ་ནི་སྐབས་འཕྲལ་དུ་སྨོས་པའི་ཐ་སྙད་ཅིག་ཡིན་པར་མངོན་ཏེ། དཔེར་ན། བོད་ཀྱི་རྒྱལ་པོའི་བྱུང་རབས་གླེང་བའི་སྐབས་རྣམས་སུ་བོད་རྒྱལ་དེ་ཐོག་མར་ལྷའི་རིགས་རྒྱུད་ནས་མར་མཆེད་པའི་ལྟ་ཚུལ་ལ་‘‘གནམ་གྱི་ལྷ་ལས་ས་ཡི་རྒྱལ་གཤེན་དུ་བྱོན་’’ཞེས་དང་། ‘‘གནམ་ལྷ་དོག་ལ་གཤེགས་’’[11]ཞེས་སོགས་ཤོད་སྲོལ་ཡོད་པ་བཞིན། ལྷའི་རིགས་རྒྱུད་དུ་འཛིན་པའི་རྒྱལ་པོ་དེ་དག་གི་སྐུ་འཚོ་ཐབས་སུ་བཀོལ་བའི་བོན་ཡིན་ཙང་‘‘ལྷ་བོན་’’ཞེས་འཕྲལ་དུ་བཏགས་པའམ། ཡང་ན་ཆོས་ལུགས་པ་ཐུན་མོང་གི་ལྟ་ཚུལ་ལ་རང་གཞན་ཀུན་ལ་ཉེར་འཚེའི་འགལ་རྐྱེན་གང་ཞིག་འཕྲད་པ་ལ་མི་མིན་འདྲེ་གདོན་རིགས་ཀྱིས་གནོད་པ་གཏོང་བར་འདོད་པ་དང་འགལ་རྐྱེན་གང་དག་ཞི་ཞིང་གནས་སྐབས་བདེ་སྐྱིད་ཀྱི་ལོངས་སྤྱོད་འཛོམས་པ་ལ་ལྷ་ཡིས་མགོན་སྐྱོབས་གནང་བ་ལྟ་བུའི་ལྟ་ཚུལ་ལྷན་སྐྱེས་སུ་ཡོད་པ་དེའི་ཤུགས་རྐྱེན་གྱིས། བོན་སྡེ་དེས་འགྲོ་བ་མི་གཙོས་འཇིག་རྟེན་འདིར་གསོན་ཞིང་གནས་པ་ལ་དུས་མིན་གྱི་འཇིག་པ་ནད་གདོན་ལ་སོགས་ཕྱི་ནང་གི་འགལ་རྐྱེན་ཉེར་འཚེ་རྣམས་བསྲུང་ཞིང་དེ་དག་ལས་སྐྱོབས་ཏེ་མཐུན་རྐྱེན་ཚེ་ནོར་ལོངས་སྤྱོད་གང་འདོད་འཛོམས་པར་བྱེད་པའི་ཕྱིར་དེ་འདྲའི་ཕན་ནུས་བྱེད་པ་དང་ལྡན་པའི་སྒོ་ནས་‘‘ལྷ་བོན་’’ཅེས་ཐོགས་པ་མ་ཟད་རྒྱལ་འབངས་རྣམས་ལའང་་ཡོངས་སུ་གྲགས་པའི་ཐ་སྙད་ཅིག་ཆགས་པ་ཡིན་པར་ཡང་སྣང་ངོ་། །ལྷ་བོན་སྐོར་ལ་ཡང་ལྷ་བོན་སྒོ་བཞི་ལ་སོགས་ནང་གསེས་དབྱེ་བ་རྣམས་ཀྱང་རྗེས་སུ་འཆད་པར་འགྱུར་རོ། །

དེས་ན་‘‘ལྷ་བོན་’’དུ་བཤད་པ་འདི་ནི་གཙོ་བོར་འགྲོ་བ་མི་རྣམས་གསོན་གྱི་དུས་འདིར་འགལ་རྐྱེན་འཕྲད་པ་ལ་ཆེད་དུ་སྤྱད་བྱའི་བོན་ཡིན་པར་ཐ་སྙད་རྐྱང་པའི་སྒོ་ནས་ངེས་པ་འདི་བཞིན་རྙེད་ཐུབ་པས་མིའི་རིགས་ཀྱི་འཚོ་བ་དངོས་ལ་ཁ་མ་གཏད་ཟེར་བ་དེ་ནི་ཐ་སྙད་འདིའི་གོ་བ་ཡེ་ནས་མ་རྙེད་པའི་བབ་ཅོལ་ཁོ་ནར་ཟད་པ་ཤེས་པར་བྱའོ། །

ཡང་‘‘འདུར་བོན་’’ལ་<<རྩོམ་ཡིག་>>དེའི་ནང་‘‘གྲོང་གི་འདུར་བོན་’’ཞེས་པར་གྲོང་སྡེ་རུ་སྤྱད་བྱའི་བོན་ལྟ་བུ་གོ་བ་བླངས་པས་མིའི་རིགས་ཀྱིས་འཚོ་བ་དངོས་ལ་ཁ་གཏད་པ་ཡིན་ཟེར་བ་ནི་དཔྱད་ཡིག་<<མཛོད་སྒྲ་འགྲེལ་>>གྱི་དཔེ་ལ་དུས་ཕྱིས་སུ་ཡིག་ནོར་དུ་སོང་བ་འགའ་ཞིག་འདུག་པ་དེའི་རྐྱེན་གྱིས་ཡིན་པའམ་ཡང་ན་འདུར་བོན་གྲོང་སྡེ་རུ་སྤྱོད་ཀྱི་ཡོད་ཙང་རྩོམ་པ་པོས་དེ་ཉིད་རྒྱུ་མཚན་དུ་འཁྲུལ་ཅིང་‘‘གྲོང་’’ ཞེས་པའི་ཐ་སྙད་འདི་དག་པར་མཐོང་ནས་བསམ་བཞིན་དུ་སྦྱར་ཡིན་སྲིད་དོ། །གང་ལྟར་ཐ་སྙད་འདིའི་དག་སྦྱོར་དང་གོ་དོན་བཅས་ལ་དེ་ལྟར་བསམ་ཞིང་འགྲེལ་བ་ནི་ནོར་འཁྲུལ་དང་རྟོག་བཏགས་ཀྱིས་ལོག་བཤད་འབའ་ཞིག་ཏུ་མཐོང་ངོ་། །འདི་ལྟར་ཤེས་བྱེད་གཙོ་བོ་ནི་ ‘‘ལྷ་བོན་’’ དེ་ཉིད་ཚེ་འདིར་ཕན་བྱེད་ཡིན་པས། ‘‘བཤོས་ཀྱི་ལྷ་བོན་’’ ནམ་‘‘གསོན་བོན་’’ དུ་བཤད་པ་[12]བཞིན། ‘‘འདུར་བོན་’’ དེའང་གཙོ་བོར་འདས་གྲོངས་སོང་བའི་དུས་སུ་གཤིན་པོ་དེ་ཉིད་ལ་ངན་སོང་གི་གཏིང་ཕུལ་མཐོ་རིས་ཀྱི་ལམ་གེགས་བྱེད་པའི་ཤི་གཤེད་དང་སོ་སོར་ཕྲལ་ཏེ་གཤིན་པོ་དང་གཤེད་པོ་དེ་གཉིས་ཐར་པར་འགོད་པའི་འདུར་ཐབས་ཀྱི་བོན་ཡིན་པས། ‘‘གྲོངས་ཀྱི་འདུར་བོན་’’དུ་བརྗོད་པ་ལྟར། <<གཡུང་དྲུང་བོན་གྱི་རྒྱུད་འབུམ་>>དུ་དེ་ལ་“གཤིན་འདུར་”[13] ཞེས་སུ་བརྗོད་ཡོད། ཐ་སྙད་དེ་ལྟར་བརྗོད་པ་དག་ཀྱང་འདུར་བོན་གྱི་བྱེད་ནུས་དང་སྐབས་འབྲེལ་གྱི་དགོས་མཁོ་ལ་ཡིན་པར་དཔྱད་པས་རྟོགས་ཐུབ་པ་ཞིག་གོ། གྲོངས་ཀྱི་འདུར་བོན་གྱི་སྐོར་ལ་ཡང་འདུར་སྒོ་བཞི་དང་འདུར་ཐབས་ཀྱི་སྐོར་སོགས་གཤམ་དུ་གླེང་བར་འགྱུར།

དེ་ལྟར་བཤོས་ཀྱི་ལྷ་བོན་ལ་སོགས་བོན་སྡེ་གསུམ་གྱི་རྣམ་གྲངས་བརྩི་ཚུལ་འདི་ཡི་ཐོག་མའི་ཁུངས་ཀྱི་གསུང་དཔེ་ནི་ད་ཆར་ང་ཚོས་མཐོང་ཚོད་ལྟར་ན་བླ་ཆེན་དྲན་པའི་<<མཛོད་སྒྲ་འགྲེལ་>>འདི་ཉིད་ཡིན་པར་འདུག་ལ། གཞན་ཡང་<<གཡུང་དྲུང་བོན་གྱི་རྒྱུད་འབུམ་>>ལས། ‘‘སྤྱིར་ནི་ཆེ་དགེ་གཞན་དུ་ཚོགས་ཙམ་ན། སྒྲུབ་ཕྱོགས་གསས་མཁར་སེམས་དོན་ལ་མཁས་པ་གྲལ་གྱི་གཙོར་བཏོན། དྲག་སྔགས་སྟོབས་ལྡན་མཐུ་ལ་མཁས་པར་གྲགས་གཡས་དྲལ་རྩོ་(གཙོ)ལ་ཞུགས། སྨྲ་བུ་ཐུགས་དཀར་གསོན་བོན་ལ་མཁས་པ་གཡོན་གྲལ་རྩོ་ལ་བཏོན། དྲི་མ་རྒྱང་འཕན་གཤིན་བདུར་(འདུར)ལ་མཁས་པ་དབུས་གྲལ་རྩོ་ལ་བཏོན། རྨེ་ཆོས་གནོལ་སངས་ལ་མཁས་པ། སེལ་བོན་གཡོན་དྲལ་གྱིས་གཞུག་ལ་གཞག’’[14] ཅེས་པ་ལས། སེམས་དོན་དང་། མཐུ། གསོན་བོན། གཤིན་འདུར། གནོལ་བསང་ཞེས་བརྗོད་པའི་བོན་སྡེ་དེ་དག་གི་ནང་ནས། སེམས་དོན། གསོན་བོན། གཤིན་འདུར་གསུམ་གསལ་བ་ནི། འདིར་གླེང་བྱའི། ཡང་དག་པའི་སེམས་བོན་དང་། བཤོས་ཀྱི་ལྷ་བོན། གྲོངས་ཀྱི་འདུར་བོན་གསུམ་དང་ཕན་ཚུན་གནད་གཅིག་པ་མ་ཟད། ཐ་སྙད་དེ་དག་གི་གོ་དོན་ལ་ཡང་ངེས་ཤེས་གསལ་པོར་རྙེད་ནུས་སོ། ། <<མཛོད་སྒྲ་འགྲེལ་>>གྱི་དཔེའི་སྐོར་ལ་ཡང་དེང་དུས་བོད་ཕྱི་ནང་ཀུན་ནས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཅན་མང་དུ་འདུག་པ་ལས་དེ་དག་ཀུན་གྱི་ཕྱི་མོའི་མ་ཡིག་གམ་ཀུན་ལས་སྔ་ཞིང་ཆེས་དཔེ་རྙིང་དུ་གྱུར་པ་དོལ་པོའི་དཔེ་རྙིང་ལག་བྲིས་ཅན་ཞིག་སྨན་རིའི་བླ་བྲང་དུ་བཞུགས་པའི་གསུང་དཔེ་དེའི་ནང་བོན་སྡེ་གསུམ་དེ་གྲངས་འདྲེན་སྐབས་སུ། ‘‘གྲོངས་གི་འདུར་བོན།’’ཞེས་ཚེ་འཕོས་པའི་དོན་ཅན་གྱི་‘‘གྲོངས་’’ འདི་ཡོད། དེང་གི་དེབ་གཟུགས་ཅན་འགའི་ནང་དུ་མ་ཡིག་གི་‘‘གྲོངས་གི་འདུར་བོན་’’ ལ་‘‘གྲོང་གི་འདུར་བོན་’’ ཞེས་སུ་བཅོས་བསྒྱུར་བྱས་འདུག དེ་བཞིན་<<སྒྲ་འགྲེལ་>>ནང་གསལ་བོན་སྡེ་གསུམ་གྱི་ལུང་གི་སྐོར་སྐྱབས་སྟོན་<<ཁྲོ་འགྲེལ་>>དུ་དྲངས་སྐབས་‘‘གྲངས་ཀྱི་འདུར་བོན་’’ ཞེས་དབྱངས་ཡིག་ན་རོ་ཆད་སྐྱོན་བྱུང་བ་ཙམ་ལ་དེང་དུས་<<ཁྲོ་འགྲེལ་>>དེབ་གཟུགས་སུ་བསྐྲུན་པ་འགའི་ནང་ཡང་མ་ཡིག་གི་རྗེས་སུ་‘‘གྲོང་’’ འདི་དག་པར་བསམ་ནས་གུག་རྟགས་ནང་དུ་བཀོད་འདུག མདོར་ན་མ་ཡིག་གམ་ཡིག་རྙིང་ཅན་གྱི་<<མཛོད་སྒྲ་འགྲེལ་>>དང་<<ཁྲོ་འགྲེལ་>>ནང་དུ་ ‘‘གྲོངས་ཀྱི་འདུར་བོན་’’ ཞེས་པའི་ཐ་སྙད་དེར་ཚེ་འཕོས་པའི་དོན་ཅན་གྱི་ ‘‘གྲོངས་’’ འདི་རང་ཡོད་པ་ཤེས་པར་བྱའོ། །

