གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་དགེ་བཤེས་མཁའ་སྣ་ཟླ་བ་རྣམ་རྒྱལ་གྱི་དཔེ་དེབ་༧དགའ་མལ་དགོན་པའི་གདན་རབས་ཞེས་པ་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ། 

ད་ལམ་འདི་ག་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན་པའི་<<དགའ་མལ་དགོན་པའི་གདན་རབས་>>ཞེས་པའི་དཔེ་དེབ་འདི་ནི། སྨན་རིའི་དགེ་བཤེས་མཁའ་སྣ་ཚང་ཟླ་བ་རྣམ་རྒྱལ་མཆོག་ནས་ལོ་མང་རིང་འབད་བརྩོན་གནང་སྟེ་བརྩམས་གྲུབ་པའི་གདན་རབས་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་ཡིན། ནང་དོན་གྱི་ཆ་ནས་རྩ་བའི་ས་བཅད་གསུམ་གྱིས་བསྟན་ཡོད་པ་དང་། ས་བཅད་དང་པོར། བསྟན་པ་སྤྱི་ཡི་བྱུང་བ་ལས་འཕྲོས་ཏེ་ཁྱུང་པོའི་གདུང་རབས་དང་སྒོས་སུ་ཁྱུང་ནག་ཚབ་ཚའི་གདུངས་རབས་དང་། བྲག་དགོན་བླ་རབས་རིམ་བྱོན་གྱི་སྐོར་དང་། ས་བཅད་གཉིས་པར། ཚབ་ཚའི་བླ་རབས་རིམ་པས་དགོན་པ་སོ་སོར་ཕྱག་བཏབ་ཚུལ་དང་། ཁྱད་པར་དུ་དགའ་མལ་དགོན་གོང་འོག་གཉིས་ཀྱི་ཕྱི་ནང་གི་བརྟེན་དང་རྟེན་པ་ཇི་ལྟར་བཞེངས་ཚུལ་དང་ཐོས་བསམ་སྒོམ་གསུམ་གྱི་བསྟན་པ་ཇི་ལྟར་བསྐྱངས་ཚུལ་སྐོར་དང་། མཐར་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་དགོན་པར་ཆག་འཇིག་བྱུང་ཚུལ་དང་། དེའི་རྗེས་བསྐྱར་གསོ་བྱས་ཚུལ་སོགས་འཁོད་འདུག ས་བཅད་གསུམ་པར། དགའ་མལ་དགོན་དང་འབྲེལ་ཡོད་བླ་སྤྲུལ་ཁག་གི་མཛད་རྣམ་མདོར་བསྡུས་སུ་ཡོད་པ་སྟེ། མཁའ་ཡག་མཁས་པ་མ་བསྟན་འཛིན་ངག་དབང་རྣམ་རྒྱལ་(1851-1944)དང་། ན་ཆུའི་བཙུན་པ་བློ་གྲོས་བསྟན་འཛིན། སྒྲ་ཏོག་དགེ་བཤེས་དཔལ་ཆེན་སྐྱབས་(1933-1999) རྟོགས་ལྡན་ཚུལ་ཁྲིམས་རྣམ་དག་(1945-2016)བཅས་ཀྱི་ལོ་རྒྱུས་རྣམས་གནད་དྲིལ་དུ་བྲིས་ནས་མཇུག་མཐར་དཔྱད་གཞིའི་དཔེ་ཁུངས་སོགས་ཀྱང་བཀོད་ཡོད་པ་བཅས་སོ། །

རྩོམ་སྟངས་ཀྱི་ཆ་ནས་གཞན་གྱི་ལད་ཟློས་དང་བཤུས་འབྲི་སོགས་མ་ཡིན་པར་དེང་གི་ཚན་རིག་དང་མཐུན་པར་ཞིབ་འཇུག་གི་རིག་ལམ་བེད་སྤྱད་ནས་ལོ་ཚིགས་དང་འབྲེལ་བའི་གནད་དོན་ཁག་ལ་དཔྱད་པ་དང་། དྭོགས་གནད་དང་ལུང་ཁུངས་ཁག་ལ་འཆན་འགྲེལ་བཏགས་ཏེ། དཔྱད་གཞིའི་ཡིག་ཁུངས་ཀྱང་ལྔ་བཅུ་ལྷག་ལ་རྒྱབ་བརྟེན་དུ་བྱས་ནས་བརྩམས་ཡོད་པ་འདི་ནི་དེང་རབས་ཀྱི་ལོ་རྒྱུས་དཔྱད་རྩོམ་འབྲི་སྟངས་ཀྱི་རིག་པའི་ཁྱད་ཆོས་སུ་འཁུམས་པར་སེམས།

