གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་བཙུན་དགོན་རདྞ་སྨན་གླིང་གི་སྐབས་དང་པོའི་བཀའ་རམས་མ་རྣམས།

འཆར་ཅན་ལྟར་སང་ལོར་དགེ་བཤེས་གཏོང་དགོས་ཀྱི་ལོ་རིམ་བཅུ་གསུམ་པའི་རྫོགས་ཆེན་སློབ་གཉེར་བ་རྣམས། དུས་ཆེན་ཁྱད་པར་ཅན་༧རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་བོད་ཟླ་དང་པོའི་ཚེས་༥ཉིན་གྱི་ཞོགས་ཚོགས་གྲོལ་རྗེས།
དགེ་བཤེས་གཏོང་འཐུས་ཀྱི་སྔོན་འགྲོར་༧དཔལ་ལྡན་སྨན་རིའི་བླ་བྲང་དུ་ཆེད་བཅར་གྱིས་རྟེན་འབྲེལ་ལྷ་དར་རིང་མོའི་སྣེ་དྲངས་ནས། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་དྲུང་དུ་དགེ་བཤེས་གཏོང་འཐུས་ཀྱི་བཀའ་འཁྲོལ་སྐྱབས་འཇུག་ཞུ་དགོས་པ་དང་།   དེ་མཚུངས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གི་དྲུང་ནས་ཀྱང་དགེ་བཤེས་གཏོང་འཐུས་ཀྱི་བཀའ་འཁྲོལ་སྐྱབས་འཇུག་ཞུ་བའི་སྔོན་རིམ་གྲུབ་རྗེས། ཉིན་རྒྱབ་དཔལ་ལྡན་སྨན་རིའི་ཚོགས་ཆེན་དགེ་སྐོས་མཆོག་ནས་སྲིད་པ་སྐོས་ཀྱི་ཆག་ཤིང་གི་ཆེ་བཤད་གྲུབ་མཚམས་སུ།
ཐུགས་དམ་བཅའ་ཡིག་རིན་པོ་ཉན་སྐུལ་གྱི་ཚོགས་གཏམ་དང་འབྲེལ། གྲྭ་ཚང་གཉེར་བ་མཆོག་ནས་བཅའ་ཡིག་རིན་པོ་ཆེ་སྒྲ་དག་ཚིག་གསལ་གྱིས་སྙན་སྒྲོན་ཞུས་པ་དང་འབྲེལ། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེ་མཆོག་ནས་དགེ་བཤེས་གཏོང་འཐུས་ཀྱི་སློབ་གཉེར་བ་རྣམས་ལ་བཀའ་རམས་པའི་མཚན་ཕུལ་གསལ་བསྒྲགས་དང་འབྲེལ་དགེ་བཤེས་གཏོང་ཕྱོགས་ཐད་ནས་བཀའ་སློབ་བཀའ་དྲིན་བསྩལ་བ་དང་།
བོད་ཟླ་དང་པོའི་ཚེས་བཅོ་ལྔ་༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་སྐུའི་འཁྲུངས་མཆོད་ཉིན། དགེ་བཤེས་གཏོང་འཐུས་ཀྱི་སློབ་གཉེར་བ་རྣམ་པས་རྟེན་འབྲེལ་གསོལ་ཇ་འདེགས་འབུལ་དང་བཀའ་རམས་པ་ཞེས་ཡོངས་ལ་གསལ་ཁྱབ་ཀྱི་བཀའ་གསུང་ཆེད་ཕེབས་བཀའ་དྲིན་བསྩལ་བའི་དངོས་གཞི་གྲུབ་རྗེས།

