གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཤེས་རབ་ལྷ་མོ་སྒྲ་དབྱངས་རྒྱལ་མོའི་བསྟོད་པ་རྒྱུད་མངས་དབྱངས་སྙན།

༡ ངག་གི་བདུད་རྩི་འཇོ་བའི་དཔལ། །
དྭངས་གསལ་འོ་མའི་མདངས་འཛིན་ཅན། །
བློ་གྲོས་མིག་གི་གཏེར་གྱུར་ལྷ། །
སྒྲ་དབྱངས་རྒྱལ་མོས་ལན་གཅིག་གསོན། །

༢ རྒྱལ་ཡུམ་ལྷ་མོ་སྒྲ་དབྱངས་མ། །
བདག་མགྲིན་འོ་མཚོའི་དབུས་བཞུཌ་ལ། །
སྙན་ངག་སྡེབ་ལེགས་ཚིག་སྦྱོར་དཔལ། །
མ་ལུས་བདག་ལ་སྩལ་དུ་གསོལ། །

༣ ཉིད་ཀྱི་ཡོན་ཏན་དཔག་དཀའ་བའི། །
ཤིན་ཏུ་བློ་དམན་བདག་འདྲ་བས། །
བསྐལ་བ་མང་དུ་བརྗོད་ན་འང་། །
ཕ་མཐའ་མངོན་པ་ག་ལ་ནུས། །

༤ རྒྱ་མཚོ་ཆེན་པོ་ཧུབ་གཅིག་གིས། །
ཡོངས་སུ་བཏུང་བར་མ་ནུས་ཀྱང་། །
ཁ་གང་སྐོམ་པ་སེལ་བ་བཞིན། །
ཅུང་ཟད་ཙམ་ཞིག་དད་པས་བརྩོན། །

༥ དགའ་བ་རྩ་གསུམ་ལྷ་གནས་ཞིང་། །
རབ་དཀར་ཆུ་གཏེར་ཆེན་པོ་ཡི། །
ངོ་མཚར་འོད་ལྔ་འཁྲིགས་པའི་ཀློང༌། །
ལེགས་འཁྲུངས་ཤེལ་གྱི་ཝུ་བ་ལས། །

༦ རབ་དཀར་ཆུ་སྐྱེས་རྒོད་པའི་ཚལ། །
ཟེའུ་འབྲུ་གེ་སར་འབུམ་ལྡན་དབུས། །
ཐབས་ཤེས་དབྱེར་མེད་མཚོན་པའི་ཟླ། །
གསལ་བྱེད་ཉི་ཟླའི་གདན་སྟེང་དུ།།

༧ རྒྱལ་ཡུམ་ཨེར་སངས་ལྷ་མོ་ཡི། །
རྫུ་འཕྲུལ་གསུང་གི་རོལ་གར་ལས། །
ཧྲི་ཡིག་ལས་བྱུང་བསྐྱེད་པའི་ཡུམ། །
ཤེས་རབ་ལྷ་མོ་སྒྲ་དབྱངས་རྒྱལ། །

༨ སྐུ་མཆོག་གངས་དཀར་ལྷུན་པོ་ལ། །
ཟླ་རྒྱས་འབུམ་ཕྲག་འཕྲོས་པའི་མདངས། །
བལྟ་བས་མི་ངོམས་མཚན་དཔེའི་རྟགས། །
མངོན་རྫོགས་ལྷ་མོ་སྒྲ་དབྱངས་རྒྱལ། །

༩ ཉ་གང་ཟླ་འདྲའི་འཛུམ་ཞལ་ལ། །
ཨུཏྤལ་མཐིང་གའི་དཔལ་འཕྲོག་པའི། །
གནམ་རུའི་དབྱིབས་ལྡན་སྤྱན་དཀྱུས་ཀྱི། །
སྨིན་འཁྱོག་བུང་བས་འཕུར་ལྡིང་རྩེན། །