སྤྱིར་གནའ་བོའི་བོན་དགོན་ཁག་གི་ལོ་རྒྱུས་ནི་བོད་རང་གི་ལོ་རྒྱུས་ཀྱི་སྲོག་ཤིང་ངམ་ཡང་ན་རྩ་ལག་ལྟ་བུར་གྱུར་ཡོད་སྟབས། ད་ལམ་དགེ་བཤེས་ཁོང་གིས་བརྩམས་གནང་བའི་མདོ་སྨད་ཤར་ཟིང་ཆུ་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་དཔེ་དེབ་འདི་ཡང་བོད་རང་གི་ལོ་རྒྱུས་ཀྱི་ཆ་ལག་ཅིག་ཏུ་གྱུར་ཡོད་པ་ནི་སྨོས་མེད་ལྟར་རེད།

རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།

མཁའ་སྣ་ཚང་དགེ་བཤེས་ཟླ་བ་རྣམ་རྒྱལ་མཆོག་ནི་རབ་བྱུང་བཅུ་དྲུག་གི་མེ་སྦྲུལ་ཏེ་ཕྱི་ལོ་༼༡༩༧༧ ཟླ་བ་ ༠༡ ཚེས་པ་༣༠ ༽ཉིན་གངས་ཅན་བོད་ཀྱི་ཤར་ཕྱོགས་ཟུང་ཆུ་ཤར་དུང་རིའི་ཉེ་འདབས་ཀྱི་ཁྲི་སྐྱང་སྟོད་སྨད་བར་གསུམ་ལས་སྟོད་པ་ཚོ་བཞིའི་ཡ་གྱལ་གཡང་སྡེ་ཕྱུག་མོ་མ་ཡོན་མཁའ་སྣ་ཚང་ཞེས་བྱ་བའི་ཁྱིམ་གཞིས་སུ་ཡབ་ལྕགས་པོ་ཡག་དང་ཡུམ་དམུ་ར་བཟའ་དགའ་མིག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

ཕྱི་ལོ་ ༡༩༨༤ ལོར་དགུང་གྲངས་བརྒྱད་ཀྱི་ཐོག་རང་སྡེའི་སློབ་ཆུང་འགྲིམ་ཏེ་ལོ་ངོ་གསུམ་ཙམ་རིང་ལ་རྒྱ་ཡིག་དང་བོད་ཡིག་བཅས་ཀྱི་མིང་གཞི་ལ་སྦྱོང་པར་མཛད།

ཕྱི་ལོ་ ༡༩༨༧ ལོར་དགུང་གྲངས་བཅུ་གཅིག་སྟེང་༧གྲྭ་ས་གཡུང་དྲུང་གླིང་གི་དགེ་བའི་བཤེས་གཉེན་དམ་པ་སྒྲ་ཏོག་ལུང་རྟོགས་རབ་གསལ་ལམ་ཡོངས་གྲགས་སུ་ཨ་ཁུ་དཔལ་ཆེན་སྐྱབས་ཞུ་བ་དེའི་སྐུ་མདུན་ནས་མདོ་གཡུང་དྲུང་ཀློང་རྒྱས་ནས་དབུ་བཟུང་སྟེ་སྲིད་རྒྱུད་ཀྱི་བོན་དུ་གཏོགས་པའི་གྱེར་འདོན་དབྱངས་གསུམ་སྦྱང་བར་མཛད་ཅིང་། བྱང་བྱ་དུར་དགོན་ཆེན་གྱི་མཁན་པོ་ཤེས་རབ་མཐར་ཕྱིན་རིན་པོ་ཆེའི་དྲུང་ནས་སྐྲ་ཕུད་ཞུས་ཏེ་དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་གི་སྒྲིག་ལ་ཞུགས།

ཕྱི་ལོ་ ༡༩༩༢ ལོར་དགུང་གྲངས་བཅུ་དྲུག་སྟེང་དགའ་མལ་དགོན་དུ་བཤད་པ་འཆད་ཉན་གྱི་ལམ་སྲོལ་བཙུགས་པ་ནས་བཤད་གྲྭར་འཛུལ་ཞུགས་དང་དགེ་བའི་བཤེས་གཉེན་ཆེན་པོ་ཡེ་ཤེས་རྒྱལ་མཚན་མཆོག་གི་སྤྱན་སྔ་རུ་སྡུད་རྟགས་ཚད་གསུམ་གཙོ་བོར་བྱས་ཏེ་ཞོར་ལ་དགེ་བཤེས་སྒྲ་ཏོག་དཔལ་ཆེན་སྐྱབས་ལས་ཐ་སྙད་རིག་གནས་སུམ་རྟགས་དག་གསུམ་བཅས་ལ་གསན་སྦྱངས་མཛད།