ལོ་འདིའི་ལོ་འཁོར་གཅིག་གི་རིང་ཚོགས་དང་འཆད་ར། ཐུག་དང་དམ་བཅའ། དཔེ་ཁྲིད་བཅས་ལ་ངེས་ཅན་དུ་ཕེབས་དགོས་པ་མ་ཟད། ཐུན་མོང་རིག་གནས་ཀྱི་སྐོར། དག་ཡིག སྙན་ངག འབྱུང་རྩིས། སྐར་རྩིས། སྒྲ་སྡེབ་སྦྱོར།བཟོ་རིག དཀྱིལ་འཁོར་ཐིག་རྩ། རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་ཐབས། སྨན་དཔྱད་ཐུགས་འབུམ་མཁའ་སྔོན་དང་། ཉེར་མཁོ་དཔག་བསམ་ལྗོན་ཤིང་སོགས་རིག་གནས་སྦྱང་འབྲས་རྣམས་ཡོངས་སུ་གྲུབ་མིན་རིག་གནས་འགན་འཛིན་ལགས་ནས་གཟིགས་ཞིབ་གནང་དགོས་པ་དང་། སྙན་ངག་སྒྲ་འཁོར་གྱིས་མཚོན་པའི་རིག་གནས་ཀྱི་དཔེར་བརྗོད་རྣམས་སྔོན་ཚུད་ནས་མཇུག་ཡོངས་སུ་གྲུབ་པར་བྱས་ཏེ་རིག་གནས་འགན་འཛིན་རྣམ་པར་ཟླ་དྲུག་སྔ་མའི་ནང་ཚུད་རྩིས་འབུལ་ཞུ་དགོས། བཀའ་རམས་རྣམས་ཀྱིས་མཆོད་ཚིག་དང་ཚིག་བཀྲ་དམ་བཅའ་སོགས་ཟླ་དྲུག་ཕྱི་མའི་ནང་༧དཔལ་ལྡན་སྨན་རིའི་བླ་བྲང་དུ་རྒྱུགས་འབུལ་ངེས་པར་ཞུ་དགོས། གྲྭ་ས་ཆེན་མོའི་གསུང་རྒྱུན་དང་ལམ་སྲོལ་ཇི་བཞིན། འགྱེད་མང་ཇ་ལ་རྩོད་པ་མེད། ཐུག་དམ་བཅའ་ལ་རྩོད་པ་ཡོད། ཅེས་གསུང་སྲོལ་ལྟར་དངོས་གཞི་དགེ་བཤེས་དམ་འཇོག་ཆེན་མོའི་སྐབས་སུ་ཕྱི་མཚན་ཉིད་སྡེ་ལྔའི་གཞུང་ཆེན་ཁག་དང་། ནང་སྔགས་སེམས་ཀྱི་གཞུང་ཆེན་གང་ལའང་དགག་བཞག་རྩོད་སྤོང་གི་ཟིན་མཚམས་དང་། རྩ་བའི་གཞུང་ཆེན་ཁག་གི་སྤྱི་སྡོམ་གྱི་གོ་བ་ཡོད་མེད་གལ་ཆེན་དུ་བརྩིས་ནས། རིགས་ལམ་གྱི་ཁྱབ་མཐའ་དང་། གཞུང་དོན་གྱི་གོ་བ། གཞུང་ཚིག་བློ་ངོར་ངེས་ཐབས་བཅས་ལ་ཐུགས་སྣང་གཙོ་བོར་མཛད་དེ་འབད་པ་ལྷོད་མེད་དུ་གནང་སྲོལ་ཡོད་པ་བཅས་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་གིས་བརྩམས་པའི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བཤེས་མཛད་སྒོའི་ངོ་སྤྲོད་ལས་དྲྭ་ཚིགས་གཙོ་སྒྲུབ་པས་ཉུང་བསྡུས་སུ་བྱས་ཏེ་སྤེལ།

༧གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་བཙུན་དགོན་རདྞ་སྨན་གླིང་གི་སྐབས་དང་པོའི་བཀའ་རམས་མ་རྣམ་པའི་མཚན།

ལྷ་གདོང་བཙུན་མ་ཤེས་རབ་ཡེ་ཤེས་དཔལ་འཛིན།

ཨ་ཁུ་བཙུན་མ་བསམ་གཏན་སྨོན་ལམ་དཔལ་འཛིན།

ཆོས་འཁོར་ཚང་བཙུན་མ་ཚུལ་ཁྲིམས་བཟང་མོ།

ཝ་རེད་བཙུན་མ་ཕུན་ཚོགས་ཚུལ་འཛིན།

བྲུ་ཚང་བཙུན་མ་སྟོང་ཉིད་དབང་མོ།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༧གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་བཙུན་དགོན་རདྞ་སྨན་གླིང་གི་སྐབས་དང་པོའི་བཀའ་རམས་མ་རྣམས།