༡༠ གནག་ཅིང་སྣུམ་པའི་ཐོར་ཅོག་དང་། །
དབུ་སྐྲ་ལན་བུའི་འདབ་ཕྲེང་ལ། །
ཁྲ་ཚོམ་མེ་ཏོག་ཕྲེང་རྒྱན་ནི། །
དར་གྱི་ཐག་པ་སྒྲིལ་དང་མཚུངས། །

༡༡ ཅུང་ཞིག་དམར་ལ་སུལ་ཆགས་པའི། །
མཆུ་སྒྲོས་མདངས་མཛེས་མེ་ཏོག་དབུས། །
རབ་དཀར་ཚེམས་ཕྲེང་སུམ་བཅུ་ནི། །
མུ་ཏིག་ཕྲེང་ལྟར་རབ་ཏུ་མཛེས།།

༡༢ སྲབ་ཅིང་རིང་ལ་དར་དཀར་གྱི། །
ཡོལ་བའི་ཚུལ་འཛིན་སྙན་ཤལ་ལ། །
རིན་ཆེན་སྙན་ཆས་རབ་རྒྱན་པས། །
ཉི་ཟླའི་རྣ་ལོང་དག་དང་མཚུངས། །

༡༣ ཤངས་རྒྱུད་མཉམ་ཞིང་ལྟ་ན་སྡུག །
དབྱིབས་ལེཌ་ཤངས་ཀྱི་གཟེངས་མཐོ་བས།
རི་དབང་ལྷུན་པོའི་རྒྱུད་ལས་ཀྱང་། །
གཡས་འཁྱིལ་དབྱིབས་ཀྱི་མཛེས་པ་ཟུམ། །

༡༤ ཤིན་ཏུ་དཀར་ལ་ལེགས་མཉམ་པའི། །
ཚེམས་ཕྲེང་བཞི་བཅུ་མངའ་བ་ཡི། །
ཚེམས་ཐགས་བཟང་བའི་མཚན་བཟང་ནི། །
གངས་རིའི་ཕྲེང་ལྟར་རབ་ཏུ་དཀར། །

༡༥ པདྨོའི་འདབ་མ་དང་འགྲན་པའི། །
བཞིན་བཟང་མདངས་ལྡན་མཁུར་ཚོས་ལ། །
འོད་རྣོན་ཅུང་ཙམ་འཕྲོས་པ་ཡིས། །
འཇིག་རྟེན་སྐྱེ་དགུའི་ཡིད་ཀྱང་འགུགས། །

༡༦ སྲབ་ཅིང་མཉེན་ལ་ཅུང་དམར་བའི། །
ལྗགས་ཡངས་པདྨ་མོའི་དགའ་ཚལ་དུ། །
རིག་གནས་སྦྲང་རྩིའི་ཟེགས་མ་ལ། །
བུང་བས་གླུ་དབྱངས་ལེན་འདི་མཛེས། །

༡༧ རབ་ཡངས་བྲང་ལ་འོ་འཛིན་ནི། །
ཅུང་ཞིག་འབུར་ལ་རབ་རྒྱས་པའི། །
མཛེས་ལ་པད་མོའི་སྙིང་པོ་བཞིན། །
འདོད་པའི་གདུང་བ་ཡོངས་སུ་འཇོམས། །

༡༨ ཅུང་ཞིག་དམར་ལ་མདངས་ཆགས་པ། །
མཛེས་ལེགས་ཞབས་ཀྱི་སེན་མོ་ལ། །
འོད་ཀྱི་ཟེར་མ་འགྱེད་པའི་ཚེ། །
པད་མོའི་ཚོགས་རྣམས་ངལ་བར་བྱས། །

༡༩ ཡངས་ཞིང་རྒྱས་པའི་སྐུ་སྟོད་ནས། །
ལེགས་པར་མཉམ་པའི་དཔྱི་ཡི་བར། །
བདེ་ཞིང་ལྡེམ་པའི་སྐུ་སྐད་ལ། །
འཇམ་མཉེན་དར་གྱི་དཔྱངས་དང་མཚུངས། །