གཞན་ཡང་<<སྔགས་ཀྱི་མདོ་འདུར་རིན་ཆེན་འཕྲེང་བ་མུ་ཆོའི་ཁྲོམ་འདུར་ཆེན་མོ་ལས་རིན་འཕྲེང་གཞུང་གི་ལེའུ་>>ཞེས་པ་ལས།‘‘མུ་ཆོ་ལྡེམ་དྲུག་(གིས་)ལྷ་མེན་ཡུལ་དུ་བོན་འཁོར་བསྐོར་བའི་ཚེ་ལྷ་དང་ལྷ་མེན་འཐབ་པས། ལྷ་སྲས་ཡང་དྲགས་གྲོངས་པའི་དུས་སུ་རིན་པོ་ཆེའི་སྔགས་འདུར་འདི་མཛད་པས་ལྷ་སྲས་བདེ་བ་ལྡན་ནོ།’’[15] །ཞེས་དང་། ཡང་<<མུ་ཆོའི་ཁྲོམ་འདུར་ལས་སྲི་ཁུང་རྐོ་བ་>>ཞེས་པ་ལས། ‘‘གྲང་(གྲོངས་)པའི་ཤི་གཤེད་འདུར་སླད་དུ། སྲི་ཁུང་ཟུར་གསུམ་ས་ལ་བརྐོ།’’ཞེས་སོགས་འཁོད་པའི་ལུང་སྔ་ཕྱི་འདི་དག་ནང་ཚེ་འཕོས་པའི་དོན་ཅན་‘‘གྲོངས་’’ཞེས་བྱ་བའི་ཐ་སྙད་ལ་དག་སྦྱོར་གཅིག་ཏུ་མ་ངེས་པ་ནི། སྐབས་འཕྲལ་གྱི་ཡིག་ནོར་སོང་བ་ཙམ་ལས་དོན་དུ་འདུར་བོན་ནི། སེམས་ཅན་ཚེ་འཕོས་པའམ་གྲོངས་པའི་དུས་སུ་གཤིན་པོ་དེའི་ཐར་ལམ་ལ་གེགས་སུ་བྱེད་པའི་ཤི་གཤེད་འདུར་ཐབས་ཀྱི་བོན་ཡིན་པ་མཐུན་པར་གསུངས་པ་མ་ཟད་‘‘གྲོངས་’’ དང་‘‘འདུར་’’ ཞེས་བྱ་བའི་ཐ་སྙད་འདི་གཉིས་མཉམ་དུ་སྤྱད་ཡོད་པ་ལས་གསལ་བར་ཤེས་ནུས་སོ།[16] །གཞན་ཡང་གོང་གསལ་<<གཡུང་དྲུང་བོན་གྱི་རྒྱུད་འབུམ་>>ལྟར། དེ་ལ་“གཤིན་འདུར་”ཞེས་བརྗོད་པས་ཀྱང་ངེས་ཏེ། གཤིན་ནི་འདས་གྲོངས་སུ་གྱུར་པའི་དོན་ཅན་ཡིན་པར་ངེས་སླ་བས་སོ། །

གཞན་ཡང་<<རྩོམ་ཡིག་>>དེར་<<མཛོད་སྒྲ་འགྲེལ་>>ན་གསལ་བའི་‘‘བཤོས་ཀྱི་ལྷ་བོན་’’དང་‘‘གྲོངས་ཀྱི་འདུར་བོན་’’[17]དེ་གཉིས་མིའི་རིགས་ཀྱི་འཚོ་བ་དངོས་ལ་ཁ་གཏད་དང་མ་གཏད་ཀྱི་ཁྱད་པར་ཞིག་ཡོད་པར་བཤད་ཡོད་ནའང་། རང་གིས་བསམ་ཚོད་དམ་ཕོད་ཚོད་གཙོ་བོར་མ་ཡིན་པ་བོན་སྡེ་དེ་གཉིས་ཀྱི་བྱེད་ནུས་དང་དགོས་པ་གནའ་དུས་སུ་རྒྱལ་འབངས་རྣམས་ཀྱིས་བཀོལ་སྤྱོད་བྱས་ཚུལ་སོགས་ལ་ཞིབ་མོར་དཔྱད་ན། བོན་སྡེ་གཉིས་པོ་ནི་མིའི་རིགས་ཀྱི་འཚོ་བ་དངོས་ལ་ཁ་གཏད་མ་གཏད་ཀྱི་ཁྱད་པར་ཞིག་ཡོད་པར་མི་སེམས་ཏེ། གང་ཞེ་ཡིན་ན། འདི་དག་འཆད་ཚེ་ཆོས་ལུགས་པའི་བསམ་བློའི་ལྟ་སྟངས་ལས་བརྒལ་མི་རུང་སྟེ། དེ་ལས་བརྒལ་ན་མིའི་འཚོ་བའི་ཁྲོད་དུ་ཕན་ཐོགས་ཡོད་མེད་ཀྱི་ཁྱད་པར་ཞིག་དེ་བས་ཀྱང་རྙེད་དཀའོ། །དེས་ན་ཆོས་ལུགས་པའི་བསམ་བློའི་ལྟ་སྟངས་ལས་མ་འདས་པའི་སྒོ་ནས་གླེང་ཚེ། བོན་ཆོག་དེ་གཉིས་བརྩོན་པའི་ཀུན་སློང་གི་སྒོ་ནས་བཤད་ན་མིའི་རིགས་ཀྱི་འཚོ་བའི་ཁྲོད་དུ་དངོས་སུ་བྱུང་བའི་ཕན་གནོད་ལ་བསམ་པ་དང་དེའི་ཆེད་དུ་ཡིན་པ་ནི་སྨོས་ཅི་དགོས། བསྒྲུབ་སའི་གནས་ཀྱི་སྒོ་ནས་བཤད་ན་སྤྱིར་རྒྱུ་བོན་རྣམས་འཇིག་རྟེན་ཕན་ཐབས་གཙོ་བོར་ཡིན་ཙང་བོན་ཆོག་དེ་གཉིས་ཀྱང་གྲོང་དུ་སྤྱོད་མི་སྤྱོད་ལ་ཁྱད་པ་ཅི་ཡོད་དེ་མེད་པའང་མཉམ་པ་ཡིན། བྱེད་ལས་དང་ཕན་འབྲས་ལ་བསམ་ཚེ་མིའི་རིགས་ཀྱི་འཚོ་བ་དངོས་ལ་ཕན་ནུས་ཡོད་མེད་ཀྱི་ཁྱད་པར་དེ་ཚང་མས་ཐུན་མོང་དུ་དངོས་སུ་མཐོང་ཐུབ་པ་ཞིག་མ་ཡིན་ཀྱང་དད་འདུན་དང་ཡིད་ཆེས་ཀྱི་སྒོ་ནས་ཕན་འབྲས་དེ་ཡང་རྟགས་དང་མཚན་མ་སོགས་ཀྱི་ལམ་ནས་ཤུགས་ཀྱིས་རྟོགས་ཐུབ་པའང་མཉམ་པར་སེམས་སོ། །ཁྱད་པར་དུ་ལྷ་བོན་དེ་ཡང་བོད་རྒྱལ་རིམ་བྱོན་རྣམས་ཀྱིས་རང་ཉིད་ཀྱི་སྐུ་སྲུང་གི་ཐབས་སུ་མ་ནུབ་པར་སྤྱད་ཡོད་པའི་སྐོར་བོན་གྱི་ཡིག་ཚང་རྙིང་གྲས་རྣམས་སུ་གསལ་བ་འོག་ནས་འཆད་འགྱུར་ལྟར་ཡིན་པས་མིའི་འཚོ་བ་དངོས་ལ་ཕན་ཐོགས་ཡོད་པའང་དེས་མཚོན་ནུས་པ་ཞིག་རེད། ལར་ཡང་བན་དེའི་མཁས་པའི་ཁྲོད་ནས་མཚོན་ན་ལྷ་བོན་གྱིས་མིའི་འཚོ་བ་ལ་ཕན་འབྲས་ཡོད་པར་གསུངས་པ་ནི། རོང་སྟོན་ཆེན་པོས་‘‘སྣང་གཤེན་པས་ལྷ་གསོལ་ནས་བདག་དང་ཡོན་བདག་ལ་སྐྱོབ་པ་དང་། གདོན་བཀར་ནས་མི་གནོད་པ་ནི་འབྲས་བུའོ།’’[18]།ཞེས་སོགས་གསུངས་པས་སོ། །

