གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་དང་པོའི་སྒྲུབ་གྲྭ་པ་རྣམས་ཀྱིས་སྔོན་འགྲོ་འབུམ་དགུ་བསགས་སྦྱངས་གྲུབ་པ།

དེ་ཡང་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་༧སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་གི་ལམ་སྟོན་དང་ཐུགས་བཀོད་འོག་སྨན་རིའི་གླིང་ནས་བསླབ་པ་འཆད་ཉན་ཐོན་རྗེས། དངོས་གཞིའི་ཉམས་ལེན་གྱི་སྡེ་གལ་གནད་དུ་གཟིགས་ནས་འདི་ལོའི་ཕྱི་ཟླ་༤སྤྱི་ཚེས་༡༥ཉིན་ཚོགས་འདུ་སྐོང་ཚོགས་བརྒྱུད་སྒྲུབ་གྲྭ་བའི་བཅའ་ཁྲིམས་གཏན་ལ་བབས་ཤིང་། བོད་ཟླ་༣པའི་ཚེས་༡༩ཉིན་སྒྲུབ་གྲྭ་རྣམ་པས་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་དབུ་འཛུགས་གནང་ནས།

བོད་ཟླ་༦ཚེས་༣༠ཉིན་ཞག་བརྒྱའི་ནང་སྔོན་འགྲོ་འབུམ་དགུ་ཆ་ཚང་གནས་གཅིག་དང་གདན་གཅིག་གི་ཐོག་ཏུ་བསགས་གྲུབ་བྱུང་རྗེས། གཏིང་རག་ཏུ་མཉམ་མེད་བླ་མ་ཆེན་མོའི་ཚོགས་འཁོར་རྒྱས་འབུལ་བྱས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

སྔོན་འགྲོ་འབུམ་དགུའི་ངོ་སྤྲོད་གནད་བསྡུས།

དེ་ཡང་བོན་རང་ལུགས་ཀྱི་གཞུང་སོགས་ན་“སྔོན་འགྲོ་འབུམ་དགུ་བསགས་སྦྱོང་ངེས་པར་དུ་བྱེད་དགོས་”པར་གསུངས་ཡོད་པ་དང་། དེ་ལྟར་གསོག་དགོས་པའི་རྒྱུ་མཚན་དང་། མ་བསགས་པའི་སྐྱོན་སོགས་ཀྱང་མཐའ་ཡས་པ་གསུངས་ཡོད། དེ་མིན་བོན་ཐམས་ཅད་ཀྱི་འཇུག་སྒོ་ཐོག་མ་ཡང་སྔོན་འགྲོ་བསགས་སྦྱོང་དགོས་པ་བཅས་ནི་མངོན་མཐོ་དང་ངེས་ལེགས་ཀྱི་ཆོ་ག་དོན་གཉེར་ཅན་རྣམས་ཀྱི་ལག་ལེན་མེད་དུ་མི་རུང་བ་ཞིག་དང་། ཐོག་མའི་ཉེར་བསྡོགས་གལ་ཆེན་ཞིག་ཡིན་པ་བཅས་ནི་སྨོས་མ་དགོས་སོགས་ནི་ཚང་མས་མཁྱེན་གསལ་ལྟར། “སྔོན་འགྲོ་འབུམ་དགུ་བསགས་སྦྱོང་ངེས་པར་དུ་བྱེད་དགོས་པ་དང་། དེ་ལྟར་གསོག་དགོས་པའི་རྒྱུ་མཚན་དང་། མ་བསགས་པའི་སྐྱོན་”སོགས་ལས་འཕྲོས་ཏེ་རིམ་པ་བཞིན་དུ་དང་པོ་སྔོན་འགྲོ་འབུམ་དགུ་ཞེས་པའི་གོ་དོན་དང་། དེའི་རྣམ་གྲངས་དང་གོ་རིམ་ཙམ་ཞུས་ན།


