གཡུང་དྲུང་བོན་གྱི་དྲྭ་རྒྱ།

དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་མི་ལོ་ཧྲིལ་བོ་༤འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།

དེ་ཡང་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༨ཚེས་༣༠།༣༡བོད་ཟླ་༧པའི་ཚེས་༢༣།༢༤བཅས་ཉིན་གཉིས་རིང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་ཞིང་གཤེགས་དམ་པ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་མོ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་མི་ལོ་ཧྲིལ་བོ་༤འཁོར་བའི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་བྱས་ཡོད་ཅིང་།

དེ་ཡང་བཀའ་དྲིན་བཞི་རྫོགས་ཀྱི་བླ་མ་དམ་པ། འགྲོ་བའི་མགོན་པོ་སེམས་དཔའ་ཆེན་པོ། གཡུང་དྲུང་བོན་གྱི་བསྟན་པ་ཉིན་མོར་བྱེད་པའི་དེད་དཔོན། དཀའ་སྡུག་ཉེན་འཕྲང་གང་གི་མཚམས་སུའང་བསྟན་པ་སྲོག་ཏུ་བཟུང་ཞིང་། བསྟན་དོན་གོས་སུ་མནབས་ནས། བོན་གཞིས་སུ་དཔལ་གཤེན་བསྟན་སྨན་རི་གླིང་གི་དགོན་སྡེ་གསར་བཞེངས་གནང་ནས་རྒྱལ་བ་སྨན་རི་བའི་རིང་ལུགས་མདོ་སྔགས་ཟུང་འབྲེལ་གྱི་ཕྱག་ལེན་རྗེ་མཉམ་མེད་ཆེན་པོའི་བཅའ་ཡིག་ལྟར་འཛིན་སྐྱོང་གནང་ཞིང་། བོད་ཕྱི་ནང་བོན་བསྟན་ཀུན་གྱི་དབུ་འཛིན་གྱི་འགན་འཁྲི་སྙོམས་ལས་སུ་མ་བཏངས་པར་དགེ་བཤེས་བརྒྱ་ཕྲག་ལྷག་མདོ་སྔགས་རྫོགས་གསུམ་གཞུང་ཆེན་གྱི་ཕྱུག་པར་མཛད་ནས། བོད་ཕྱི་ནང་གཉིས་སུ་བཀའ་མངགས་ཀྱིས་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པའི་དབུ་འཕང་འདེགས་པ་དག་བརྗོད་ལས་འདས།

དེ་རིང་སྟེ་དཔོན་གསས་བླ་མ་དམ་པ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་སྐུ་མི་རྟག་མྱ་ངན་འདས་ཚུལ་བསྟན་ནས་མི་ལོ་ཧྲིལ་བོ་བཞི་འཁོར་བའི་དུས་ཆེན་ཁྱད་པར་ཅན་འཁེལ་ཡོད་ཅིང་། དེ་ཡང་ཉིན་དང་པོའི་ཞོགས་པའི་ཆུ་ཚོད་༥།༣༠ནས་བཟུང་༧སྐྱབས་རྗེ་མཁན་སློབ་གཙོས་དབུ་བཞུགས་ཐོག་འདུས་མང་ཡོངས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་དབུ་ཚུགས་གནང་ཡོད་པ་དང་། ཕྱོགས་བཅུའི་བདེར་གཤེགས་སྟོང་གི་མཚན་བརྗོད་ཅིང་།

ཉིན་གཉིས་པའི་སྔ་དྲོའི་ཆུ་ཚོད་༩།༠༠ཐོག་སྐྱབས་རྗེ་མཁན་སློབ་གཙོས་འདུས་མང་ཡོངས་ནས་༧སྐྱབས་རྗེ་ཞིང་གཤེགས་དམ་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་གླིང་སྐོར་སེར་ཕྲེང་དུ་ཕེབས་ཡོད་ཅིང་།

ཕྱིར་ཚོགས་ཁང་འཆམ་རར་ཕེབས་མཚམས་གཤེན་རབ་མཆོད་རྔ་སྙན་པའི་དབྱངས་ཀྱི་མཆོད་པ་ཕུལ་རྗེས། འདུས་མང་ཡོངས་ཚོགས་ཁང་དུ་ཕེབས་ནས་མཚན་ལྡན་བླ་མ་མཆོད་ཐབས་ཀྱི་ཚིག་བཤད་དང་༧སྐྱབས་རྗེ་ཞིང་གཤེགས་དམ་པའི་གསོལ་འདེབས་དབྱངས་སུ་གྱེར་ཡོད་པ་རེད།

དགོང་མོའི་ཕྱག་ཚོད་༧།༣༠ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དབུས་པའི་བཤད་སྒྲུབ་མཁན་སློབ་བཅས་འདུས་མང་ཡོངས་༧དཔལ་གཤེན་བསྟན་སྨན་རིའི་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་ཕེབས་ནས་རིན་ཆེན་རྫས་ཀྱི་མཆོད་པ་རྣམ་ལྔ་དང་མཎྜལ་སོགས་མཆོད་པ་ཇི་སྙེད་སྤུངས་ཤིང་། མཚན་ལྡན་བླ་མ་མཆོད་ཐབས་ནོར་བུའི་ཕྲེང་བའི་ཚིག་བཤད་དབྱངས་སུ་གྱེར་ནས་སྣང་གསལ་སྒྲོན་མེའི་མཆོད་སྤྲིན་ཕུལ་བ་དང་། མཚན་ལྡན་བླ་མ་མཆོད་ཐབས་ཀྱི་ཚིག་བཤད་དང་༧སྐྱབས་རྗེ་དཔོན་གསས་བླ་མ་དམ་པའི་གསོལ་འདེབས་གྲུབ་རྗེས།

འདུལ་ཁང་དང་སྒྲུབ་ཁང་བླ་བྲང་བཅས་སུ་རིམ་པར་གཤེན་རབ་མཆོད་རྔས་མཆོད་པ་ཕུལ་ནས་འདུས་མང་ཡོངས་༧སྐྱབས་རྗེ་དཔོན་གསས་བླ་མ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་༼གཟིམ་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་༽དུ་བཞེངས་པའི་སྐུ་གདུང་སོགས་ལ་མཇལ་ཁ་གྲུབ་རྗེས་བཀྲ་ཤིས་གསོལ་ཇ་མཆོད་ནས་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།