ཕྱི་ལོ ༡༩༩༦ ལོར་དགུང་གྲངས་ཉེར་གཅིག་སྟེང་སློབ་སྦྱོང་ཁོ་ནར་དམིགས་ཏེ་རྒྱ་གར་གྱི་བྱང་ཕྱོགས་སུ་བརྗིད་ཅིང་རྔམ་པའི་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧གཡུང་དྲུང་བོན་གྱི་བླ་ཆེན་སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དང་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་གསེར་ཞལ་དངོས་སུ་མཇལ་པའི་བསྐལ་བཟང་བྱུང་། དེ་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཏེ་ཐོག་མར་ཀུན་མཁྱེན་ཉི་མའི་སྡུད་གྲྭ་ནས་བཟུང་གཞུང་ཆེན་ཁག་ལ་སློབ་གཉེར་མཛད། རིམ་བཞིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཡིག་རྒྱུགས་ཀྱི་ཁྲོད་དུ་གནས་རིམ་དང་པོ་དང་གཉིས་པ་སོགས་ཀྱི་བྱ་དགའ་ཕྱག་འཁྱེར་ཐེངས་འགར་བཞེས།

ཕྱི་ལོ་ ༢༠༠༤ ལོ་ནས་༧རྒྱལ་བ་སྨན་རི་བ་མཆོག་གིས་བཀའ་དགོངས་ལྟར་ཚོགས་ཆེན་དབུ་མཛད་ཆེན་མོའི་ཐུགས་འགན་བཞེས་ཤིང་། ཞོར་ལ་མགོན་པོ་གང་ཉིད་ཀྱི་དྲུང་ནས་ཕྱི་ནང་གསང་བའི་བསྡུས་དོན་ཉེར་མཁོ་འདོད་འཇོ་འཁྲི་ཤིང་དང་། ཕྱི་ནང་གསང་གསུམ་སྐད་ཀྱི་བྱེ་བྲག་རིན་ཆེན་འཕྲེང་མཛེས། སྨན་རིའི་སྒྲུབ་ཁང་ལུགས་ཀྱི་སྐོང་བའི་གྱེར་དབྱངས་གདངས་གསུམ་སོགས་ལ་སྦྱོང་པ་མཛད། གཞན་ཡང་དཔལ་ལྡན་སྨན་རིའི་བླ་བྲང་དུ་ཕྱག་ཞབས་རིམ་པར་ཞུས།