ཡང་<<རྩོམ་ཡིག་>>དེར། ‘‘གྲི་གུམ་བཙན་པོའི་དུས་སྐབས་འདི་ནི་ལྷ་བོན་ནས་མི་བོན་གྱི་འགྱུར་མཚམས་གལ་ཆེན་ཞིག་ཡིན་པར་མ་ཟད། གྲོང་གི་འདུར་བོན་གྱི་ལས་ཀ་ཧ་ཅང་རྒྱུགས་ཆེ་བའི་དུས་མཚམས་ངེས་ཅན་ཞིག་རེད་ལ། སྐབས་འདིར་ཡང་ལྷ་བོན་དར་མྱོང་ཡོད་ནའང་། དམིགས་བསལ་གྱི་གོ་གནས་གལ་ཆེན་བཟུང་མེད་ལ། འདི་གཉིས་ཀྱི་སྤྱི་མིང་ལ་སྐབས་དེར་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་ཞེས་འབོད། འདི་ནི་གཉའ་ཁྲིའི་ཡན་ཆོད་ནས་གྲི་གུམ་བཙན་པོའི་གོང་གི་དུས་ནང་དར་མྱོང་ཡོད་ཅིང་། མིང་གཞན་ལ་རྒྱུ་བོན་ལོག་པ་ཞེས་པའམ་བོན་ཕྱི་པ་ཞེས་ཀྱང་འབོད་ལ། དེའི་རྒྱུ་མཚན་ནི་སྐབས་འདིའི་བོན་པོ་རྣམས་སྟོན་པ་གཤེན་རབ་མི་བོའི་བསམ་བློའི་བཅོས་བསྒྱུར་གྱི་གྲལ་དུ་ཚུད་མེད་པའི་རང་སའི་ཡུལ་གྱི་བོན་ཡིན་པས།’’[19]ཞེས་བཀོད་ཡོད། དེར་བལྟས་ཚེ་གྲི་གུམ་གྱི་སྐབས་སུ་‘‘ལྷ་བོན་’’ནས་མི་བོན་འགྱུར་བར་བཤད་པའི་དོན་ནི། རྩོམ་པ་པོའི་ཞེ་འདོད་ཅི་ཡིན་གསལ་བར་མ་རྟོགས་ཀྱང་ཚིག་གི་བཤད་སྟངས་ཀྱིས་གོ་བ་ལ་རྒྱལ་གྲི་གུམ་གོང་དུ་‘‘ལྷ་བོན་’’དར་ནའང་གྲི་གུམ་གྱི་སྐབས་ནས་‘‘ལྷ་བོན་’’གྱིས་གོ་གནས་མ་བཟུང་བ་དང་དེའི་སྐབས་‘‘འདུར་བོན་’’རྒྱུགས་ཆེ་རབས་ཀྱི་བཤད་སྟངས་འདི་དག་གིས་ཤུགས་ཀྱིས་གོ་བ་སྟེར་བ་ཞིག་ནི། ‘‘ལྷ་བོན་’’དེ་ཁྱོད་རང་གིས་བཤད་པའི་ ‘‘མི་བོན་’’ དེའམ་ཡང་ན་‘‘གྲོངས་ཀྱི་འདུར་བོན་’’དུ་གྱུར་སོང་བ་ལྟ་བུར་བསྟན་འདུག དེ་ལྟར་ན་‘‘ལྷ་བོན་’’ དང་‘‘འདུར་བོན་’’ གྱི་རྣམ་བཞག་མ་ཤེས་ཤིང་རྨོངས་པས་མིག་བཙུམས་ནས་སྨྲས་པར་ཟད་དོ། ། འོན་ཀྱང་རྩོམ་པ་པོའི་ཞེ་འདོད་དངོས་ལ་གྲི་གུམ་གོང་དུ་‘‘ལྷ་བོན་’’དར་བ་དང་གྲི་གུམ་ནས་‘‘འདུར་བོན་’’ དར་ཤུགས་ཆེ་སྟབས་‘‘ལྷ་བོན་’’གཙིགས་ཆེར་མ་བཟུང་བའི་དོན་ཡིན་ནའང་ཐང་། ཡང་བོན་སྡེ་འདི་གཉིས་‘‘ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་’’ཡིན་བཞིན་དུ་ལོག་པ་ཕྱི་བོན་ཟེར་ལོ་དེ་ཡང་ག་ལ་རུང་སྟེ་མི་རུང་བ་ནི། ‘‘ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་’’ ནི་་གཤེན་རབ་མི་བོས་གདུལ་བྱ་ཉོན་མོངས་དུག་ལྔའི་གཉེན་པོ་ལ་བོན་སྒོ་བཞི་མཛོད་ལྔ་གཏན་ལ་ཕབ་མཛད་པའི་ནང་ཚན་བོན་སྒོ་དང་པོ་དེ་ཡིན་པར་བོན་གྱི་གཞུང་ལུགས་ཀུན་ལས་ཡོངས་སུ་གྲགས་ཤིང་གྲུབ་པའི་ཕྱིར་རོ། །བན་བོན་གཉིས་ཀྱི་གཞུང་ལུགས་ཀུན་ལ་མཐོང་ཕུལ་ཆེ་བའི་ས་སྐྱའི་མཁས་པ་རོང་སྟོན་ཆེན་པོས་ཀྱང་‘‘དམ་ཚིག་སེམས་ཅན་གྱི་སྲོག་མི་གཅོད་པ་ལ་སོགས་ཆབ་ནག་རྒྱུའི་བོན་བཞི་ལ་ཕོག་པ་ཡིན་’’[20]ཞེས་སོགས་རྒྱ་ཆེར་གསུངས་མཛད་པ་དག་གིས་ཀྱང་ཤེས་སོ། །དེས་ན་སྐབས་འབྲེལ་གྱི་རྩོམ་པ་པོས་ཞང་བོད་ཀྱི་ཤེས་རིག་རྙིང་པ་རྒྱུ་ཡི་བོན་སྐོར་དང་དེའི་དར་རིམ་བཅས་ལ་ཆ་རྒྱུས་ཡོད་མདོག་གིས་འུད་ཆེན་པོ་ཞིག་བསྒྲགས་ཀྱང་རྒྱུས་མངའ་ཅུང་ཟད་མེད་པའི་རང་མཚང་མངོན་པར་བརྡོལ་འདུག་པས་མཁས་པའི་ཡ་ག་འདུ་བའི་གནས་སུ་གྱུར་ཏོ། ། དེ་ཡང་བོད་རྒྱལ་སྔ་ཕྱི་འགའ་ཡི་སྐབས་སུ་རྒྱུ་དང་འབྲས་བུའི་བོན་གཉིས་ལས་འབྲས་བུའི་བོན་ནམ་མདོ་སྔགས་སེམས་གསུམ་གྱི་བོན་སྐོར་དར་ནུབ་ལན་འགའ་བྱུང་བའི་སྐབས་སུ་ཡང་བོད་རྒྱལ་རིམ་བྱོན་རྣམ་པས་ཀྱང་‘‘ལྷ་བོན་’’སྔར་བཞིན་གཙིགས་ཆེར་བྱས་ཡོད་པ་རྗེས་སུ་དཔག་ནུས་ཏེ། དེའི་ཚུལ་ནི་བོན་དེ་རྣམས་རྒྱལ་གྱི་སྐུ་འཚོ་བའི་བོན་ཡིན་ཙང་། བོན་བསྣུབས་སྐབས་བོན་གཤེན་གཞན་རྣམས་ཡུལ་མཐར་སྤྱུགས་ཀྱང་། ལྷ་བོན་སྟོན་མཁན་སྐུ་གཤེན་རྣམས་ལ་དེ་རྗེས་སུའང་གོ་ཐོབ་རང་གནས་ཏེ། གྲལ་གྱི་གཙོ་གྲས་སུ་བཀུར་བར་གོང་དུ་དྲངས་པ་དེར་གསལ་བས་སོ། །དེ་ལྟར་ཡིན་པར་ཡང་བོན་གྱི་ཡིག་ཚང་རྙིང་པ་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་<<གཡུང་དྲུང་བོན་གྱི་རྒྱུད་འབུམ་>>མམ་<<བསྒྲགས་པ་རིན་ཆེན་གླིང་གྲགས་>>སུ་རྒྱལ་གྲི་གུམ་སྐབས་ཀྱི་གནས་ཚུལ་འཁོད་པ་[21]ལྟར་ན། ‘‘གཤེན་པོ་ཁྱེད་མགོ་མཐོས་པས་རྒྱལ་གྱི་མངའ་ལ་གནོད་པ་འདུག་པས། ལྷ་བོན་སྒོ་བཞི་དང་། གྱིམ་བུ་ལན་ཚ་དང་། གེ་གོད་(ཁོད་)ཐིས་འཕེན་དང་། འཚེ་མི་ཀླུད་གཏོང་དང་། དེ་རྣམས་བདག་གི་སྐུ་གཤེན་དུ་བཞུགས་འཚལ་ལོ། གཤེན་པོ་ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པ་ཅིག་(ཞིག་)ཏུ་གཤེགས་འཚལ་ལ། ཟེར་རོ།’’ ཞེས་དང་། ཡང་དེར། ‘‘བོན་གཤེན་རྣམས་ཀྱང་མཐའ་རུ་གཤེགས། གྱིམ་བུ་ལན་ཚ་ཡང་མ་བཞུགས་གཤེགས་པར་ཞུ་གསུངས་པས། གྱིམ་བུ་ན་རེ། རྒུན་གནམ་ལ་སྤྲིན་མ་ཆད་ན། སོས་ཆར་སྤྲིན་(ལས)འབྱུང་། དགུན་ཆུ་ས་ལ་སྦས་ན། དྲོད་གཤེར་གཡར་(དབྱར་)ན་ལྡང་། དགེ་བ་ཚེ་འདིར་སྤྱད་ན། དགེ་བའི་བརྟགས་(རྟགས་)ཕྱི་མ་འབྱུང་། ལྷ་བོན་སྒོ་བཞི་དར་ན་གསས་མཁར་སྲོག་འཛིན་པས། བདག་ཀྱང་མི་འགྲོ་སྡོད་པ་ལགས། ལྷ་བོན་ཡང་མ་ནུབ་པ་དགེས་ཟེར་ནས་བཞུད་དུ་མ་ཉན་པ་ལ་བོན་སྒོ་ཕྱེད་དང་གཉིས་བྱིན།’’ ཞེས་པས་གྲི་གུམ་སྐབས་སུ་‘‘ལྷ་བོན་’’དར་ཙམ་མ་ཡིན་པ་དམིགས་བསལ་གྱི་ཆེ་མཐོང་ཡོད་ལ་དེ་ཕྱིན་ཆད་ལ་ཡང་‘‘ལྷ་བོན་’’རྣམས་ལ་ཆེ་མཐོང་སྔར་བཞིན་གནས་ཡོད་པ་ཡིན་ཏེ། བོད་རྒྱལ་ས་ལ་ལེགས་དྲུག་གི་སྐབས་སུ་‘‘ལྷ་བོན་’’སྟོན་པའི་རྒྱལ་པོ་ལ་སྐུ་གཤེན་བཞུགས་པར་གསལ་ཡོད་དེ། <<བསྒྲགས་པ་གླིང་གྲགས་>>ལས། ‘‘ད་ས་ལ་ལེག་(ལེགས་)[22]དྲུག་གིས་བོན་ཇི་ལྟར་དར་ན། དེ་ཤོ་ལེགས་བཙན་པོའི་བླ་མ་ནི་ལི་ཤུ་སྟག་རིངས། ལྷ་བོན་[23]བཙོ་(ཅོ་)ཉག་གཞེར་(ཞེར་)ཐོད་དཀར། ཨེ་ཤི་(ཨི་ཤོ་)ལེགས་ཀྱི་དཔོན་གསས་མུན་སྤངས་(མུ་སྤུངས་)།ལྷ་(བོན་)ཅོ་སྟག་ཀླུ་གསས། འོད་རུ་ལེགས་ཀྱི་དཔོན་བསས་(གསས་)ནི། སྤེ་ཤོ་འགྲ(འབེ་ཤོ་ཀྲམ་)། ལྷ་བོན་བཅོ་ཕན་གྲགས། འབྲོང་བཞི་(བཞེར་)ལེགས་ཀྱི་དཔོན་བསས་(གསས་)གུ་རུམ་ཙན་དེ་(རུབ་བཙན་དོ་)མི་སེར།ལྷ་བོན་ཅོ་སྙན་རིངས། དེ་ཤོ་ལེགས་ཀྱི་དཔོན་བསས་(གསས་)ཁུ་ལུང་(ཕུ་ལུ་)གྲུ་འཛིན། ལྷ་བོན་སེག་གཤེན་བདུད་འདུལ། ཟ་ནམ་ཟན་(ཟིན་)གྱི་དཔོན་(གསས་)གྱིམ་ཐང་རྨའོ། ལྷ་བོན་སྟོང་དྲ་ཞིང་ཤ(སྟོང་ར་ཤིབ་ཤང་)གནམ་ཁྲོའོ་བཞུང་བཙན་(ལྡེ་ནམ་འཕྲུལ་ནམ་གཞུང་བཙན་)།(གྱི་) དཔོན་(གསས་)། གསུམ་ལ་(སུམ་པ་)མུ་ཕྱ། ལྷ་བོན་གཤེན་ཐང་མི་ཆུང་། བེས་བོན་ལ་གནམ་རིངས། (སེ་རྣོལ་གནམ་ལྡེ་) (ཡི)དཔོན་གསས་དྲག་པོ་ཀུན་འདུལ། ལྷ་བོན་ཆེས་(ཚེས་)པ་གནམ་འདུལ། རྒྱལ་པོ་སྲིན་བཙན་གྱི་དཔོན་གསས་ནི། སྟག་སྒྲ་དགེ་བཤེས་(གེ་ཤག་)། ལྷ་བོན་ཡི་ཟ་ཁོང་གྲགས་(ཡ་ཟི་ཁོད་གྲགས་)། རྒྱ་ཝེར་ལི་ལོང་(ལོད་)བཙན་གྱི་དཔོན་གསས་ནི། སྟོང་སྒྲ་ཀུན་འདུལ། ལྷ་བོན་ཅོའུ་འོད་དཀར། ཁྲི་ཐོག་རྗེ་ཐོག་བཙན་གྱི་རིང་ལ། དཔོན་གསས་ལྗང་ཚ་འཕན་སྣང་། ལྷ་བོན་ཐ་ཚ་ཁོག་འཕར།’’[24]ཞེས་སོགས་ཀྱིས་རྒྱལ་པོ་རེའི་སྐབས་སུ་‘‘ལྷ་བོན་’’སྟོན་མཁན་བོན་གཤེན་རེ་ཡོད་པར་འཁོད་པས་སོ། །ཁྲི་སྲོང་གི་སྐབས་སུ་རྒྱལ་བློན་དང་བན་དེའི་དབང་བསྒྱུར་འོག་བོན་དང་བོན་གཤེན་རྣམས་ལ་སྔར་གྲི་གུམ་སྐབས་ལས་ཀྱང་ཉམས་ཉེས་ཛ་དྲག་ཅིང་ཁས་དམན་པར་སོང་ནའང་‘‘ལྷ་བོན་’’ཡང་མ་བསྣུབས་པར་སྔར་མུས་ལྟར་གཙིགས་ཆེར་བཟུངས་ཡོད་པར་གསལ་ཏེ། <<གཡུང་དྲུང་བོན་གྱི་རྒྱུད་འབུམ་>>ལས། ཁྲི་སྲོང་གི་སྐབས་སུ་འཁོད་པའི་གནས་ཚུལ་ཞིག་ན་‘‘བཅོ་གྱིམ་བུའི་བུ་རྒྱུད་རྣམས་ནི་རྗེའི་ལྷ་བོན་ལ་ཞོག་ཟེར་ནས། སྣང་གཤེན་སྐོར་ཅིག་མ་སྣུབས་པ་ལགས་སོ།’’[25]། ཞེས་བྱུང་བས་སོ། །ཆོས་ཀྱི་གཟུ་བོར་སྨྲ་བའི་མཁས་པའི་ཁྲོད་ནས་རོང་སྟོན་ཆེན་པོས་ཀྱང་‘‘གཡུང་དྲུང་བོན་གྱི་བསྟན་པ་ཐབས་ཀྱིས་བཤིགས། བོན་རྣམས་ཆོས་སུ་བསྒྱུར། དེ་དུས་ཆོས་རང་གི་བསྟན་པ་ཆེར་མེད་པས་ཚུགས་མི་ཚུགས་ལ་རག་ལས་པས། ལས་དགེ་སྡིག་ལ་མ་འཛེམས་ནས་སྙིང་ཁམས་བསྐྱེད་པས། རྒྱལ་བློན་རྣམས་ཀྱིས་མགོ་གཡོགས་ཐུབ་ནས་བསྟན་པ་བསྣུབས་པ་ཡིན་ནོ། །ཡིན་ཡང་མི་མ་ཡིན་མགོ་གཡོགས་མ་ཐུབ་ནས་མི་དགེ་བ་སྣ་ཚོགས་བྱུང་། ཆོས་ཀྱི་བསྟན་པ་གསར་ཡང་མ་ཕན་པས་རྒྱུའི་བོན་བཞི་མ་བསྣུབས་པར་བཞག’’[26] ཅེས་ཀྱང་གསུངས་པ་ལ་བརྟག་ན་‘‘ལྷ་བོན་’’ལས་སོགས་རྒྱུའི་བོན་བཞིས་སྔོན་གྱི་རྒྱལ་བློན་ལས་སོགས་འགྲོ་བ་མི་གཙོས་པའི་འཚོ་བའི་ཁྲོད་དུ་ནད་ཆོད་གདོན་འདུལ་ལས་སོགས་ཕན་བདེ་བསྐྱེད་ཅིང་འགལ་རྐྱེན་སེལ་བར་ཕན་ཐོགས་ལྷག་པར་བྱུང་བའི་སྐོར་བརྗོད་པ་དེ་དག་གིས་ཀྱང་ཤེས་ནུས་པ་ཞིག་རེད་ཨང་། ཡང་གོང་དུ་དྲངས་ཟིན་པའི་<<དཔྱད་རྩོམ་>>ན་འཁོད་དོན་<<སྒྲ་འགྲེལ་>>གྱི་‘‘བཤོས་ཀྱི་ལྷ་བོན་’’དང་‘‘གྲོངས་ཀྱི་འདུར་བོན་’’གཉིས་ལ་‘‘རྒྱུ་བོན་ལོག་པའམ་བོན་ཕྱི་པ་’’ཡིན་པར་བཤད་པ་ཁྱོད་ཀྱིས་འདོད་པ་ནང་འགལ་དུ་ཐལ་ཏེ། བོན་དེ་གཉིས་ཀྱང་སྟོན་པ་གཤེན་རབ་མི་བོའི་བསམ་བློའི་སྒྲིག་འོག་ཏུ་ཚུད་པར་བཤད་པའི་གཡུང་དྲུང་གི་བོན་ཡིན་པའི་ཕྱིར་ཏེ། བོན་འདི་གཉིས་དང་འབྲི་གུང་པའི་བརྡོལ་བོན་ཡར་རྒན་གྱི་ལྷ་མཆོད་པ་དང་མར་འདྲེ་སྲི་གནོན་པ་གཉིས་བཅས་ཕན་ཚུན་རིམ་པས་གནད་གཅིག་པ་ཁྱོད་ཀྱི་ཞེ་འདོད་གཞིར་བྱས། དེ་ལྟར་ན་འབྲི་གུང་པའི་བརྡོལ་བོན་རྒན་མཆོད་སྲི་གནོན་གཉིས་པོ་དེ་ཡང་དང་ཐོག་ནས་གཤེན་རབ་མི་བོའི་བསམ་བློའི་བཅོས་སྒྲིག་ཏུ་ཚུད་དགོས་པར་ཐལ་ཏེ། དེ་དག་གཤེན་རབ་མི་བོའི་བརྡོལ་བོན་ཡིན་པར་ཡང་ཁྱོད་ཀྱིས་ལོ་རྒྱུས་ཁུངས་སྨྲ་གཙིགས་ཆེར་འཛིན་པའི་འབྲི་གུང་པས་བཤད་པས་སོ།[27]།གལ་ཏེ་ཡང་དེ་དག་གཤེན་རབ་མི་བོས་མ་གསུངས་ཟེར་ན་དེ་རྣམས་ལ་གཤེན་རབ་མི་བོའི་བརྡོལ་བོན་ཟེར་བ་དེ་ཡང་ལོ་རྒྱུས་ཁུངས་ལྡན་དུ་རློམ་པ་མི་རིགས་ཏེ་རྫུན་ཁུངས་དེད་པས་མི་རྙེད་ཅིང་གཞི་མེད་དབྱིངས་སུ་བརླག་པའི་ཕྱིར་རོ། །

ཡང་<<མཛོད་སྒྲ་འགྲེལ་>>ནང་གསལ་བ་ལྟར། བཤོས་ཀྱི་ལྷ་བོན་དང་།  གྲོངས་ཀྱི་འདུར་བོན་དང་། ཡང་དག་པའི་སེམས་དོན་གསུམ་ལ། <<རྩོམ་ཡིག་>>དེར། ‘‘བོན་གྱི་རིམ་པ་འདི་གསུམ་གྱི་ནང་དོན་ནི་སངས་རྒྱས་ཆོས་ལུགས་པའི་ལོ་རྒྱུས་དཔེ་ཆའི་ཁྲོད་དུ་བྱུང་བའི་ལྷ་བོན་སོགས་ཀྱི་ནང་དོན་ལ་ཞིབ་བསྡུར་བརྒྱུད་ནས་དཔྱད་ཞིབ་བྱས་ན་བྱུང་རིམ་གྱི་དུས་ཚོད་སོགས་ནི་<<ཐུའུ་བཀྭན་གྲུབ་མཐའ་>>ཡི་བོན་གྱི་འཕེལ་རིམ་ཁག་གསུམ་གྱི་ལྟ་ཚུལ་དང་མཐུན་པ་མ་ཟད། སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་དཔེ་ཆ་གཞན་གྱི་དགོངས་པར་ཡང་རྦད་དེ་མཐུན་གྱི་ཡོད་ལ།’’[28]ཞེས་བཀོད་ཡོད། འོན་ཀྱང་། བཤད་ཚུལ་དེ་དག་ཀྱང་ཞིབ་པར་མ་བརྟག་པའི་གཏམ་ཞིག་སྣང་སྟེ། <<མཛོད་སྒྲ་འགྲེལ་>>ལས་གསལ་བའི་‘‘ལྷ་བོན་’’ལས་སོགས་བོན་གྱི་གྲངས་འདྲེན་གསུམ་དེ་ནི་ཆོས་འབྱུང་ལོ་རྒྱུས་ཁག་གི་བཤད་ཚུལ་ལྟར་‘‘རྒྱུ་བོན་ལོག་པའམ་བོན་ཕྱི་པ་’’ཟེར་བ་དང་‘‘བརྡོལ་འཁྱར་བསྒྱུར་’’གསུམ་དུ་བཤད་པ་རྣམས་དང་བྱུང་བའི་དུས་ཚོད་མི་མཐུན་ཏེ། <<སྒྲ་འགྲེལ་>>ལྟར་གྱི་‘‘ལྷ་བོན་’’ནི་གྲི་གུམ་ཡན་ཆོད་དུ་དར་ཞིང་དེའི་རྗེས་ནས་ནུབ་པར་འདོད་པ་དང་། ‘‘འདུར་བོན་’’དེ་ཡང་གྲི་གུམ་ཡན་ཆོད་དམ་དེའི་རིང་དུ་དར་བར་བཤད་པ་གཞིར་བྱས། <<ཆོས་འབྱུང་ལོ་རྒྱུས་>>ཁག་ཏུ་‘‘རྒྱུ་བོན་ལོག་པའམ་བོན་ཕྱི་པ་’’ཟེར་བ་དེ་སྲོང་བཙན་གཤེགས་ནས་ལོ་ཉི་ཤུའི་ནང་དུ་གཞི་ནས་དར་ཚུལ་ཆོས་ཀྱི་ཡིག་ཚང་གྲགས་ཆེ་བ་ཁག་ཏུ་གསལ་བར་བཤད་པའི་ཕྱིར་རོ།[29]

ཡང་<<སྒྲ་འགྲེལ་>>དུ་[30]བཤད་པའི་‘‘ཡང་དག་པའི་སེམས་དོན་’’དེ་ནི་སྤུ་ལྡེའི་སྐབས་ཞང་ཞུང་ནས་བསྒྱུར་བའི་མི་བསླུ་བའི་གཡུང་དྲུང་གི་བོན་ཡིན་པར་བཤད་པ་གཞིར་བྱས། <<ཆོས་འབྱུང་>>ཁག་ཏུ་[31]བསྒྱུར་བོན་དང་པོ་བཤད་པ་དེ་ནི་ཆོས་ལོག་བོན་དང་འདྲེས་པ་ཟེར་བས་མདོར་ན་བོན་ལོག་པ་ཞིག་བཤད་འདུག་ན། དེས་ན་དེ་གཉིས་ནང་དོན་མི་མཐུན་པ་ཕན་ཚུན་འགལ་ཟླ་སྟེ་ཡང་དག་དང་ལོག་པ་སོ་སོར་སོང་བས་སོ། །དེ་ལྟར་ན་ཕྱི་མའི་ཁུངས་སྔ་མ་ཡིན་པར་རློམ་ཞིང་བཤད་པ་[32]དེ་ནི་རག་གན་ཁུངས་གསེར་ཡིན་པར་སྨྲ་བ་དང་ཅིས་མི་མཚུངས་ཨང་། དེ་གཉིས་དུས་ཀྱང་མི་མཐུན་ཏེ། སྔ་མ་ནི་ཁྱོད་ཀྱི་འདོད་པ་ལྟར་ན་སྤུ་ལྡེའི་སྐབས་ཡིན་པ་གཞིར་བྱས། ཕྱི་མ་ཤམ་ཐབས་སྔོན་པོ་ཅན་དེའི་ལོ་རྒྱུས་ནི་རྒྱལ་པོ་གླང་དར་གྱི་རྗེས་ལ་བཀའ་གདམས་པའི་སྐབས་སུ་བྱུང་བ་ཡིན་པར་བོན་[33]བན་[34]གྱི་མཁས་པ་རྣམས་ཀྱིས་གྲགས་པའི་ཕྱིར་རོ། །