༢༠ མགྲིན་པ་རབ་ཡངས་པད་མོའི་ཚལ། །
བརྒྱད་ཁྲིའི་བོན་ཀྱི་དབྱངས་སྙན་པོའི། །
དྲི་ཟའི་མགྲིན་གླུ་འགྲོགས་པའི་སྒྲས། །
འགྲོ་ཀུན་མ་རིག་གཉིད་ལས་བསླངས། །

༢༡ དུང་གི་འཁྲི་ཤིང་གཡོ་འདྲ་བའི། །
མཉེན་ལྕུག་མཛེས་པའི་ཕྱག་ཟུང་གིས། །
དྲི་ཟའི་རྒྱུད་མངས་བསྒྲེངས་པ་ལས། །
བརྒྱད་ཁྲིའི་བོན་དབྱངས་སྙན་པོ་སྒྲོགས། །

༢༢ ཚོགས་གཉིས་བཟོ་བོས་ལེགས་སྐྲུན་པའི། །
མཛེས་བརྗིད་སྐུ་ལ་རིན་ཆེན་བརྒྱན། །
ལྷ་རྫས་ན་བཟའ་བཀླུབས་པ་ན། །
མཛེས་པའི་དཔེ་ཟླ་སྲིད་ན་དཀོན། །

༢༣ དབུ་རྒྱན་སྙན་ཆ་མགུལ་ཆུ་དང་། །
དོ་ཤལ་དཔུང་རྒྱན་ཕྱག་ཞབས་གདུབ། །
སོར་གདུབ་ལ་སོགས་སྐུའི་རྒྱན་ཆ། །
སྣ་ཚོགས་རིན་ཆེན་དུ་མས་བརྒྱན། །

༢༤ སྟོད་གཡོགས་སྨད་ཤམ་ལ་སོགས་པ། །
ཟ་འོག་སྣ་ལྔའི་ན་བཟའ་ནི། །
དབང་གཞུ་ཇི་བཞིན་མངོན་པར་བཀྲ། །
མཛེས་སྡུག་མིག་གི་དགའ་སྟོན་སྦྱིན། །

༢༥ ཕྱག་མཚན་རྒྱུད་མངས་སྒྲ་སྙན་ལ། །
ཚངས་དབྱངས་དྲུག་ཅུས་རབ་སྤྲས་པའི། །
སྙན་འཇེབས་འབུམ་གྱི་བོན་སྒྲ་ཡིས། །
འགྲོ་ཀུན་ངག་གི་དབང་པོ་འབྱེད།

༢༦ དགྱེས་འཛུམ་ཡངས་པའི་སྨྲ་སྒོ་ནས། །
ལེགས་བཤད་སྦྲང་རྩི་འཇོ་བ་ལས། །
རིག་གཞུང་གནས་ལ་མོས་པ་ཡི། །
བློ་གསལ་རྐང་དྲུག་དག་གི་གྲོགས། །

༢༧ མཛེས་ལེགས་ཡིད་དུ་འོང་བ་ཡི། །
བདེ་མྱུར་གར་གྱི་སྟངས་སྟབས་ཀྱིས། །
ཡིད་ཀྱི་བརྟན་པ་འཕྲོག་པ་ལ། །
ཁྱོད་ལས་གཞན་པ་སུ་ཞིག་མཆིས། །

༢༨ ཚོགས་གཉིས་ལས་བྱུང་རིན་ཆེན་སྐུའི། །
རྨད་བྱུང་ཡོན་ཏན་འོད་བརྒྱའི་མདངས། །
སྐལ་ལྡན་དག་ལ་འཕྲོས་པ་ནས། །
དེ་ཕྱིར་བསྟོད་བསྔགས་སྒྲོགས་ལ་བྲེལ། །

༢༩ མཚོ་བྱུང་བདག་མགྲིན་དབུས་རྩེན་ནས། །
མཁས་རྒུའི་སྙན་དབང་སྒྲུབ་བྱེད་པའི། །
ཉམས་བརྒྱ་རྫོགས་པའི་སྙན་ངག་གི །
རྩོམ་སྒོ་ཕྱེ་དང་སྒྲ་དབྱངས་མ། །