ཕྱི་ལོ་ ༢༠༠༩ ལོར་འདུས་མང་ཡོངས་ནས་འོས་འདེམས་རྩེར་ཐོན་བྱུང་བ་ལྟར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོའི་ལས་འགན་བཞེས་ནས་དཔེ་དཀོན་གྲགས་ཅན་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་སོགས་མ་ཕྱི་ཁག་གཅིག་བསྡུ་ལེན་བྱས་ཏེ་དེབ་གཟུགས་སུ་དཔར་བསྐྲུན་མཛད།
ཕྱི་ལོ་ ༢༠༡༡ ལོར་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་ལྟར་འདི་ག་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་གཤེན་གྱི་གར་འཆམ་པ་རྣམས་ནུབ་ཕྱོགས་ཡོ་རོབ་ཅེག་རྒྱལ་ཁབ་ཏུ་ཆེད་ཕེབས་གནང་སྐབས་སུ་ཁོང་དབུ་མཛད་ཀྱི་ངོ་བོ་ནས་ཕེབས་ཏེ་རྒྱལ་ས་པཱ་རག་(Prague)དང་གྲོང་ཁྱེར་པི་ལི་འཛིན་(Plzen)དང་། གྲོང་ཁྱེར་བྷེར་ནོ་(Brno)སོགས་སུ་རིག་གཞུང་འཁྲབ་སྟོན་གྱི་མཛད་འཕྲིན་སྤེལ།
ཕྱི་ལོ་ ༢༠༡༢ ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་ནས་དགེ་བའི་བཤེས་གཉེན་ཆེན་མོའི་དམ་འཇོག་མཛད་དེ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས།
ཞོར་དུ་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིའི་ཨེ་མོ་རུའི་མཐོ་སློབ་(Emory University)ཟུང་གི་གོ་སྒྲིག་འོག་འདི་ག་དགོན་སྡེ་ཁག་གི་སློབ་གཉེར་བ་ཁག་ཅིག་ལ་ཆེད་དམིགས་ཀྱི་ཚན་རིག་ཟབ་སྦྱོང་གི་ཁོངས་སུ་འཛུལ་ཞུགས་གནང་སྟེ་ས་རཱ་མཐོ་སློབ་ཁང་དུ་ལོ་ལྔའི་རིང་ནུབ་ཕྱོགས་ཚན་རིག་ལ་སྦྱངས་ནས་ཕྱི་ལོ་ ༢༠༡༣ ལོར་ཨ་རིའི་ཨེ་མོ་རུའི་མཐོ་སློབ་ནས་བསྩལ་བའི་ཕྱག་འཁྱེར་བཞེས།
ཕྱི་ལོ་ ༢༠༡༤ ལོར་གཞུང་ཆེན་རིག་གཅིག་རྐང་འཛིན་སློབ་གཉེར་ལས་རིམ་དུ་འདུལ་བའི་སྐོར་ལ་རིག་གཅིག་རྐང་འཛིན་གྱི་སློབ་གཉེར་བྱས་ཏེ་ལོ་ལྟར་གྲུབ་དོན་རྩོམ་ཤོག་རྣམས་སྒྲིག་གཞི་ཟུར་གསལ་ལྟར་གཙང་འབུལ་ལེགས་གྲུབ་བྱུང་ཡོད།
གཞན་ཡང་སྐབས་བཅུ་གསུམ་པའི་གཡུང་དྲུང་བོན་གྱི་བགྲོ་གླེང་གསུང་བཤད་སློབ་དཔོན་དུ་གདན་ཞུས་ལྟར་<<ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་སྐོར་>> གཏམ་བཤད་སྤེལ་རྗེས་བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་འདོན་ཐེངས་ ༢༦ པའི་སྟེང་དུ་བཀོད་ཡོད། དེ་བཞིན་འདི་ག་བོན་སྒོ་དང་། མུ་ཁྲི་བཙན་པོ། ཁྱུང་ཆེན་རིག་པའི་གཤོག་རླབས་སོགས་ཀྱི་སྟེང་དུ་དཔྱད་རྩོམ་སྣ་ཚོགས་སྤེལ།
ཕྱི་ལོ་ ༢༠༡༦ ལོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་དཔེ་ཁྲིད་དགེ་རྒན་དུ་བསྐོ་བཞག་གནང་བར་ལྟར་འབུམ་གཞིའི་དགེ་རྒན་གནང་མུས་ཡིན།
ཕྱི་ལོ་ ༢༠༡༨ ལོར་ཡོ་རོབ་འཇར་མན་མཐོ་སློབ་སྒྱུ་རྩལ་ཁང་(Folkwang Universty of the Arts)གིས་གདན་ཞུས་ལྟར་ཁྲོ་ཕུར་གཉིས་ཀྱི་གདངས་དབྱངས་གཙོ་བོར་གྱུར་བའི་གྱེར་ཆེན་སྐོར་གཏམ་བཤད་སྤེལ་ཏེ་ཁྲོ་ཕུར་གཉིས་ཀྱི་གྱེར་དབྱངས་ཁོང་ཚོའི་དྲ་རྒྱའི་ཐོག་ནས་འགྲེམས་སྤེལ་གཟིགས་བདེ་བཟོས་ཡོད་ཅིང་། དེ་བཞིན་རྒྱལ་ཚབ་གཡུང་རྒྱན་ཅན་ཕྱི་ནང་གསང་གསུམ་སྐད་ཀྱི་བྱེ་བྲག་རིན་ཆེན་འཕྲེང་མཛེས་དང་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་ཅན་སྐད་ཀྱི་བྱེ་བྲག་སོགས་གོ་བསྡུར་གནང་སྟེ་སྒྲ་བཅུགས་ཀྱི་ལས་གཞི་བདེ་ལེགས་བྱུང་ཞིང་དུས་ཀྱི་འཁོར་མོ་དང་འཚམས་པའི་དྲ་ཐོག་http://www.Kharnatsang.com/about/heritage/>འདིའི་བརྒྱུད་ནས་གསན་བཞེས་ཐུབ་པས་འཛམ་གླིང་ཤར་ནུབ་ཁག་ན་བཞུགས་པའི་སྒྲ་དབྱངས་ལ་འདོད་མོས་ཅན་ཡོངས་ཀྱི་ཐུགས་ཕན་གསོ་བའི་དགེ་མཚན་ཆེ་བར་བྱུང་བ་མ་ཟད། དེ་ཕྱོགས་སུ་བཞུགས་པའི་དད་ལྡན་མང་པོས་རེ་ཞུས་ལྟར་བོན་ལུགས་ཀྱི་འཆད་ཁྲིད་ཀྱི་མཛད་འཕྲིན་གནང་དང་གནང་མུས་ཡོད་པའི་ངོ་སྤྲོད་མདོར་བསྡུས་ཙམ་མོ། །