ཡང་<<རྩོམ་ཡིག་>>དེར།[35]སེམས་བོན་དང་གཡུང་དྲུང་བོན་གཉིས་གོ་དོན་གཅིག་པར་བཤད་ཀྱང་སྐབས་འདིར་དེ་ནི་གཙོ་གནད་མ་ཡིན་པས་བཏང་སྙོམས་སུ་བོར་ལ་གང་ལྟར་ཡང་སྤུ་ལྡེའི་སྐབས་སུ་སེམས་བོན་དང་གཡུང་དྲུང་བོན་བསྐྱར་དུ་དར་བར་བཤད་ན་སྐྱོན་མེད་ཀྱང་གསར་དུ་དར་བའི་དོན་ཡིན་ན་དེའང་མི་འཐད་པ་སྟེ། འོག་ནས་འཆད་འགྱུར་ཆོས་ཀྱི་<<བཀའ་ཐང་>>གི་ལུང་གིས་གནོད་པར་འགྱུར་རོ། །

<<མཛོད་སྒྲ་འགྲེལ་>>ལས་གསལ་བའི་བོན་གྱི་རིགས་ཚན་གསུམ་པོ་དེ་དག་གི་སྐོར་རོབ་ཙམ་གླེང་ན། ‘‘ལྷ་བོན་’’ཞེས་པ་དེ་ལ་ཡང་ནང་གསེས་‘‘ལྷ་བོན་སྒོ་བཞི་’’ཞེས་གོང་དུ་རྣམ་གྲངས་བཞི་རུ་བགྲངས་ཡོད་པ་ལྟར། <<མཛོད་སྒྲ་འགྲེལ་>>རང་ལས་ཀྱང་དེ་བཞིན་གསལ།[36]དེ་ལ་ཡང་མཚན་གཞན་‘‘བོན་སྒོ་བཞི་’’[37]འམ་‘‘གྱེར་སྒོ་བཞི་’’ཞེས་བཤད་ཡོད། དེ་ཡང་<<མཛོད་སྒྲ་འགྲེལ་>>གྱི་མཛད་པོ་དྲན་པ་ནམ་མཁས་མཛད་པའི་<<བྱང་སེམས་གབ་པ་དགུ་སྐོར་གྱི་དགོངས་པ་བཀྲོལ་བའི་འགྲེལ་བཞི་རིག་པའི་རྒྱ་མཚོ་>>ལས། ‘‘གཉིས་པ་སྣང་གཤེན་ལ་འཇུག་པའི་སྒོ་ནི། གྱེར་སྒོ་བཞི་སྐད་གཅོང་དགུ་གཏང་རག་བཞི་བཅུ་རྩ་གཉིས་ཀྱི་སྒོ་ནས་འཇུག་སྟེ། གྱེར་སྒོ་བཞི་ནི། ལྷ་གསས་མཆོད་པའི་སྒོ་དང་། སེལ་དང་ཁྲུས་ཀྱི་སྒོ་དང་། ཐར་དང་གླུད་ཀྱི་སྒོ་དང་། ཕྱྭ་གཡང་གཉན་གྱི་སྒོའོ།’’[38]ཞེས་གསུངས་སོ། ། དེ་དག་ནི་སྔར་སྟོན་པ་གཤེན་རབ་མི་བོས་ཞང་བོད་ཀྱི་ལྗོངས་སུ་བསྟན་པའི་གཞི་མ་སྣང་སྲིད་ཞི་བདེའི་ཆེད་དུ་གཏན་ལ་ཕབ་མཛད་པའི་རྒྱུ་ཡི་བོན་སྐོར་ལས་ཕྱྭ་སྣང་འཕྲུལ་སྲིད་བཞི་ཡི་ནང་ཚན་‘‘སྣང་གཤེན་གྱི་བོན་སྒོ་བཞི་’’ཞེས་སུ་གྲགས་པ་དེ་ཡིན་པར་ཡང་གོང་དུ་དྲངས་པ་<<གཡུང་དྲུང་བོན་གྱི་རྒྱུད་འབུམ་>>ལས། ‘‘རྗེའི་ལྷ་བོན་ལ་ཞོག་ཟེར་ནས། སྣང་གཤེན་སྐོར་ཅིག་མ་སྣུབས་པ་ལགས་སོ།’’ཞེས་གསལ་བས་ཤེས་སོ། །སྐྱབས་སྟོན་གྱི་<<ཁྲོ་འགྲེལ་>>ནང་དུའང་དེ་བཞིན་བཤད་ལ།[39]ནང་དོན་རྒྱས་པར་<<མདོ་དྲི་མེད་གཟི་བརྗིད་>>སོགས་ལས་གསལ་ཡོད།[40] བོན་སྒོ་འདི་རྣམས་ཀྱང་སྔ་དུས་སུ་བོད་རྒྱལ་འགའ་ཞིག་གིས་བོན་བསྟན་བསྣུབས་སྐབས་སུ་རྒྱལ་པོ་རང་ཉིད་ཀྱི་སྐུ་སྲུང་གི་ཐབས་སུ་མ་བསྣུབས་པར་སྤྱད་ཅིང་སྔར་བཞིན་དར་བར་བྱས་པ་གོང་དུ་བཀོད་པ་བཞིན་ནོ། ། གཉིས་པ་‘‘གྲོངས་ཀྱི་འདུར་བོན་’’ཞེས་པ་ཡང་གོང་བཞིན་རྒྱུ་ཡི་བོན་སྐོར་ལས་ཕྱྭ་སྣང་འཕྲུལ་སྲིད་བཞི་ཡི་ནང་ཚན་སྲིད་གཤེན་གྱི་བོན་ཡིན་པས་དེ་ཡང་<<འགྲེལ་བཞི་རིག་པའི་རྒྱ་མཚོ་>>ལས། ‘‘བཞི་པ་སྲིད་གཤེན་འཇུག་པའི་སྒོ་ནི། ཤི་ཐབས་བརྒྱད་ཅུ་རྩ་གཅིགའདུར་སྒོ་བཞི། འདུར་ཐབས་སུམ་བརྒྱ་དྲུག་ཅུའི་སྒོ་ནས་འཇུག དེ་ལས་ཤི་ཐབས་བརྒྱད་ཅུ་རྩ་གཅིག་ནི། ཚ་གྲང་གི་སྒོ་ནས་ནད་ཀྱིས་འཆི་བ་ཉི་ཤུའི་ཆ། གདོན་བགེགས་ཀྱི་སྒོ་ནས་གློ་བུར་དུ་འཆི་བ་ཉི་ཤུའི་ཆ། འཐབ་རྩོད་ཀྱི་སྒོ་ནས་མཚོན་ཆས་འཆི་བ་ཉི་ཤུའི་ཆ།འབྱུང་བའི་སྒོ་ནས་རྐྱེན་གྱིས་འཆི་བ་ཉི་ཤུའི་ཆ། ཚེ་ཟད་ལས་ཀྱིས་འཆི་བ་གཅིག་གི་ཆ་སྟེ། བརྒྱད་ཅུ་རྩ་གཅིག་གོ། དེ་རྣམས་ཀྱང་འདུར་སྒོ་བཞིར་འདུས་ཏེ། བཞི་གང་ཞེ་ན། བཀྲ་དང་བཀྲེའུ་གཉིས། གྲི་དང་མཚུན་གཉིས་ཏེ་བཞིའོ། །དེ་ལ་འདུར་ཐབས་སུམ་བརྒྱ་དྲུག་ཅུ་འབྱུང་སྟེ། ཤི་རབས་དང་ཆོ་འབྲང་ལ་མི་འདྲ་བ་བརྒྱ་ཉི་ཤུ། དེ་འདུར་བའི་ཁོག་པ་ལ་མི་འདྲ་བ་བརྒྱ་ཉི་ཤུ། འདུར་འཁོར་དེ་ལས་བྱུང་བའི་འདུར་བོན་མི་འདྲ་བ་བརྒྱ་ཉི་ཤུའོ། །དེ་རྣམས་མ་ནོར་བའི་སྒོ་ནས་འཇུག་པའོ། །སྤྱོད་པའི་ལས་ནི། བྱམས་ཤིང་གདུང་པའི་ཐུགས་རྗེ་མ་དང་འདྲ་བས།ཚེ་འདས་དེ་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་པ་ལ།འདྲེན་པའི་ཐབས་ལ་མཁས་པར་བྱ་བ་ནི། སྣང་ཡུལ་གསོན་པོ་དང༌། མི་སྣང་བའི་ཡུལ་གཤིན་པོའི་མཚམས་ནས་བདེན་པའི་བརྡ་དོན་སྦྱོར་ཞིང༌། ལན་ཆགས་དང་གླུད་ཀྱི་གཏོར་མ་ཕུལ་ནས་སྦྱོང་བ་ནི། སྤྱོད་པའི་ལས་སོ།།རྟོགས་པའི་ལྟ་བ་ནི། དཔེར་ན་རྨི་ལམ་དང་འདྲ་སྟེ། གཉིད་ལོག་པའི་དུས་ན་ལུས་མལ་ནས་མ་འགུལ་ཀྱང༌། ཡིད་སེམས་ཡུལ་ལས་འཕྲོས་ཏེ། བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་ལ། གཉིད་སད་པའི་དུས་སུ་གང་ཡང་གྲུབ་པ་མེད་པར་བཞིན་དུ། ཚེ་འདས་ལུས་སེམས་བྲལ་ནས། ལུས་བེམ་པོ་བོར་ཀྱང་བླ་ཡིད་སེམས་དང་གསུམ། འཁོར་བར་འཁྱམས་ཤིང་སྡུག་བསྔལ་ཉམས་སུ་མྱོང༌། དེ་ཡང་བླ་ཡིད་སེམས་དང་གསུམ་ནི། ཀུན་གཞི་ལ་བག་ཆགས་བསགས་པས་བླ། དེའི་རྗེས་སུ་འབྲེལ་པས་སེམས། དེ་ལ་བདེ་སྡུག་སྣ་ཚོགས་རྒྱུ་བས་ཡིད། དེ་བསྐལ་སྲིད་གཤོག་དང་གསུམ་གྱིས་འབྱོངས་པར་འདོད་པ་ནི་ལྟ་བའི་ཕུགས་སོ།’’།ཞེས་པ་འདིས་འདུར་བོན་གྱི་ནང་གསེས་རྣམ་གྲངས་དང་ལྟ་སྤྱོད་ཀྱི་སྤྱི་ཁོག་ཙམ་བསྟན་འདུག་པས་རྨོངས་པའམ་ལོག་པར་རྟོག་པ་འགའ་ལ་གོ་བློ་ཕྱོགས་ཙམ་བསྐྱེད་སྲིད་དོ།[41]།འདི་ལ་ཡང་བན་དེའི་<<ཆོས་འབྱུང་>>ཁག་གཅིག་ཏུ་སེམས་ཅན་མང་པོའི་སྲོག་བཅད་ནས་མཆོད་འབུལ་ལས་སོགས་བྱེད་པའི་སྡིག་སྤྱོད་ཡ་ང་བ་ལྟ་བུར་བཤད་ཚུལ་སྣང་ནའང་།[42]  སྤྱིར་གཤེན་རབ་མི་བོས་གསུངས་པའི་བོན་གང་ལ་ཡང་སྐྱབས་སེམས་ཀྱི་གཞི་དང་མ་འབྲེལ་བ་ཞིག་མེད་ལ། བྱེ་བྲག་ཏུ་རྒྱུའི་བོན་ལྟ་བུ་ལ་མཚོན་ན། <<སྣང་གཤེན་གྱི་བོན་གཏན་ལ་ཕབ་པའི་མདོ་>>ལས། ‘‘སྤྱིར་ཡང་སྣང་གཤེན་ཐེག་པའི་བོན། །འགྲོ་ལ་ཕན་བདེ་བསོད་པའི་ཆ། །སྣང་སྲིད་དགེ་བར་འཕེལ་བའི་ཐབས། །སེམས་བསྐྱེད་གཞི་མ་ལྡན་པ་གཅེས། །སེམས་བསྐྱེད་གཞི་མ་མ་ལྡན་ཞིང་། །ལོག་པར་གོལ་བའི་ཚོགས་རྣམས་སྤང་།’’[43] ཞེས་སོགས་གསུངས་པས་ཤེས་ལ། ཡང་ཇི་སྐད་དུ། ‘‘རྒྱུ་ཡི་བོན་ལ་སྡིག་མ་འདྲེས། སྡིག་འདྲེས་མཆོད་པ་ལྷ་མི་མཉེས།’’ཞེས་གསུངས་པས་སོ། །གོང་དུ་དྲངས་པ་ལྟར། ‘‘འདུར་བོན་’’འདིའི་སྤྱོད་པ་བསྟན་པའི་སྐབས་སུ། ‘‘སྤྱོད་པའི་ལས་ནི། བྱམས་ཤིང་གདུང་བའི་ཐུགས་རྗེ་མ་དང་འདྲ་བས། ཚེ་འདས་དེ་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་པ་ལ། འདྲེན་པའི་ཐབས་ལ་མཁས་པར་བྱ་བ་ནི། སྣང་ཡུལ་གསོན་པོ་དང་། མི་སྣང་བའི་ཡུལ་གཤིན་པོའི་མཚམས་ནས་བདེན་པའི་བརྡ་སྦྱོར་ཞིང་། ལན་ཆགས་དང་གླུད་ཀྱི་གཏོར་མ་ཕུལ་ནས་སྦྱོང་བ་ནི། སྤྱོད་པའི་ལས་སོ།’’།ཞེས་སོགས་བསྟན་པ་ལྟར་ཀུན་སློང་བྱམས་སྙིང་དང་འབྲེལ་བའི་ལས་སྤྱོད་རྣམ་པར་དག་པའི་ཚུལ་འདི་ལྟར་སྣང་ནའང་<<ཆོས་འབྱུང་>>རྣམས་སུ་སྣང་ཚུལ་འདི་ལས་ལྡོག་སྟེ་ངན་སྨྲས་ཀྱིས་སྡིག་སྤྱོད་སྣ་ཚོགས་སུ་བྱེད་པར་བཤད་པ་དེ་ནི། ‘‘འདུར་བོན་’’འདི་ལ་སྒྲོ་བཏགས་ཀྱིས་གང་བྱུང་དུ་བྱས་པའི་བཤད་ཡམས་ཤིག་ཡིན་པར་ཤེས་སླའོ། །འོན་ཀྱང་། རོང་སྟོན་ཤེས་བྱ་ཀུན་རིག་པས་བན་དེའི་བཤད་ཚུལ་དེ་རིགས་ལས་ལྡོག་ནས་གསུངས་ཡོད་དེ། <<བོན་ཆོས་རྣམ་འབྱེད་སྣང་གསལ་རིག་པའི་མེ་ལོང་>>ལས། ‘‘འདུར་གཤེན་པས་ཤི་བ་བླ་གཤེད་དང་ཕྲལ་ནས་ཐར་པ་ཐོབ་པར་བྱེད་པ་འབྲས་བུའོ།’’[44] །ཞེས་འདུར་བོན་གྱི་བྱེད་ལས་དང་དེའི་འབྲས་བུ་ནི་གཙོ་བོར་ཕྱི་མར་ཕན་བྱེད་དང་ཐར་པའི་བདེ་འབྲས་ཡིན་པར་གསུངས་པས་སོ། །

