གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྨན་རིའི་གླིང་དུ་ལོ་གསུམ་ཡུན་གྱི་རིགས་གཅིག་རྐང་འཛིན་ཉམས་ཞིབ་གསར་འཛུགས་དང་སྒྲུབ་གྲྭ་བསྐྱར་གསོ་གནང་བ།

གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་རྒྱལ་ལོ་སུམ་སྟོང་གཅིག་བརྒྱ་ལྔ་བཅུ་ང་བརྒྱད་བོད་ལྕགས་གླང་ལོའི་ཟླ་བ་གསུམ་པའི་ཚེས་གསུམ་དང་།  

ཕྱི་ལོ་༢༠༢༡ཟླ་༤པའི་ཚེས་༡༥ཉིན་སྟེ་བོད་ཚེས་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་མོར་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་ཁང་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་བཅས། ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་ཚང་འཛོམས་ཐོག  གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པར་དགོས་ངེས་ཆ་རྐྱེན་དུ་དགོངས་པ་རྒྱ་ཆེར་བཞེས་ནས་རིགས་གཅིག་རྐང་འཛིན་གསར་འཛུགས་དང་སྒྲུབ་གྲྭ་བསྐྱར་གསོ་མཛད་ཅིང་། དེ་ཡང་འཛིན་གྲྭ་གྲངས་བཅད་ཀྱིས་དབང་དུ་བྱས་ན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྫོགས་ཆེན་ལོ་རིམ་གོང་མའི་སློབ་གཉེར་བ་ཡིན་དགོས་ཤིང་།  དེ་ཡང་རིགས་གཅིག་རྐང་འཛིན་ཉམས་ཞིབ་སྒྲིག་གཞི་གཏན་འབེབས་ཟིན་པ་གཞི་བཟུང་གིས་རིགས་གཅིག་རྐང་འཛིན་ཉམས་ཞིབ་ལོ་ཡུན་ལོ་གསུམ་ཡིན་ཞིང་། ཉམས་ཞིབ་ལས་རིམ་གྱི་གཞུང་ཚན་ནི། ཚད་མ་ནས་རྫོགས་ཆེན་བར་འཆར་ཅན་བཤད་སྒྲུབ་འདུས་སྡེའི་ནང་སློབ་གཉེར་གནང་བའི་གཞུང་ཆེན་དང་དེའི་ཁུངས་གཏོགས་ཡིན་ཆོག་ཅིང་། དེ་ཡང་ཉམས་ཞིབ་པ་དག་ལ་དགོས་ངེས་ཀྱི་ཆ་རྐྱེན་ནི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་ཡིག་རྒྱུགས་ཚད་ལྡན་ལོན་པ་ཡིན་དགོས་ཤིང་། ཉམས་ཞིབ་དཔྱད་རྩོམ་འབྲི་བའི་ཡོན་ཚད་ལྡན་པ་ཡིན་དགོས།

དེ་ཡང་ལོ་གསུམ་པའི་ཟླ་དྲུག་སྔ་མའི་བར་བཤད་སྒྲུབ་འདུས་སྡེའི་ཟླ་དྲུག་སྔ་ཕྱིར་ལོ་ཕྱེད་དང་། ལོ་འཁོར་རྒྱུགས་སྤྲོད་གཉིས་དང་སྐབས་བསྟུན་གྱིས་མ་མཐའ་ཤོག་ངོས་༢༥ཅན་གྱི་དཔྱད་རྩོམ་རེ་འབུལ་དགོས་ཤིང་། མཐར་ཕྱིན་དཔྱད་རྩོམ་ཤོག་ངོས་༡༢༥ལས་མ་ཉུང་བ་ཞིག་ལོ་མཐའ་མའི་བོད་ཟླ་བརྒྱད་པའི་ཚེས་༡༠ལས་མ་འགྱངས་པར་འབུལ་དགོས།

                                                    རིགས་གཅིག་རྐང་འཛིན་པ་རྣམས།
ཤོག་བུའི་ཚད་གཞི་ཨེ་ཧྥོར་(A4)དང་ཤོག་ངོས་རེར་ཡིག་འབྲུ་༥༢༥ནས་༥༧༥བར་འབྲི་དགོས། ལོ་མཐའ་མའི་བཤད་རྒྱུགས་བཞེས་མཁན་ནི་༧དཔལ་ལྡན་སྨན་རིའི་བླ་སྤྱི་དང་བཤད་སྒྲུབ་དགེ་རྒན་རྣམ་པས་གནང་རྒྱུ་དང་། མཐར་ཕྱིན་དཔྱད་རྩོམ་དེ་ཉིད་གཞུང་ལུགས་དང་རྩོམ་རིག་ལ་ཉམས་མྱོང་ཡོད་པའི་མི་སྣ་གསུམ་ལས་མ་ཉུང་བས་ཞིབ་འཇུག་ཆེད་རྩོམ་སོ་སོར་ཐོབ་སྐར་གནང་རྒྱུ། ལོ་མཐའ་མའི་ཟླ་དྲུག་སྔ་མའི་ནང་སོ་སོའི་བརྗོད་གཞིའི་ཐོག་ཉམས་ཞིབ་གྲུབ་དོན་དང་འབྲེལ་བའི་བགྲོ་གླེང་བསྡུ་སྐོང་གིས་བཤད་རྒྱུགས་ལེན་རྒྱུ།
ཕྱག་འཁྱེར་བཞེས་ཕྱོགས་སྐོར་ནས་རིགས་གཅིག་རྐང་འཛིན་སློབ་མཐར་སོན་པ་རྣམས་ལ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱིས་༼གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་རིགས་གཅིག་རྐང་འཛིན་ཉམས་ཞིབ་མཐར་སོན༽གྱི་མིང་ཐོག་ནས་བསྩལ་རྒྱུ། དེ་ཡང་གོང་གསལ་མཁས་དབང་གསུམ་གྱིས་གནང་བའི་ཐོབ་སྐར་ལས་བརྒྱ་ཆ་༦༠མ་ལོན་ཚེ་མཐར་ཕྱིན་དཔྱད་རྩོམ་དེ་ཉིད་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གཞུང་ཆེན་རིགས་གཅིག་རྐང་འཛིན་ཉམས་ཞིབ་ཀྱི་མིང་ཐོག་ནས་དཔར་སྐྲུན་བྱེད་རྒྱུ་མིན་པ་དང་།

                                                                 སྒྲུབ་གྲྭ་བ་རྣམས།
དེ་ཡང་ཉིན་རེའི་ཆུ་ཚོད་གཏན་འབེབས་ཀྱིས་གཡུང་དྲུང་བོན་གྱི་དཔེ་མཛོད་ཀྱི་ཉམས་ཞིབ་སྡེ་ཚན་ཁང་དུ་ངེས་ཕེབས་ཀྱིས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་གྱིས་མཛུབ་སྟོན་འོག་གནང་རྒྱུ་ཡིན་པ་བཅས་སོ། སྒྲུབ་གྲྭའི་སྒྲིག་གཞི་ཡང་མི་འགྱངས་པར་གཏན་འབེབས་ཀྱིས་སྒྲུབ་གྲྭ་དབུ་འཛུགས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ།