གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྲིད་རྒྱལ་འབུམ་ཚོགས་འབུལ་འཆར་གྱི་གསལ་བསྒྲགས།


གལ་ཆེའི་གསལ་བསྒྲགས།

ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བྱེ་བྲག་ཏུ་རང་རེའི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ། བསླབ་གསུམ་བསྟན་པའི་མངའ་བདག་༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་དབུས་པའི་རིས་མེད་ཀྱི་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་རྒྱས་པ་དང་། ཡངས་པའི་ཁམས་སུ་སྐྱེ་འགྲོ་ཀུན་གྱི་མི་མཐུན་རྒུད་པའི་ཚོགས་རྣམས་ཉེ་བར་ཞི་ཞིང་། ཁྱད་པར་དུ་ད་སྐབས་འཛམ་གླིང་ཡོངས་ལ་ཁྱབ་བདལ་འགྲོ་བཞིན་ཡོད་པའི་ཏོག་དབྱིབས་ནད་ཡམས་མྱུར་དུ་ཞི་སྟེ། སྐྱེ་འགྲོ་མཐའ་དག་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་ཆེད་དུ། ལོ་རེའི་འཆར་ཅན་ལྟར་ལོ་དུས་ཀྱི་གསོལ་ཁ་དང་། ཟླ་དུས་ཀྱི་མཆོད་པ། ཞེས་པ་ལྟར་འདི་ག་སངས་རྒྱས་༧གཡུང་དྲུང་བོན་གྱི་གདན་ས་གོང་མ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་ལམ་ཡོད་པ་བཞིན། འདི་ལོར་ཡང་གཟའ་སྐར་ཚེས་བཟང་དང་བསྟུན་ཏེ། བོད་ཟླ་ ༣ པའི་ཚེས་ ༥ ཉིན་གཏོར་མ་བཅའ་བཟོ་དབུ་འཛུགས་གནང་རྒྱུ་དང་། ཚེས་ ༦ ནས་ ༡༢ བར་བདུན་གཅིག་གི་རིང་དུ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོ་དང་། བོན་ཕྲུག་བདེ་དོན། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་རྣམས་ཀྱིས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་ཞུ་འཆར་ཡོད་པ་ལགས་ན། དེ་ལུགས་སུ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོའི་རྗེས་སུ་འཇུག་པའི་དད་ལྡན་སེར་སྐྱ་མི་མང་ཡོངས་ཀྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པས་ཀུན་གྱིས་དགོངས་འཇགས་ཞུ་རྒྱུ་དང་། དེ་ལྟར་རྒྱ་ཆེ་དད་ལྡན་པ་རྣམས་ནས་མཆོད་འབྲེལ་ཞུ་མཁན་ཡོད་ཚེ་གཤམ་གྱི་ཁ་པར་དང་སྐད་འཕྲིན་ཨང་གྲངས་སོགས་ལ་འབྲེལ་བ་གནང་རོགས་ཞུ།

མཆོད་འབྲེལ་ཞུ་སའི་འབྲེལ་གཏུག་མི་སྣ།

གྲྭ་ཚང་གཉེར་པ། བསྟན་པ་འབྲུག་གྲགས། ཁ་པར་དང་། སྐད་འཕྲིན། WhatsApp བཅས་ཀྱི་ཨང་གྲངས། 8894956894

གྲྭ་ཚང་གཉེར་པ། གཡུང་དྲུང་རྣམ་དག ཁ་པར་དང་། སྐད་འཕྲིན་ཨང་གྲངས། 8894903676 WhatsApp 7018683708

༧ དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས། ཕྱི་ལོ་༢༠༢༡ ཟླ་ ༣ ཚེས་ ༢༧ ཉིན།