གསུམ་པ་<<སྒྲ་འགྲེལ་>>ལས་གསལ་བའི་‘‘ཡང་དག་པའི་སེམས་དོན་’’ཞེས་པ་དེ་ཡང་སྤྱིར་མདོ་སྔགས་སེམས་གསུམ་བཤད་པའི་སྐབས་སུ་སེམས་སྡེའམ་སེམས་ཕྱོགས་ཞེས་པ་ནི། རྫོགས་པ་ཆེན་པོའི་བོན་ལ་གོ་བ་ཡིན་མོད། དེ་བཞིན་འདིར་‘‘ཡང་དག་པའི་སེམས་བོན་’’ཞེས་གསུངས་པ་ནི། རྫོགས་ཆེན་ཁོ་ན་ལ་གོ་བ་ཡིན་མིན་བརྟག་དགོས་པར་སྙམ། རྒྱུ་མཚན་ནི། སྔར་བོད་ཡུལ་དུ་རྒྱལ་པོ་གནམ་གྱི་ཁྲི་བདུན་དང་བར་གྱི་ལྡིང་གཉིས་ཀྱི་རིང་དུ་བོན་བསྟན་དར་ནུབ་ལན་འགར་བྱུང་བའི་སྐབས་རྣམས་སུ་སྔགས་སེམས་གཉིས་ཀའི་བོན་མཉམ་དུ་དར་མྱོང་ལ་མཉམ་དུ་ཡང་བསྣུབས་པར་ཆོས་ཀྱི་<<བློན་པོའི་བཀའ་ཐང་>>སོགས་ན་གསལ་ཡོད་དེ།

‘‘དྲང་སྲོང་འདུལ་ཁྲིམས་སྒྲོག་པའི་བསྟན་པ་ནི།
ཐེག་དྲུག་གཡུང་དྲུང་ཚེ་ཡི་རྒྱལ་པོས་བཙུགས།
ཨ་དཀར་བསྟན་པ་གསང་བ་འདུས་པས་བཙུགས།
ཡེ་གཤེན་བསྟན་པ་གཡུང་དྲུང་ཡེ་དབང་རྒྱལ་པོས་བཙུགས།
ཐེག་དགུ་ཁྱད་པར་ཆེན་པོ་སེམས་ཀྱི་བོན།
གཤེན་པོ་ཚད་མེད་འོད་ལྡན་བསྟན་པ་བཙུགས།
མ་གུ་གཤེན་པོ་ཚད་མེད་འོད་ལྡན་གྱིས།
ནམ་མཁའི་དབྱིངས་སུ་དཀའ་བ་སྤྱོད་ཅིང་སྒོམ།
ཡབ་ཡུམ་འཁོར་བཅས་ཕུང་པོ་ལྷག་མེད་སོང་།
དེ་ནས་བོན་པོ་འཕྲུལ་གཤེན་སྣང་ལྡན་གྱིས།
རི་རབ་ཟོམ་ལ་དཀའ་བ་སྤྱོད་ཅིང་སྒོམ།
ཡབ་ཡུམ་འཁོར་བཅས་ཕུང་པོ་ལྷག་མེད་སོང་།
རྒྱལ་པོ་གྲི་གུམ་བཙན་པོའི་རིང་ལ་ནུབ། རྒྱལ་པོའི་ཆབ་སྲིད་དེ་ནས་ཉམས་པ་ལགས།’’[45]  ཞེས་པས་བོད་ཡུལ་དུ་སྔགས་སེམས་གཉིས་ཀྱི་བོན་བསྟན་གྲི་གུམ་ཡན་ཆོད་དུ་དར་ཞིང་རྒྱས་ལ་དེའི་སྐབས་སུ་བསྣུབས་པར་གསལ་ཡོད་ཅིང་། བོན་གྱི་ལོ་རྒྱུས་ཡིག་ཚང་རྣམས་ལ་ཡང་དེ་བཞིན་དུ་ཡོངས་གྲགས་སུ་བཤད་པས་སོ། །སྐབས་དེར་རྫོགས་ཆེན་དར་ཡོད་པས་དེ་རང་ལ་གོ་ཆོག་སྙམ་སྲིད་མོད། འོན་ཀྱང་། ་ང་ཚོས་རང་རང་གི་ས་ནས་རང་ཉིད་ཀྱི་གོ་བློ་ཉི་ཚེ་བས་ཚོད་དཔག་ཙམ་མ་ཡིན་པ་སྔོན་གྱི་མཁས་པས་བརྡ་མཛད་ཚུལ་དང་མིང་དོན་འཇུག་ཚུལ་གྱི་བྱུང་བ་དངོས་ལ་བལྟས་ཚེ་གསང་སྔགས་ལ་ཡང་སེམས་བོན་གོ་བ་ཡོད་དེ། <<རྩ་རྒྱུད་བསེན་ཐུབ་>>ཀྱིས་མཚོན་པའི་གསང་སྔགས་ཀྱི་བོན་ལ་ནང་སེམས་བསྒྲུབ་ཀྱི་མན་ངག་འབྲིང་པོའི་སྐོར་ཡིན་པར་བཤད་ཡོད་པས་སོ།[46]

དེ་ལྟར་བན་ཤུལ་བ་དཔལ་མཁར་རྒྱལ་ཟེར་བ་ཞིག་གིས་<<མཛོད་སྒྲ་འགྲེལ་>>ནང་འཁོད་བོན་གྱི་རིགས་ཚན་གསུམ་པོ་འདི་དག་ནི། འབྲི་གུང་པས་བོན་ལ་‘‘བརྡོལ་འཁྱར་བསྒྱུར་’’གསུམ་བཤད་པའི་ཁུངས་ཡིན་པར་གླེང་བའི་<<རྩོམ་ཡིག་>>ཅིག་འདི་ག་<<བོན་སྒོ་>>ལོ་དེབ་ཏུ་བཀོད་པ་ཁོ་བོས་སློབ་ཞོར་བར་གསེང་འགར་བཀླགས་པ་ཡིན་པས་ནང་དོན་བཤད་ཚུལ་གང་མང་ཞིག་ལ་འགའ་འདུ་བྱུང་བ་དང་ད་རུང་རྩ་བའི་བརྗོད་གཞིའི་ཐ་སྙད་ཀྱི་བརྡ་དོན་འགའ་ལ་གོ་བློ་གཤའ་མ་ཡེ་ནས་མེད་ཀྱང་རང་དགར་ཕོད་ཚོད་ཀྱིས་ལོག་བཤད་བྱས་རིགས་ལ་ངོ་སྤྲོད་གསལ་བཤད་ཙམ་དུ་སྤེལ་བའོ། །

སྤྱིར་འབྲི་གུང་པས་བོན་ལ་ངན་བཤད་བྱས་པའི་‘‘བརྡོལ་འཁྱར་བསྒྱུར་’’གསུམ་གྱི་སྐོར་ལ་བན་བོན་གཉིས་ཀྱི་ལོ་རྒྱུས་དང་གཞུང་ལུགས་ཀྱི་དོན་ལ་བློ་གྲོས་ཀྱི་འོད་སྣང་ཕྱོགས་མེད་དུ་འཚེར་ཅིང་བརྟས་པའི་དབྲ་སྟོན་པཎྚི་ཏ་ཡིས་དཔྱད་ཞིབ་ནན་པོར་གནང་ནས་བདེན་རྫུན་གང་ཡིན་གསལ་སྟོན་ལེགས་པོར་མཛད་པ་ཁོང་གི་བཀའ་རྩོམ་<<འཕྲུལ་ངག་གཡུང་དྲུང་བོན་གྱི་དེ་ཉིད་རྣམ་པར་ངེས་པ་ལུང་བཞིན་འདོམས་པའི་རྔ་ཆེན་>>ཞེས་པར་[47]བསྟན་པའི་བྱུང་ཁུངས་ལ་རྩོད་པ་སྤོང་བའི་སྐབས་ན་མཇལ་དུ་འདུག་ཅིང་དེ་ཡིས་མི་ཆོག་པ་མི་འདུག་པས་སླར་ཡང་དེ་དག་གི་སྐོར་ལ་འབྲི་རྩོམ་འཇུག་པའི་ངལ་བ་མི་དགོས་སྙམ་པ་དང་བཅས་རེ་ཞིག་མཇུག་བསྡུས་སོ། །