 
༡༽ སྔོན་འགྲོ་འབུམ་དགུ་ཞེས་པའི་གོ་དོན།
སྤྱིར་གྲགས་ལྟར་སྔོན་འགྲོ་དང་། ཉེར་བསྡོགས་དང་། སྟ་གོན་དང་། གྲ་སྒྲིག་བཅས་ནི་དོན་གཅིག་ལ་མིང་གི་རྣམ་གྲངས་ཙམ་ཡིན་པ་ལྟར། “སྔོན་འགྲོ་འབུམ་དགུ་”ཞེས་པའི་ཟུར་གྱི་“སྔོན་འགྲོ་”ཞེས་པ་དེ་ཡང་དེ་དག་དོན་གཅིག་ཏུ་འདོད་ལ། དེ་ཡང་འདིར་“སྔོན་འགྲོ་”ཞེས་པ་ནི་བོན་ཐམས་ཅད་ལ་འཇུག་པའི་སྔོན་དུ་འགྲོ་དགོས་པའི་གདམས་པའམ་ཐབས་ལམ་སོགས་ལ་ཟེར་གྱི་ཡོད་དེ། ཟབ་མོའི་གདམས་པ་ཐམས་ཅད་ཀྱི་སྔོན་འགྲོ། ཐར་པ་དང་བྱང་ཆུབ་ལ་འཇུག་པའི་སྔོན་འགྲོ་ལྟ་བུ་ཡིན་པས་ན་དེ་ལྟར་དུ་གསུངས་ཏེ། རྨེའུ་སྟོན་དགོངས་མཛོད་རི་ཁྲོད་ཆེན་པོས་མཛད་པའི་མན་ངག་ཁྲིད་ཀྱི་ལག་ལེན་ཐུན་མཚམས་ལས། “རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་སྔོན་འགྲོའི་གདམས་པ་ལ་བཞི་སྟེ། ཞེན་པ་ཟློག་པའི་ཐབས་སུ་མི་རྟག་སྒོམ་པ་དང་། ལམ་སྒོ་དབྱེ་བའི་ཐབས་སུ་སྐྱབས་སེམས་ལ་འཇུག་པ་དང་། ཚོགས་གཉིས་རྫོགས་པའི་ཐབས་སུ་མཎྜལ་འབུལ་བ་དང་། བྱིན་རླབས་འཇུག་པའི་ཐབས་སུ་གསོལ་བ་འདེབས་པའོ།” ཞེས་གསུངས་ཡོད་པ་ལྟར། རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་སྔོན་འགྲོ་ལྟ་བུ་དང་། ཡང་སྙན་རྒྱུད་སོགས་ན་སྔོན་འགྲོ་ནི་རང་རྒྱུད་དག་པར་སྦྱོང་བྱེད་ཡིན་ཀྱང་གསུངས་ཡོད་པ་ལྟར་རོ།
དེ་བཞིན་འདིར་སྐབས་“འབུམ་དགུ་”ཞེས་པའི་གོ་དོན་ཡང་འབུམ་གནས་དགུ་ལ་གོ་ཡི་ཡོད་པ་དང་དེ་དག་གི་གྲངས་འཆད་འགྱུར་གྱི་སྐབས་སུ་ཞུ་རྒྱུ་ཡིན། གཞན་ཡང་བླ་མ་དང་མཁས་གྲུབ་དམ་པ་རང་རང་གིས་དགོངས་བཞེད་ལྟར་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་སྔོན་འགྲོའི་གདམས་པ་ལ་གྲངས་ཀྱི་ཆ་ནས་འདོད་ཚུལ་མི་མཐུན་པ་མང་པོ་ཞིག་ཡོད་མོད། དེ་ནི་ཁོ་བོས་གདུལ་བྱའི་བློ་དང་དབང་པོའི་ཁྱད་པར་ཙམ་ལ་དགོངས་པ་ཡིན་པར་སེམས།
 

