གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་སྨན་རིའི་གླིང་གི་བོད་ལྕགས་གླང་ལོའི་ལོ་ཕྱེད་ཡིག་རྒྱུགས་གཏོང་འགོ་ཚུགས་པའི་གནས་བསྡུས།

དཔལ་གཤེན་བསྟན་སྨན་རིའི་གླིང་གི་འཆར་ཅན་ལྟར་གྱི་ལོ་ཕྱེད་ཡིག་རྒྱུགས་བོད་ཟླ་༥ཚེས་༣༠དང་བོད་ཟླ་༦ཚེས་༡ བཅས་འཆར་ཅན་ལྟར་གཏན་འཁེལ་བྱས་ཡོད་ཀྱང་།

ད་ལོར་༧ཡོངས་འཛིན་སྨྲ་བའི་དབང་བོ་མཆོག་གི་སྐུའི་སྙུངས་གཞི་མ་དྭངས་པའི་རྐྱེན་པས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས་བཤད་སྒྲུབ་མཁན་སློབ་རྣམ་གཉིས་བཅས་བལ་ཡུལ་དུ་རིན་པོ་ཆེར་སྙུན་འདྲི་དང་བརྟན་བཞུགས་ཕུལ་དུ་ཕེབས་དགོས་རྐྱེན་ཟླ་ཕྱེད་ཡིག་རྒྱུགས་ཕྱིར་འཐེན་གྱིས་དེ་རིང་སྟེ།

བོད་ཟླ་༦ཚེས་༡༢དང་། ཕྱི་ཟླ་༧ཚེས་༢༡ཉིན་དངོས་སུ་ཡིག་རྒྱུགས་དབུ་འཛུགས་གནང་ཡོད་ཅིང་།   རྒྱུགས་ར་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆད་ར་ཐོས་བསམ་དགའ་ཚལ་གླིང་དུ་གྲ་སྒྲིག་སྔོན་ཚུད་བྱས་ནས་ཡིག་རྒྱུགས་བཏངས་ཡོད་པ་རེད། དེ་ཡང་ཡིག་རྒྱུགས་གཏོང་ཕྱོགས་ཐད་སྨན་རིའི་དཔལ་ལྡན་བླ་སྤྱི་དབུས་སྨན་རིའི་དགེ་བཤེས་དག་གིས་ཐུགས་འགན་འཁུར་ཡོད་པ་དང་། 

དེ་ཡང་ཡིག་རྒྱུགས་གསལ་བསྒྲགས་སྔོན་སོང་གཞིར་བཟུང་ཐོག འཛིན་གྲྭ་ཆེ་འབྲིང་ཆུང་གསུམ་མཉམ་བསྲེས་བྱས་ནས་བཞུགས་གྲལ་དུ་འཁོད་དགོས་པ་དང་།

དེ་ཡང་ཡིག་རྒྱུགས་སུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བཤད་གྲྭ་བ་ཡོངས་དང་། བཙུན་དགོན་རད་ན་སྨན་གླིང་གི་བཤད་གྲྭའི་བཙུན་མ་ཡོངས། དེ་མིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་གཞི་རིམ་འཛིན་གྲྭ་བཅས་འཛུལ་རྒྱུགས་སུ་ཞུགས་ཡོད་པ་རེད། དེ་ཡང་རྒྱུགས་རར་པང་ཤིང་དང་སྨྱུ་གུ་མ་གཏོགས་ཤོག་འཛར་རིགས་སོགས་འཁྱེར་མི་ཆོག་པ་དང་།

རྒྱུགས་རར་འཛུལ་སྐབས་སློབ་གཉེར་རེ་རེ་ལུས་ལ་ཞིབ་བཤེར་གྱིས་འཛུལ་དགོས་པ་ཡིན་ལ། རྒྱུགས་རར་སླེབས་རྗེས་ཐེངས་འདིའི་ཡིག་རྒྱུགས་ཆེད་སྤྱོད་ཤོག་བུ་འགྲེམ་སྤེལ་གྱིས་ཁ་ཁུ་སིམ་པའི་ངང་དྲི་ཤོག་དག་ལ་ལན་འབུལ་ཞུ་དགོས་པ་ལས་གཏམ་ཤབ་ཤུབ་སོགས་གཏན་ནས་བཤད་མི་ཆོག་པའི་ཡིག་རྒྱུགས་སྒྲིག་གཞི་གཞིར་བཟུང་ཐོག་བཏངས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

པར་པ། དགེ་བཤེས་སྐལ་བཟང་ཕུན་ཚོགས།