[1]<<བོན་སྒོ་>>བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ། བོན་སྒོ་རྩོམ་སྒྲིག་ཁང་། སྤྱིའི་འདོན་ཐེངས་(༢༡) ཤོག་ངོས་(༡༩)ལས་གསལ། (༢༠༠༨)
[2]གོང་མཚུངས། <<བོན་སྒོ་>>ཤོག་ངོས་(༢༢)ལས་གསལ།
[3]<<ཐུའུ་བཀན་གྲུབ་མཐའ་>>ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ།(༡༧༣༧།༡༨༠༢) (༢༠༡༠)ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་(༤༢༡ནས་༤༢༤)ལས་གསལ།[4]གོང་མཚུངས།    <<ཐུའུ་བཀན་གྲུབ་མཐའ་>>ཤོག་ངོས་(༤༢༧ནས་༤༢༩)ལས་གསལ།
[5]<<མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན་>>བོན་གཤེན་རྣམས་ཀྱིས་བཀའ་བགྲོས་ནས་མཛད། (༢༠༡༥)སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ།དེབ་འཕྲེང་(༥༣) ཤོག་ངོས་(༡༣༠)ལས་གསལ།<<གསང་སྔགས་རྫོང་འཕྲང་དང་མན་ངག་གནད་ཀྱི་རྫོང་འཕྲང་རྫས་ལྔ་རིན་ཆེན་སྒྲོན་མ་བཅས་བཞུགས་>>ཞེས་པའི་དཔེ་དེབ་ཏུ་བསྡུས་ཡོད།[6]<<ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་>>བྲུ་རྒྱལ་བ་གཡུང་དྲུང་།(༡༢༤༢-༡༢༩༠)  (༢༠༡༠)སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ་ཅན།དེབ་འཕྲེང་། (༢༥) ཤོག་ངོས་(༡༢༥)ལས།
[7]གོང་མཚུངས། <<ཐུའུ་བཀན་གྲུབ་མཐའ་>>ཤོག་ངོས་(༤༣༡)ལས་གསལ།
[8]<<བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་>>བླ་ཆེན་དྲན་པ་ནམ་མཁའ།(༢༠༡༢)ཝར་ཎཱ་ནས་དགེ་བཤེས་རྣམ་དག་གཙུག་ཕུད་ཀྱིས་དཔར་བསྐྲུན་ཞུས། དེབ་གཟུགས་ཤོག་ངོས་(༡༣༦)ལས་གསལ།<<སྲིད་པའི་མཛོད་ཕུགས་དང་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་>>ཅེས་པའི་དཔེ་དེབ་ཏུ་བསྡུས་ཡོད།
[9]<<བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ་>>གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་རྩོམ་བསྒྲིགས་བྱས།  (༢༠༠༡) མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་(༡༠༡ནས་༡༠༢)བར་དུ་གསལ། དེ་ནི་གྲི་གུམ་བཙན་པོའི་ལོ་རྒྱུས་འཁོད་པའི་མགུར་གླུའི་གནའ་རྩོམ་དུམ་བུ་ཞིག་འདུག་པ་ལས་དྲངས་པའོ།།དེའི་མཆན་དུ་‘‘བཤོས་’’ནི་གསོན་པོའི་དོན་ཡིན་པ་དང་། ‘‘གྲང་མོ་གནམ་བསེའ་བརྩིགས་’’ནི་སྤུ་དེ་གུང་རྒྱལ་གྱི་མཚུན་མིང་ཞིག་ཡིན་པར་བཤད་དོ། ། ཡང་ཏུན་ཧོང་ཤོག་དྲིལ་<<སྲས་ཉ་ཁྱི་དང་ཤ་ཁྱིའི་སྐོར་གྱི་མ་ཡིག་ངོ་འདྲ་མ་>>ཞེས་པའི་ནང་དུའང་གོང་བཞིན་འཁོད་ཡོད་ལ། <<སྲས་ཉ་ཁྱི་དང་ཤ་ཁྱིའི་སྐོར་གྱི་མ་ཡིག་ངོ་འདྲ་གོ་བདེར་བྲིས་པ་>>ཞེས་པ་ལས། ‘‘དེ་ལྟར་ཐབ་རྡོ་འོག་ཏུ་བཙུགས་ནས། ཟངས་རྡོ་སྟེང་ནས་ཕབ་ཅེས་པའི་དཔེ་ལྟར་འབངས་ཀྱི་རྗེ་རུ་གཤེགས་སོ། །གཅེན་ཤ་ཁྱི་འཚོ་བཞུགས་སྐབས་ཀྱི་མཚན་ལ་ནི། སྤུ་དེ་གུང་རྒྱལ་ཞེས་ཞུ་ལ། དེ་འདས་གྲོངས་སོང་ནས་མཚན་ལ། གྲང་མོ་གནམ་གསེར་རྩིག་ཅེས་གྲགས་ཀྱང་། དེ་ལྟར་འགྲེང་འགྲོ་མི་ཡི་རྗེ་བོ་དང་། དུད་འགྲོ་རྔོག་ཆགས་སེམས་ཅན་དག་གི་བདག་རྐྱེན་དུ་གཤེགས་སོ།’’ །ཞེས་སོ། །
[10]<<གཡུང་དྲུང་བོན་གྱི་རྒྱུད་འབུམ་>>དྲན་པ་ནམ་མཁས་མཛད།དེབ་གཟུགས་ཤོག་ངོས་(༢༤༣)ལ་གསལ། (༢༠༡༣)གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ་ཅན།<<རྩ་རྒྱུད་ཉི་ཟེར་སྒྲོན་མ་དང་བསྒྲགས་པ་རིན་ཆེན་གླིང་གྲགས་ཀྱི་སྐོར་>>ཞེས་པའི་དེབ་འཕྲེང་(༤༢)པའི་ནང་དུ་བསྡུས་ཡོད།
[11]<<གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་>>བླ་ཆེན་དྲན་པ་ནམ་མཁའ། ཤོག་ངོས་(༣༠༡)ལས་གསལ།
(༢༠༡༣)སྨན་རིའི་གླིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། <<རྩ་རྒྱུད་ཉི་ཟེར་སྒྲོན་མ་དང་བསྒྲགས་པ་རིན་ཆེན་གླིང་གྲགས་>>ཞེས་པའི་དེབ་འཕྲེང་(༤༢)པའི་ནང་དུ་བསྡུས་ཡོད།
[12] གོང་མཚུངས། <<གཡུང་དྲུང་བོན་གྱི་རྒྱུད་འབུམ་>> ཤོག་ངོས་(༢༤༣)ལ་གསལ།
[13] གོང་མཚུངས། <<གཡུང་དྲུང་བོན་གྱི་རྒྱུད་འབུམ་>> ཤོག་ངོས་(༢༤༣)ལ་གསལ།
[14]གོང་མཚུངས། <<གཡུང་དྲུང་བོན་གྱི་རྒྱུད་འབུམ་>> ཤོག་ངོས་(༢༤༣)ལ་གསལ།
[15]<<སྔགས་ཀྱི་མདོ་འདུར་རིན་ཆེན་འཕྲེང་བ་མུ་ཆོའི་ཁྲོམ་འདུར་ཆེན་མོ་ལས་རིན་འཕྲེང་གཞུང་གི་ལེའུ་>>དཔེ་གཟུགས་ཤོག་ངོས་(༩)ལས་གསལ།<<སྔགས་ཀྱི་མདོ་འདུར་རིན་ཆེན་འཕྲེང་བ་མུ་ཆོའི་ཁྲོམ་འདུར་>>ཞེས་པའི་གསུང་པོད་དུ་བསྡུས་ཡོད།
[16]<<སྔགས་ཀྱི་མདོ་འདུར་རིན་ཆེན་འཕྲེང་བ་མུ་ཆོའི་ཁྲོམ་འདུར་ལས་སྲི་ཁུང་རྐོ་བ་>>དཔེ་གཟུགས་ཤོག་ངོས་(༥༢༥)ལས་གསལ།<<སྔགས་ཀྱི་མདོ་འདུར་རིན་ཆེན་འཕྲེང་བ་མུ་ཆོའི་ཁྲོམ་འདུར་>>ཞེས་པའི་གསུང་པོད་དུ་བསྡུས་ཡོད།
[17]གོང་མཚུངས། <<བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་>>ཤོག་ངོས་(༡༣༦)ལས་གསལ།
[18]<<བོན་ཆོས་རྣམ་འབྱེད་སྣང་གསལ་རིག་པའི་མེ་ལོང་>>རོང་སྟོན་ཤེས་བྱ་ཀུན་རིགདཔེ་གཟུགས་ཤོག་ངོས་(༣༤)ལས་གསལ།ཆབ་མདོ་ལྕགས་པར་བཟོ་སྒྲ་ནས་དཔར།
[19]གོང་མཚུངས།<<བོན་སྒོ་>>ཤོག་ངོས་(༢༤)ལས་གསལ།
[20]གོང་མཚུངས། <<བོན་ཆོས་རྣམ་འབྱེད་སྣང་གསལ་རིག་པའི་མེ་ལོང་>>ཤོག་ངོས་(༩༢)ལས་གསལ།
[21]གོང་མཚུངས། <<གཡུང་དྲུང་བོན་གྱི་རྒྱུད་འབུམ་>> ཤོག་ངོས་(༢༣༦ནས་༢༣༧)ལས་གསལ།
[22] འདིར་རྒྱལ་པོ་ས་ལ་ལེགས་དྲུག་སོགས་དང་འབྲེལ་བའི་<<བསྒྲགས་པ་གླིང་གྲགས་>>ཀྱི་ལུང་གི་ནང་དུ་དག་བཅོས་ཀྱི་ཚུལ་དུ་གུག་རྟགས་()འདི་ལྟར་བཞག་པ་རྣམས་ནི། ཡོངས་འཛིན་རིན་པོ་ཆེས་དག་བཅོས་གནང་མཛད་པ་ལྟར་བཀོད་པ་ཡིན། <<སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ་>>སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དགདེབ་གཟུགས་ཤོག་ངོས་(༡༡༢ནས་༡༡༦)བར་ན་གསལ།(༡༩༩༧) ལྡི་ལི་དཔལ་འབྱོར་དཔར་བསྐྲུན་ཁང་།
[23]ས་ལ་ལེགས་དྲུག་ལས་སོགས་རྒྱལ་པོ་དེ་དག་སྐབས་ན་‘‘ལྷ་བོན་’’ཞེས་མང་དུ་བརྗོད་པ་འདི་དག་ནི་རྒྱལ་པོའི་སྐུ་གཤེན་ལ་བརྗོད་པ་ལས་སྤྱད་བྱའི་བོན་‘‘ལྷ་བོན་’’དངོས་ལ་གསུངས་པ་མ་ཡིན། སྐུ་གཤེན་ལ་‘‘ལྷ་བོན་’’ཞེས་གསུངས་པའི་དོན་ནི་སྐུ་གཤེན་དེ་རྣམས་ཀྱང་བསྟན་བྱའི་‘‘ལྷ་བོན་’’སྟོན་མཁན་ཡིན་པས་ན་བོན་གྱི་སྒོ་ནས་བརྗོད་པ་ཞིག་ཡིན་པར་ཤེས་དགོས་པ་ཡིན་ནོ།།དེང་གི་དུས་སུ་བོན་སྟོན་མཁན་དང་དེ་ཉམས་སུ་ལེན་མཁན་རྣམས་ལ་‘‘བོན་པོ་’’ཞེས་གྲགས་པ་བཞིན་ནོ།།དེ་ལྟར་ཡིན་པས། བོད་རྒྱལ་རིམ་བྱོན་རྣམས་ཀྱི་སྐབས་སུ་‘‘དཔོན་གསས་’’དང་‘‘ལྷ་བོན་’’ཞེས་བྱུང་བ་དེ་དག་གི་དོན་ནི། གོང་མཚུངས། <<སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ་>>ཤོག་ངོས་(༡༡༣)ལས།   ‘‘དཔོན་གསས་ཞེས་པ་ནི་ཟབ་མོའི་གདམས་ངག་ཞུ་ཡུལ་གྱི་བླ་མ་དང་། ལྷ་བོན་ནི་སྲུང་མ་ལ་བསྐང་གསོལ་འཕྲིན་བཅོལ་བྱེད་པོ་ཡིན། ལྷ་བོན་ཞེས་པ་ནི་ད་ལྟ་གུང་ཕྲན་བོད་དུ་མ་བྱུང་བར་བོད་དབུས་གཙང་གི་ཡུལ་སྡེ་སྒེར་རྙིང་རྫོང་གཞིས་སོགས་ལ་ཡོད་བཞིན་པ་ལགས། དེ་རྣམས་ཀྱང་གྲོང་སྔགས་པ་བོན་སྐྱོང་ལྷ་སྲུང་གི་བསྐང་བ་སྣ་རེ་ཙམ་ཀློག་ཤེས་པ་ཙམ་གྱིས་ཆོག་ཤེས་བྱེད་པ་འདུག སྔར་དུས་སུ་ལྷ་བོན་མཚན་ཉིད་ཚང་བ་ཡོད་ནས་རིམ་བཞིན་ཉམས་པའི་རྟགས་ཡིན་འདུག དུས་ཕྱིས་ཀྱི་ལྷ་བོན་རྣམས་སྲུང་མའི་བསྐང་གསོལ་བཏང་རིང་ཙམ་ལས་དུས་རྒྱུན་མ་ཎི་བགྲང་བ་རེད། དེ་ནི་བོན་ལ་ཡུལ་མིས་སྡང་བརྙས་བྱེད་ཆེ་ནས་ཁོང་ཚོས་བོན་ལ་ཡིད་མ་ཆེས་པ་དང་མ་དད་པ་ཡིན་པ་རེད།’’ ཅེས་གསལ་འདུག
[24]<<བསྒྲགས་པ་གླིང་གྲགས་>>དྲན་པ་ནམ་མཁས་མཛད།དེབ་གཟུགས་ཤོག་ངོས་(༢༦༨ནས་༢༦༩)ལས་གསལ། (༢༠༡༣)གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ་ཅན།<<རྩ་རྒྱུད་ཉི་ཟེར་སྒྲོན་མ་དང་བསྒྲགས་པ་རིན་ཆེན་གླིང་གྲགས་ཀྱི་སྐོར་>>ཞེས་པའི་དེབ་འཕྲེང་(༤༢)པའི་ནང་དུ་བསྡུས་ཡོད།
[25]གོང་མཚུངས། <<གཡུང་དྲུང་བོན་གྱི་རྒྱུད་འབུམ་>>ཤོག་ངོས་(༢༥༢)ལས་གསལ།
[26]གོང་མཚུངས། <<བོན་ཆོས་རྣམ་འབྱེད་སྣང་གསལ་རིག་པའི་མེ་ལོང་>>ཤོག་ངོས་(༩༥)ལས་གསལ།
[27]<<བན་ཤུལ་དཔལ་མཁར་རྒྱལ་ལ་བརྡོལ་འཁྱར་བསྒྱུར་གསུམ་གྱི་རྙོག་གླེང་གྲོས་སུ་འདེབས་པ་>>རྩོམ་པ་པོ་ལྷ་གདོང་དགེ་བཤེས་བསོད་ནམས་རྒྱལ་མཚན།<<བོན་སྒོ་>>བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ།བོན་སྒོ་རྩོམ་སྒྲིག་ཁང་།སྤྱིའི་འདོན་ཐེངས་(༢༢) ཤོག་ངོས་(༦)ལས་གསལ། (༢༠༠༩)
[28]གོང་མཚུངས། <<བོན་སྒོ་>>སྤྱིའི་འདོན་ཐེངས་(༢༡)ཤོག་ངོས་(༢༡)ལས་གསལ།
[29]<<བོད་ཀྱི་ཇོ་མོ་ཡེ་ཤེས་མཆོ་རྒྱལ་གྱི་མཛད་ཚུལ་རྣམ་པར་ཐར་པ་གབ་པ་མངོན་ཕྱུང་རྒྱུད་མངས་དྲི་ཟའི་གླུ་ཕྲེང་>>སྟག་ཤམ་རྡོ་རྗེའི་གཏེར་མ།(༡༦༥༥)ལོར་འཁྲུངས་པར་བཤད།མཚན་གཞན་ལ་ནུས་ལྡན་རྡོ་རྗེ་དང་།བསམ་གཏན་གླིང་པ།སྟག་ཤམ་ནུས་ལྡན་རྡོ་རྗེ་ཡང་ཟེར།ཤིང་པར་ཅན།ཝཱ་ར་ཎ་སི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་དུ་ཡོད།དཔེ་གཟུགས་ཤོག་ངོས་(༧༠)ལས། ‘‘ལྷ་གཅིག་འདི་གཤེགས་ནས་ལོ་ཉི་ཤུ་རྩ་ལྔ་ཙམ་ནས་རྒྱུ་བོན་ལོག་པ་རྣམས་དར་ཏེ།ཆོས་དང་བོན་ནང་པ་གཉིས་ཀ་བསྣུབ།བོན་ནང་པ་ནི་ད་ལྟ་སྐད་མེད་དུ་སྡོད་དགོས་བྱུང་བ་ཡིན་ཏེ།བོན་ལ་ལ་ཁམས་སུ་སྤྱུགས།ལ་ལ་ཀོང་པོར་སྤྱུགས།ལ་ལ་བྱང་སོགས་ས་མཐར་སྤྱུགས།’’ཞེས་འཁོད་པས་སོ། །
[30]གོང་མཚུངས།<<བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་>> (༡༣༦)ལས་གསལ།
[31]གོང་མཚུངས།<<ཐུའུ་བཀན་གྲུབ་མཐའ་>>ཤོག་ངོས་(༤༢༣)ལས་གསལ།
[32]གོང་མཚུངས།<<བོན་སྒོ་>>སྤྱིའི་འདོན་ཐེངས་(༢༡)ཤོག་ངོས་(༢༨)ལས་གསལ།
[33]<<འཕྲུལ་ངག་གཡུང་དྲུང་བོན་གྱི་དེ་ཉིད་རྣམ་པར་ངེས་པ་ལུང་བཞིན་འདོམས་པའི་རྔ་ཆེན་>>མ་ཧཱ་པཎྜི་ཏ་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན།དེབ་གཟུགས་ཤོག་ངོས་(༡༠༨)ལས་གསལ།མི་རིགས་དཔེ་སྐྲུན་ཁང་། (༢༠༠༩) དཔར་ཐེངས་དང་པོ།<<མ་ཧཱ་པཎྜི་ཏ་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་ཕྱོགས་བསྒྲིགས་>>ཞེས་པའི་དེབ་འཕྲེང་(༡)ནང་དུ་བསྡུས་ཡོད།
[34]<<ལྷ་བླ་མ་ཡེ་ཤེས་ཀྱི་འོད་ཀྱི་བཀའ་ཤོག་དགོངས་འགྲེལ་>>སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་བརྩམས། འཁྲུངས་འདས་ལོ(༡༥༥༢-༡༦༢༤)དེབ་གཟུགས་ཤོག་ངོས་(༡༦༡)ལས་གསལ། (༢༠༡༥)<<ངེས་པ་དོན་གྱི་འབྲུག་སྒྲ་>>ཅེས་པའི་ནང་དུ་བསྡུས་ཡོད།
[35]གོང་མཚུངས།<<བོན་སྒོ་>>སྤྱིའི་འདོན་ཐེངས་(༢༡)ཤོག་ངོས་(༢༥)ལས་གསལ།
[36]གོང་མཚུངས།<<བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་>>ཤོག་ངོས་(༡༤༠)ལས། ‘‘བོན་བཤོས་ཀྱི་ལྷ་བོན་སྒོ་བཞི་བསྟན་པར་མ་བཞག་ན། རྒྱལ་པོ་ཡང་སྐུ་མི་རྟག་ཉེན་མཆིས།’’ ཞེས་པས་སོ། །
[37]གོང་མཚུངས།<<བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་>>ཤོག་ངོས་(༡༤༡)ལས། ‘‘ད་ལྟ་བོན་སྒོ་བཞི་དང་། གྱིམ་བུ་ལན་ཚ་དང་། གེ་ཁོད་ཐིས་འཕེན་རྣམས། བདག་གི་སྐུ་གཤེན་དུ་ཞག་(ཞོག)འཚལ།’’ ཞེས་པས་སོ། །
[38]<<བྱང་སེམས་གབ་པ་དགུ་སྐོར་གྱི་དགོངས་པ་བཀྲོལ་བའི་འགྲེལ་བཞི་རིག་པའི་རྒྱ་མཚོ་>>བླ་ཆེན་དྲན་པ་ནམ་མཁས་མཛད། ཝཱ་ཎ་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གི་དཔར་མ། དེབ་གཟུགས་ཤོག་ངོས་(༢༠)ལས་གསལ།
[39]<<ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ་>>སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད། (༢༠༡༥) གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ།དེབ་འཕྲེང་(༥༢) ཤོག་ངོས་(༥༡)ལས་གསལ།
[40]<<མདོ་དྲི་མེད་གཟི་བརྗིད་>>སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་རྒྱས་པ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ།དེབ་གཟུགས་ཤོག་ངོས་(༢༨༣ནས་༣༠༢)བར་དུ་གསལ།  (༢༠༡༣)གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། དེབ་འཕྲེང་(༥༥)པ།
[41]གོང་མཚུངས། <<བྱང་སེམས་གབ་པ་དགུ་སྐོར་གྱི་དགོངས་པ་བཀྲོལ་བའི་འགྲེལ་བཞི་རིག་པའི་རྒྱ་མཚོ་>>དེབ་གཟུགས་ཤོག་ངོས་(༢༡)ལས་གསལ།
[42]<<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་>>ཉང་རལ་ཉི་མ་འོད་ཟེར།འཁྲུངས་འདས་ཀྱི་ལོ་(༡༡༢༤ནས༡༡༩༢) (༢༠༡༠)ལོར་བོད་ཀྱི་དཔེ་མཛོད་ཁང་།ལོ་རྒྱུས་དེབ་འཕྲེང་།(༡) ཤོག་ངོས་(༡༥༩)ལས་གསལ།
[43]<<སྣང་གཤེན་གྱི་བོན་གཏན་ལ་ཕབ་པའི་མདོ་>>སྟོན་པ་གཤེན་རབ་མི་བོའི་མཛད་རྣམ། དེབ་གཟུགས་ཤོག་ངོས་(༣༠༢)ལས་གསལ། (༢༠༡༦) སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ་སྤྱིའི་དེབ་འཕྲེང་(༥༥)པ་<<མདོ་དྲི་མེད་གཟི་བརྗིད་>>ཅེས་པའི་པོད་གཉིས་པར་བསྡུས་ཡོད།
[44]གོང་མཚུངས། <<བོན་ཆོས་རྣམ་འབྱེད་སྣང་གསལ་རིག་པའི་མེ་ལོང་>>ཤོག་ངོས་(༣༤)ལས་གསལ།
[45]<<བཀའ་ཐང་སྡེ་ལྔ་>>(༢༠༡༡)བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དཔར་མ།དེབ་གཟུགས་ཤོག་ངོས་(༣༨༤)ལས་གསལ།
[46]<<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩ་རྒྱུད་གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ཀྱི་འགྲེལ་བ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན།>>འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད། (༢༠༠༤)གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ།ཤོག་ངོས་(༡༠༤)ལས་གསལ།<<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་དང་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན།>>ཞེས་པའི་དེབ་འཕྲེང་(༨)པར་བསྡུས་ཡོད།
[47]གོང་མཚུངས།<<འཕྲུལ་ངག་གཡུང་དྲུང་བོན་གྱི་དེ་ཉིད་རྣམ་པར་ངེས་པ་ལུང་བཞིན་འདོམས་པའི་རྔ་ཆེན་>>ཤོག་ངོས་(༩༥ནས་༡༡༡)བར་ན་གསལ།