༣༠ རྒྱལ་གསུང་ལེགས་བཤད་གྲུ་ཆར་ནི། །
ཁྱེད་ཐུགས་དབྱིག་འཛིན་ཡོལ་གོར་འབབ། །
གང་གསུང་ཁ་འབབ་རྣམ་བཞིའི་རྒྱུན། །
བདག་སེམས་གཏམས་མཛོད་སྒྲ་དབྱངས་མ། །

༣༡ འཆད་པས་དཀའ་གནད་དཀྲོལ་བའི་རྩལ། །
རྩོད་པས་ལོག་རྟོགས་འཇོམ་པའི་དབལ། །
རྩོམ་པ་ལུང་རིག་གོ་ཁྲབ་ཅན། །
བྱིན་གྱིས་རློབས་ཤིག་སྒྲ་དབྱངས་མ། །

༣༢ ཐུགས་དབྱིངས་ལྷ་ཡི་རྫིང་རིང་ལས། །
ཐུགས་རྗེའི་ཆུ་འཛིན་རབ་གཏིབས་ནས། །
ཐུགས་བཅུད་བྱིན་རླབས་གྲུ་ཆར་གྱིས། །
མ་རིག་གསལ་མཛོད་སྒྲ་དབྱངས་མ། །

༣༣ ཤེས་བྱའི་རྒྱ་མཚོ་ཆེན་པོ་རུ། །
ཤེས་རབ་རྩལ་གྱི་བགྲོད་ནུས་པའི། །
ཤེས་འཇོན་ཟླ་དང་བྲལ་བ་ཡིས། །
སྤོབས་པ་སྩོལ་ཅིག་སྒྲ་དབྱངས་མ། །

༣༤ རྣམ་མང་རིག་གཞུང་གོ་ལའི་རྩེར། །
རྣམ་དཔྱོད་གོམ་པས་ཡོངས་བགྲོད་ནས། །
རྣམ་ཀུན་ཕྱོགས་ལས་རྒྱལ་བའི་དར། །
སྲིད་རྩེར་སྒྲེངས་ཤིག་སྒྲ་དབྱངས་མ། །

༣༤ སྒྲིབ་གཉིས་མ་ལུས་དཔྱིས་འབྱིན་ཞིང་། །
ལྷུན་གྲུབ་ཟུང་འཇུག་ཐུགས་སུ་ཆུད། །
མཁྱེན་གཉིས་ཡེ་ཤེས་བརྩེ་བརྙེས་ཏེ། །
ཉོན་མོངས་གཞོམ་ཞིག་སྒྲ་དབྱངས་མ། །

༣༥ ལུང་རིགས་སྨྲ་བའི་མཚོན་ཆ་ཡིས། །
ལོག་རྟོག་འཇོམ་པར་བྱེད་པའི་སྟོབས། །
རིག་ལམ་ཚད་མའི་རྣམ་དཔྱོད་རྣམས། །
མ་ལུས་སྩོལ་ཅིག་སྒྲ་དབྱངས་མ། །

༣༦ རྣམ་འདྲེན་རྒྱལ་བའི་དགོངས་དོན་བཀའ། །
མ་ནོར་ཞང་བོད་གྲུབ་བརྒྱའི་ལུང་། །
གསལ་བྱེད་བྲུ་ཞུ་སྤ་རྨེའུའི་ལུཌ། །
ཡོངས་སུ་ཁྲོལ་མཛོད་སྒྲ་དབྱངས་མ། །

༣༧ སྐྱེ་དགུའི་རེ་བ་སྐོང་བའི་ནོར། །
ལེགས་བཤད་འདུས་པའི་ཆུ་གཏེར་ཆེ། །
གཡས་རུའི་མཁས་པའི་ཐུགས་བཅུད་ཀྱིས། །
བདག་རྒྱུད་སྨིན་ཅིག་སྒྲ་དབྱངས་མ། །