༢༽ སྔོན་འགྲོའི་རྣམ་གྲངས་དང་གོ་རིམ།
དེ་ཡང་མན་ངག་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་སྔོན་འགྲོའི་བསགས་སྦྱང་སྐོར་གྱི་སྒོམ་རིམ་ཐར་ལམ་མྱུར་བགྲོད་ལས། “དེ་ལྟར་སེམས་བསྐྱེད་དང་། སྐྱབས་འགྲོ། ཡིག་བརྒྱ་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར། ཕྱག་དང་དྲུག་པོ་དེ་དག་རིམ་གྱི་བསག་ན་རེ་རེ་བཞིན་འབུམ་ཕྲག་རེ་འགྲོ་ངེས་བྱ་དགོས་ཤིང་། གཅིག་ཅར་དུ་བསག་ན་ཉིན་རེ་བཞིན། སེམས་བསྐྱེད་སྟོང་ཕྲག སྐྱབས་འགྲོ་སྟོང་ཕྲག ཡིག་བརྒྱ་སྟོང་ཕྲག མཎྜལ་སྟོང་ཕྲག བླ་མའི་རྣལ་འབྱོར་སྟོང་ཕྲག ཕྱག་སྟོང་ཕྲག་རེ་བསགས་པས། ཞག་བརྒྱ་ལ་འབུམ་ཕྲག་རྫོགས་པར་ཡིན་ཞིང་། གང་ལྟར་ན་ཡང་སྦྱོར་བ་སེམས་བསྐྱེད་དང་སྐྱབས་འགྲོའི་གཞི་ལེགས་པར་བཟུང་ནས། དངོས་གཞི་བསགས་སྦྱོང་སོགས་གང་ཡིན་པ་དེའི་གྲངས་བསག་ཅིང་། རྗེས་བསྔོ་སྨོན་གྱིས་ཟིན་པར་བྱས་པ་སོགས་ཐུན་རེ་ལ་ཡང་ཚང་པར་བྱ་དགོས། དེ་རྗེས་ཀུན་བཟང་ཨ་སྐོར་དང་མ་ཏྲིའི་ཆོ་ག་རིན་ཆེན་སྒྲོན་མ། སྒྲིབ་སྦྱོང་གང་རུང་ཞིག་དང་གསུམ་གྱི་སྒོ་རུ་ཞུགས་ནས། སྐུ་གསུམ་གྱི་བསྙེན་པ་སལེ་འོད། མ་ཏྲི། དུ་ཏྲི་སུ་དང་གསུམ་པོར་འབུམ་ཕྲག་རེ་རྫོགས་པར་མཛད་ན། སྔོན་འགྲོ་འབུམ་དགུ་རྫོགས་དགོས་པ་ཡིན་ནོ།”ཞེས་གསུངས་ཡོད།
 
སྤྱིར་སྔོན་འགྲོའི་རྣམ་གྲངས་ཀྱི་ཆ་ནས་ཀྱང་འབུམ་བཞི་དང་། འབུམ་ལྔ་དང་། འབུམ་བདུན། འབུམ་དགུ་བཅས་བསགས་ལུགས་འདྲ་མིན་ཡོད་པ་གོང་ཞུས་བཞིན་འདས་མ་ད་གསུམ་གྱི་མཁས་གྲུབ་རྣམས་ཀྱི་དགོངས་ཚུལ་མ་མཐུན་ཡོད་པ་ལྟར་རེད། གྲངས་ཀྱི་འདྲེན་ཚུལ་ལ་ཡང་འདོད་ཚུལ་འགའ་ཞིག་མཐོང་མྱོང་མོད་ཡོངས་གྲགས་ལྟ་བུ་ལ། ༡༽སེམས་བསྐྱེད། ༢༽སྐྱབས་འགྲོ། ༣༽ཕྱག ༤༽སལེ་འོད། ༥༽དུ་ཏྲི་སུ། ༦༽མ་ཏྲི། ༧༽ཡིག་བརྒྱ། ༨༽མཎྜལ། ༩༽བླ་མའི་རྣལ་འབྱོར་དང་དགུ་ལ་འདོད་འབུམ་དགུ་ཞེས་ཐ་སྙད་འདོགས་བཞིན་ཡོད་པ་འདྲ།
ཡང་ཁག་གཅིག་གིས་ཡིག་བརྒྱའི་དོད་ལ་སྤྱི་རྒྱུགས་ཨ་གསལ་ལྟར་གྱི་བཤགས་པ་གྲངས་སུ་བརྩི་བཞིན་ཡོད་པ་ཡང་མཐོང་། དེ་མིན་འབུམ་བཞི་བགྲང་མཁན་རྣམས་ཀྱིས་སྐྱབས་སེམས་གཉིས་གཅིག་ཏུ་བརྩི་བཞིན་ཡོད་པ་སོགས་ནི་མཁས་པའི་གདུལ་བྱའི་བློར་བསྟུན་གྱི་དགོངས་ཚུལ་ཙམ་མིན་ནམ་སྙམ།
 འབུམ་དགུའི་གོ་རིམ་ནི།
སྐྱབས་འགྲོ་འབུམ་གཅིག ཕྱག་འབུམ་གཅིག སེམས་བསྐྱེད་འབུམ་གཅིག ཡིག་བརྒྱ་འབུམ་གཅིག སྙིང་པོ་རྣམ་གསུམ་འབུམ་ནི། མ་ཏྲི་འབུམ་གཅིག དུ་ཏྲི་སུ་འབུམ་གཅིག ས་ལེ་འོད་འབུམ་གཅིག མཎྜལ་འབུམ་གཅིག བླ་མའི་གསོལ་འདེབས་འབུམ་གཅིག་བཅས་ལ་འབུམ་དགུ་ཞེས་བརྗོད་ཀྱི་ཡོད་པ་བཅས་སོ།།