༣༨ སྐོམ་པས་ཆུ་ལ་གདུང་བ་དང་། །
བུ་ཕྲུག་མ་ཕྱིར་འབྲང་བ་བཞིན། །
བདག་ཡིད་ཁྱོད་ལ་ཕྱོགས་ལགས་པས། །
བྱིན་གྱིས་རློབས་ཤིག་སྒྲ་དབྱངས་མ། །

༣༩ གཞུང་ལུཌ་རྒྱ་མཚོར་སྒྲོལ་འདོད་ཀྱང་། །
ལུང་རིག་གཤོག་རྩལ་དང་བྲལ་བའི། །
རྣམ་དཔྱོད་གོམ་པ་འཁྱོར་བ་བདག །
རྗེས་སུ་ཟུངས་ཤིག་སྒྲ་དབྱངས་མ། །

༤༠ ཤེས་རབ་ཟབ་མོའི་གོམ་སྟབས་ཀྱིས། །
འཁོར་བའི་ལམ་ངན་ཀུན་དོར་ནས། །
སྐུ་བཞིའི་ཁྲི་འཕང་མཐོན་པོའི་རྩེར། །
མཆོག་གི་དངོས་གྲུབ་སྩོལ་ཅིག་གུ། །

༤༡ བདག་སོགས་འདི་ནས་ཚེ་རབས་ཀུན། །
ཁྱེད་ཀྱི་ཐུགས་བརྩེས་ཉེར་གཟིགས་ནས། །
ཚངས་པའི་གསུང་དབྱངས་དྲུག་ཅུ་དང་། །
མཁྱེན་པའི་ཡེ་ཤེས་བརྒྱད་ཁྲི་སྩོལ། །

༤༢ ཚེ་རབས་ཀུན་དུ་སྒྲ་དབྱངས་མས། །
བོན་དང་འཇིག་རྟེན་བྱ་བ་གང་། །
སྨྲ་བསམ་གཉིས་ལ་དབང་ཐོབ་ནས། །
བསྟན་འགྲོར་ཕན་པའི་དཔལ་དུ་ཤོག །

༤༣ བསྟོད་པའི་དབྱངས་སྡེབ་ལེཌ་སྙན་དཔལ། །
རྒྱུད་མངས་སྒྲ་དང་འགྲོགས་ནས་སུ། །
སོར་རྩེས་སྐུལ་བའི་བྱེད་པ་པོ། །
ཤེས་རབ་རྩལ་དུ་འབོད་པ་དེས། །

༤༤ གངས་རིའི་ཕྲེང་བ་སྐོར་བའི་ཞིང་། །
ཉི་འོད་ལམ་ལམ་ཤར་བའི་ས། །
ཁ་རླུང་ལྷང་ལྷང་རྒྱུ་བའི་གནས། །
གསེར་ལྡན་ས་ཡི་ཐིག་ལེ་རུ། །

༤༥ སྒྱུར་བྱེད་ཞེས་པའི་ས་ཕག་ལོར། །
དཔྱིད་ཐ་ས་ཟླའི་གནམ་སྟོང་ལ། །
དབུས་ཀྱི་ཉི་མ་ལྷ་ས་རུ། །
དྭངས་པའི་དད་པས་སྦྱར་བ་དགེ །
ཞེས་ལྷ་མོ་སྒྲ་དབྱངས་རྒྱལ་མོ་ལ་བསྟོད་པ་རྒྱུད་མངས་སྒྲ་དབྱངས་ཞེས་བྱ་བ་ཚེག་བར་དགུ་ལ་ཤད་བར་གཅིག་དང་། ཤད་བར་བཞི་ལ་ཤོ་ལོ་ཀ་གཅིག་ཏུ་བརྩིས་པས་ཐེག་པ་བཞི་བཅུ་རྩ་ལྔའི་གྲངས་ལྡན་ཤོ་ལོ་ཀ་བཞི་བཅུ་རྩ་ལྔ་འདི་ནི་སྙན་ངག་སྨྲ་བ་ཤེས་རབ་རྩལ་ལམ་ཚངས་སྲས་ཟླ་བའི་འཛུམ་ཟེར་དུ་འབོད་པ་དེས་བྲིས་པ་དགེའོ།